༄༅།།འཛམ་གླིང་ན་མིང་གྲགས་ཆེ་བའི་སློབ་གསོའི་གཏན་སྲོལ་སྐོར།

ཚེ་རིང་སྒྲོལ་མ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-21



མཚོ་ལྷོ། ཚེ་རིང་སྒྲོལ་མ།

6. ལྷོ་རླུང་ནུས་སྣང་། བྱིས་པའི་རང་རྟོགས་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་དགོས།
        འཇར་མན་གྱི་རྩོམ་པ་པོ་ལ•ཧྥན་ཏན་གྱིས་བྲིས་པའི་གཏམ་རྒྱུད་ཅིག་ཏུ།ལྷོ་རླུང་དང་བྱང་རླུང་གཉིས་ལས་གང་ཞིག་གིས་མི་རྣམས་ཀྱི་རྒྱབ་ཀྱི་ལྭ་བ་ཕུད་ཐུབ་པའི་རྒྱན་བཙུགས་པའི་གཏམ་རྒྱུད་ཅིག་ཡོད།
        བྱང་རླུང་གིས་གྲང་འཁྱག་དང་རླུང་ཤུགས་ལ་བརྟེན་ཏེ། མི་རྣམས་ཀྱི་རྒྱབ་ཀྱི་ལྭ་བ་ཕུད་དགོས་སྙམ་སྟེ་གྲང་ངར་ཤུར་ཤུར་དུ་ལྡང་བས། མི་རྣམས་གྲང་སྟེ་ལྭ་བའི་སྒྲོག་གུ་བསྒྲོགས་ཤིང་ལྭ་བ་ཇེ་མཐུག་ཏུ་གཏོང་བ་ལས་ལྭ་བ་ཕུད་དུ་འཇུག་མ་ཐུབ།ལྷོ་རླུང་དྲོད་འཇམ་ངང་དལ་གྱིས་ལྡང་བས།ཉི་མའི་དྲོད་ལ་གྲོགས་བྱས་ཏེ་མི་རྣམས་ཀྱི་ལུས་དྲོད་རྒྱས་པར་བྱས།སྐབས་དེར་མི་རྣམས་ངར་ཏེ་རང་རྟོགས་ཀྱིས་ཐོག་གི་ལྭ་བ་ཕུད་དེ་ཇེ་སྲབ་ཏུ་བཏང་།དེ་བས་ལྷོ་རླུང་ལ་རྒྱལ་ཁ་ཐོབ།
        ལྷོ་རླུང་ལ་རྒྱལ་ཁ་ཐོབ་དོན་ཅི་ཡིན་ཞེ་ན།རྒྱུ་མཚན་ནི་དེས་མི་རྣམས་ཀྱི་བྱ་སྤྱོད་ནི་རང་རྟོགས་ཀྱིས་བྱེད་པ་ལས་བཙན་མི་ཚུགས་པའི་གནས་ལུགས་རྟོགས་པས་ཡིན།མི་རྣམས་ལ་རང་སྐྱོན་རང་བརྟག་བྱ་རྒྱུའི་བློ་སྒོ་ཕྱེས་པ་དང་།རང་སོ་སོའི་དགོས་མཁོ་བསྐངས་ནས་དམིགས་ཡུལ་འགྲུབ་པར་བྱེད་པའི་བྱེད་སྟངས་དེའི་རིགས་ལའང“ལྷོ་རླུང་ནུས་སྣང”ཞེས་ཟེར།
        གནས་ཚུལ་ལ་རྒྱུས་ལོན་བྱེད་པ་དང་འོས་འཚམ་གྱི་ཐག་གཅོད་བྱེད་ཐབས་འཚོལ་བ་ནི་ཚོང་བའི་འཇིག་རྟེན་གྱི་མཉམ་རྒྱལ་གཏན་སྲོལ་རེད།བྱིས་པའི་ངོས་ཐད་ནས་བལྟས་ན་ཁོའི་ཡོད་ཚད་ནི་ཚོད་ལྟ་དང་འཚར་ལོངས་ཀྱི་དུས་རིམ་ཡིན། དེ་བས་ང་ཚོ་ཕ་མ་དང་དགེ་རྒན་ཚོས་བསྒྲུབ་དགོས་པ་ནི་བྱིས་པའི་ནང་སེམས་ལ་རྒྱུས་ལོན་བྱས་ཏེ།བཟོད་སྒོམ་མང་ཙམ་བྱེད་པ་དང་།སྣེ་ཁྲིད་བྱ་རྒྱུར་དོ་སྣང་ཆེན་པོ་བྱས་ཏེ་ཁོ་ཚོའི་དགོས་མཁོ་སྐོང་རྒྱུ་དེ་ཡིན།དེ་ལྟ་ན་བྱིས་པའི་རང་རྟོགས་ཀྱི་འདུ་ཤེས་གསོ་སྐྱོང་བྱེད་ཐུབ།གལ་ཏེ་ཁྱོད་རང་བྱིས་པ་གང་དེར་མི་དགའ་བའམ་ཡང་ན་ཡིད་ཆེས་མེད་ཚེ།ཁྱོད་ཀྱིས་ཅི་ཞིག་བཤད་ཀྱང་ཚང་མ་སྟོང་བཤད་ཡིན་པ་ལས་བྱིས་པ་དེར་ནུས་པ་ཐོན་པར་མི་འགྱུར་རོ། །

7.རང་བྱུང་ཆད་གཅོད་གཏན་སྲོལ། བྱིས་པར་མཇུག་འབྲས་ཁུར་དུ་ལེན་དགོས་པའི་འདུ་ཤེས་ཆགས་པར་བྱེད་དགོས།
        ཨ་མ་ཞིག་གིས་རང་གི་བུ་ཡོའུ་ཧན་ལ་ཐེངས་མང་པོར་དྲན་སྐུལ་བྱས་མྱོང་ནའང་།ཁོས་རྒྱུན་དུ་སློབ་གྲྭར་འགྲོ་ཁར་བྲོ་ཁ་འཁྱེར་རྒྱུ་བརྗེད་འགྲོ། དེ་འདྲའི་སྐབས་རེ་རེར་ཨ་མ་དེས་རང་གི་བུའི་གྲོད་པ་ལྟོགས་པར་སེམས་ཁྲལ་བྱས་ཏེ་ཐེངས་གང་མང་ལ་ཟ་མ་བསྐྱལ་མྱོང་།ཉིན་ཞིག་ལ།ཨ་མ་དེས་རང་བྱུང་ཆད་གཅོད་གཏན་སྲོལ་གྱི་ནང་དོན་རྟོགས་རྗེས།སྔར་བཞིན་ཡོའུ་ཧན་ལ་ཟ་མ་འཁྱེར་རྒྱུ་བརྗེད་མི་རུང་ཞེས་དྲན་གསོ་བྱས་པ་དང་།ཞོར་དུ་གལ་ཏེ་ཁྱོད་ཀྱིས་བརྗེད་སོང་ན་རང་གི་ཕོ་བ་ལྟོགས་རྒྱུ་ལས་མེད་ཅེས་གསལ་འདེབས་བྱས།ཡོའུ་ཧན་གྱིས་ཡ་ཡ་ཞེས་ཁས་བླངས་མོད་སྔར་བཞིན་ཟ་མ་འཁྱེར་རྒྱུ་བརྗེད་སོང་།
        ཕྱི་དྲོ་དེར་ཡོའུ་ཧན་གྱི་ཕོ་བ་ལྟོགས་ནས་བཟོད་དཀའ་ཡང་ཨ་མས་ཟ་མ་མ་བསྐྱལ།དེ་ནས་བཟུང་ཡོའུ་ཧན་གྱིས་ཟ་མ་མ་འཁྱེར་ན་རང་གི་ཕོ་བ་ལྟོགས་སྲིད་པ་དང་ཟ་མ་མ་འཁྱེར་བའི་མཇུག་འབྲས་ལ་རང་གིས་འགན་འཁུར་དགོས་པ་ལས་ཨ་མས་ཁ་ཡ་མི་བྱེད་པ་ཤེས་སོང་།
        ཧྥ་རན་སིའི་སློབ་གསོ་མཁས་ཅན་ལུའུ་སུའོ་ཡིས་བྱིས་པར་ཆད་པ་ཕོག་པ་ནི་ཁོང་གི་ལས་འཛོལ་ལས་བྱུང་བའི་རང་བྱུང་གི་མཇུག་འབྲས་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱིན་ཡོད། འདི་ལ་རང་བྱུང་ཆད་གཅོད་ཟེར།མི་ཆེ་ཆུང་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་བྱ་སྤྱོད་ལ་རང་ཉིད་ཀྱིས་འགན་འཁུར་དགོས་པའི་གནས་ལུགས་བྱིས་པ་ཚོར་ཤེས་སུ་འཇུག་དགོས།བྱིས་པ་རང་ཉིད་དངོས་སུ་བརྒྱུད་པའི་ཉམས་མྱོང་ནི་སློབ་ཁྲིད་སོགས་ཀྱིས་མི་འཐུས།

8. བརྩི་འཇོག་གཏན་སྲོལ། བྱིས་པའི་བསམ་བློ་བདེ་ཐང་ངང་འཚར་ལོངས་འབྱུང་བ་ལ་བརྩི་མཐོང་མཁོ།
        སློབ་ཁྲིད་སྐབས་སུ། དགེ་རྒན་གྱིས་འགུལ་རིས་འབྲི་མཁན་གྲགས་ཅན་ཞིག་གི་དཔེ་ཆ་བླངས་ཏེ། བྱིས་པ་ཚོར་དཔེ་ཆ་དེའི་ནང་གི་གཏམ་རྒྱུད་བཤད་པ་དང་། ཞོར་དུ་བྱིས་པ་ཚོ་ལའང་གཏམ་རྒྱུད་རེ་བཤད་དུ་བཅུག་ཅིང་དེ་དང་འབྲེལ་བའི་རི་མོ་འབྲི་རུ་བཅུག བྱིས་པ་ཚོའི་གཏམ་རྒྱུད་ནི་གཏམ་རྒྱུད་ཞིག་ཏུ་མི་གྲུབ་པ་དང་།རི་མོའང་ཡག་པོ་ཞིག་འབྲི་མི་ཤེས་ནའང་།དགེ་རྒན་གྱིས་ནན་ཏན་གྱིས་གཏམ་རྒྱུད་དག་ཟིན་བྲིས་སུ་བཏབ་པར་མ་ཟད།ཟིན་བྲིས་སུ་བཏབ་པའི་གཏམ་རྒྱུད་རྣམས་རི་མོ་དང་མཉམ་དུ་བཙེམས་ཏེ་དེབ་ཅིག་བསྒྲིགས།
        ཁོང་གིས་སློབ་བུ་ཚོར་འདི་ནི་ཁྱོད་ཚོས་བྲིས་པའི་དཔེ་དེབ་དང་པོ་ཡིན།ད་ལྟ་ཁྱོད་ཚོ་ལོ་ན་ཆུང་ནའང་དེབ་ཅིག་བྲིས་ཟིན།རྗེས་སུ་ཁྱོད་ཚོ་ནར་སོན་རྗེས་དཔེ་ཆ་ཡག་པོ་འབྲི་ཐུབ་ཅིང་།རླབས་ཆེན་གྱི་མི་སྣ་དག་ཏུ་འགྱུར་ཐུབ་ཅེས་གསུངས།
        སྐུ་ཞབས་ལུའུ་ཞུན་གྱིས “བྱིས་པ་ཆུང་དུས་ནས་མི་རུ་མ་བརྩིས་ན།ཆེར་ཆགས་དུས་ཀྱང་མི་བྱེད་མི་ཐུབ།”ཅེས་གསུངས་མྱོང་བ་ནང་བཞིན་བྱིས་པར་བརྩི་མཐོང་བྱས་ཏེ། རང་ཚུགས་ཅན་གྱི་མི་ཞིག་ལ་བརྩི་བ་དང་ཁོ་ཚོའི་གདམ་ག་དང་སྒེར་གྱི་གསང་དོན།ཁོང་གི་གྲོགས་པོ་སོགས་ལ་བརྩི་འཇོག་བཅས་བྱས་ནས་རྟག་ཏུ་ཁོ་ཚོ་དང་བསམ་བློ་བརྗེ་རེས་དང་། མི་གཤིས་ལ་བརྩི་མཐོང་།ཁྲིད་སྟོན་ལུགས་མཐུན་བཅས་བྱས་ན་ཁོ་ཚོ་སྔར་ལས་ལེགས་པའི་སྒོ་ནས་འཚར་ལོངས་འབྱུང་ཐུབ།

9. འདོད་བློ་སྐོང་བའི་དུས་བསྒྱང་བ། ཆུང་དུས་ནས་བྱིས་པའི་ངང་རྒྱུད་རིང་པོ་སྐྱེད་སྲིང་བྱེད་དགོས།
        ཨ་རིའི་སེམས་ཁམས་རིག་པ་བ་ཝོ་ཨར་ཐེ་ཡིས་བྱིས་པའི་ནར་སོན་གྱི་གོ་རིམ་ལ་རྗེས་འདེད་བརྟག་དཔྱད་ཀྱི་ཚོད་ལྟ་ཞིག་བྱས་མྱོང་།ཁོང་གིས་བུ་བཅོལ་ཁང་ནས་ལོ4ཅན་གྱི་བྱིས་པ་བཅུ་ལྷག་བདམས་ཏེ།མི་རེར་ཀ་ར་གཅིག་རེ་བྱིན་པ་དང་། ཁོ་ཚོར“ཁྱོད་ཚོས་ཀ་ར་འདི་དག་ད་ལྟ་ཟོས་ན་ཀ་ར་གཅིག་ལས་ཟ་རྒྱུ་མེད་པ་དང་།གལ་ཏེ་སྐར་མ20ཡི་རྗེས་སུ་ཟོས་ན་སླར་ཡང་ཀ་ར་གཅིག་སྟེར་རྒྱུ་ཡིན”ཞེས་བཤད། བྱིས་པ་ལ་ལས་ཀ་ར་ཟ་འདོད་ཀྱི་བསླུ་བྲིད་དེ་འགོག་མ་ཐུབ་པར་མྱུར་དུ་ཟོས་པ་དང་། ཡང་བྱིས་པ་ལ་ལ་ཞིག་གིས་སྐར་མ20ལ་བསྒུགས་ཏེ་ཀ་ར2ཐོབ་རྗེས་ད་གཟོད་ཀ་ར་ཟོས།
        ལོ་མང་པོར་རྗེས་འདེད་བྱས་མཐར་ཁོང་ཚོས་ཤེས་རྟོགས་བྱུང་བ་ནི། སྐར་མ20ལ་སྒུག་ཐུབ་པའི་བྱིས་པ་དེའི་སྐོར་ནི་ཕྱོགས་གང་ཅིའི་ཐད་ཀྱི་ཕྱོགས་བསྡུས་བྱང་ཚད་བྱིས་པ་གཞན་དག་ལས་མངོན་གསལ་དོད་པོས་བཟང་བར་མ་ཟད།བྱ་བ་གང་ཡིན་ཡང་ལེགས་འགྲུབ་འབྱུང་ཚད་ཆེ་བར་སྣང་།བྱིས་པ་ངང་ཐུང་དེ་དག་ཕལ་ཆེ་བ་ནི་ཨུ་ཚུགས་དང་ཐེ་ཚོམ་ཆེ་ལ།རྟག་ཏུ་གནོན་ཤུགས་ལ་མགོ་སྒུར་ནས་འགན་འཁྲི་ལ་གཡོལ་ཐབས་བྱེད་ཀྱིན་ཡོད་པའི་སྣང་ཚུལ་ཤས་ཆེ་བ་རྟོགས།
        དེ་བས་དགེ་རྒན་དང་ཕ་མ་སུ་ཡིན་ཡང་། བྱིས་པ་ཚོ་དང་མཉམ་དུ་དུས་ཡུན་སྐར་མ་གསུམ་གྱི་རོལ་རྩེད་ཅིག་རྩེ་ཆོག བྱིས་པ་དང་དུས་ཚོད་སྐར་མ་གསུམ་གྱི་དུས་ཆད་བྱས་རྗེས། ངེས་པར་དུ་བློ་སེམས་རྩེ་གཅིག་གིས་བྱ་བ་སྣ་གཅིག་སྒྲུབ་ཏུ་འཇུག་དགོས། དེའི་རིང་དུ་ང་ཚོས་མཉམ་དུ་གཏམ་རྒྱུད་ཀྱི་དཔེ་ཆར་བལྟ་བའམ།ཡང་ན་རི་མོ་འབྲི་བ། འགྱིག་འདེད་པ་སོགས་བྱེད་ཆོག སྐར་མ་གསུམ་ལོངས་མ་ཐག་ངལ་གསོ་དགོས།
        སྐར་མ3ནི་བྱིས་པས་བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་པའི་དུས་ཡུན་ཡིན།དེ་འདྲའི་སྦྱོང་བརྡར་ཐེངས་མང་བྱས་ནས་བློ་རྩེ་གཅིག་སྒྲིམ་གྱི་གོམས་གཤིས་སུ་འཇགས་པར་བྱེད་དགོས།དེ་ལྟར་བྱས་ན་བློ་རྩེ་གཅིག་ཏུ་སྒྲིམ་པའི་གོམས་གཤིས་འཇགས་སུ་འཇུག་རྒྱུར་ཕན་ཞིང་།བྱིས་པའི་སྙིང་རུས་དང་ངང་རྒྱུད་རིང་པོར་ཆགས་རྒྱུར་ཡང་སྦྱོང་བརྡར་བྱེད་ཐུབ།

10. ཚོར་སྒོ་གཅོད་པའི་གཏན་སྲོལ། རང་ཉིད་ཀྱིས་དངོས་སུ་འཚོ་བའི་བྲོ་བ་མྱོང་བ།
        སེམས་ཁམས་རིག་པ་བས་མིའི་དབང་བོ་ལྔའི་ཚོར་སྒོ་གཅོད་པའི་ཚོད་ལྟ་ཞིག་བྱས་མྱོང་། ཚོད་ལྟ་ལ་ཞུགས་མཁན་གང་དེའི་མིག་ཤེས་དང་།རྣ་ཤེས།རེག་ཤེས་བཅས་གང་ཡང་ཚོར་མི་ཐུབ་པར་བྱས་ནས་ཁེར་རྐྱང་དུ་ཚོད་ལྟ་ཁང་ཞིག་ཏུ་བཅུག དུས་ཚོད་འགའ་འགོར་རྗེས། ཁོ་ཚོར་དངངས་སྐྲག་དང་འཕྲུལ་སྣང་སྣ་ཚོགས་སྐྱེས། ཉིན་གསུམ་བཞིའི་རྗེས་སུ། ཁོ་ཚོ་ཕྱི་རོལ་གྱི་ཟུག་སློང་ལ་ཚོར་བ་སྐྱེན་པ་དང་། རིག་པ་ཉོབ་པ། བསམ་གཞིག་གི་ནུས་པ་ཞན་པ། སེམས་འཚབ་ཆེ་བ། དངངས་སྐྲག་སྐྱེས་པ་ལ་སོགས་སེམས་ནས་བཟོད་དཀའ་བའི་སྡུག་བསྔལ་སྣ་ཚོགས་བྱུང་སྟེ། མྱུར་དུ་ཚོད་ལྟ་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན། ཚོད་ལྟ་མཇུག་རྫོགས་ནས་ཉིན་འགའི་རྗེས་སུ་ཁོ་ཚོ་ད་གཟོད་རིམ་བཞིན་རྒྱུན་ལྡན་དུ་གྱུར།
        ལག་ལེན་དངོས་ཀྱི་ཚོད་ལྟ་བྱས་པ་བརྒྱུད་སེམས་ཁམས་རིག་པ་བས་ཚོར་ཤེས་ནི་མིའི་ཆེས་གཞི་རྩར་གྱུར་པའི་སེམས་ཁམས་ཀྱི་སྣང་ཚུལ་ཡིན་པ་དང་།ཚོར་བ་བརྒྱུད་དེ་ང་ཚོར་ཕྱི་རོལ་གྱི་ཆ་འཕྲིན་ཐོབ་ཐུབ་པ་པ་དང་། ད་གཟོད་ཁོར་ཡུག་དང་བསྟུན་ཏེ་འཚོ་གནས་བྱེད་ཐུབ་པ་སོགས་ར་སྤྲོད་བྱས།
        དེང་སྐབས་ཕ་མ་མང་པོ་ཞིག་གིས་བྱིས་པས་དཀའ་སྡུག་མྱོང་འགྱུར་དང་། བྱིས་པ་ཉེན་ཁར་འཕྲད་དོགས་ཀྱི་སེམས་ཁྲལ་བྱེད་ཆེ་དྲགས་ཡོད།དེ་ལྟ་བུའི་སེམས་ཁྲལ་འོག་འཚར་ལོངས་བྱུང་བའི་བྱིས་པ་རྣམས་ནི་མཐོང་རྒྱ་ཆུང་བ་དང་བློ་ཁོག་དོག་པར་མ་ཟད།སྤྱི་ཚོགས་ཀྱི་ལག་ལེན་མང་པོ་མེད་པའི་དབང་གིས་འབྱུང་འགྱུར་གྱི་འགྱུར་ལྡོག་མང་བའི་སྤྱི་ཚོགས་ཁོར་ཡུག་དང་འཚམ་དཀའ་བར་གྱུར་ཡོད།
        དེ་བས་ང་ཚོས་བྱིས་པར་སྣ་མང་ཕུན་སུམ་ཚོགས་པའི་ཕྱི་རོལ་གྱི་ཁོར་ཡུག་ལ་ཧུར་ཐག་གིས་མྱོང་ཚོར་བྱེད་དུ་བཅུག་སྟེ།ཁོར་ཡུག་དང་གནད་དོན་སྣ་ཚོགས་ཁྲོད་རང་གི་མྱོང་ཚོར་དངོས་ལ་བརྟེན་ནས་ཤེས་བྱ་དང་ཆ་འཕྲིན་མང་པོ་ཐོབ་པར་བྱས་ན་ད་གཟོད་བྱིས་པ་རྣམས་རང་རྐྱ་འཕེར་བ་དང་། རང་ཉིད་ཀྱི་བསམ་བློ་ཡོད་པ་རང་དུ་ཆགས་ཐུབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1