༄༅།།མཚང་ཁོག་གཉན་ཚད་རྒྱས་ཏེ་དྲག་སྐྱེད་འབྱུང་དཀའ་བའི་སྐབས་སུ་ཕོ་འབྲས་ཡོད་མེད་ལ་བརྟག་དགོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-24


        ལོ29ལ་སོན་པའི་ཚེ་སྒྲོན་ལ་ལོ་གཅིག་གི་སྔོན་དུ་མཚང་ཁོག་གཉན་ཚད་རྒྱས་ཡོད་པར་མ་ཟད།བསམ་སེའུ་ཡི་སྟེང་དུ་ད་རུང་ཤ་སྐྲན་ཞིག་ཡོད་པར་བཤད་པས།ས་གནས་སྨན་ཁང་དུ་ལོ་གཅིག་ལྷག་ལ་གསོ་བཅོས་བྱས་ཀྱང་མ་ཕན་པར།མཇུག་མཐར་ཞིང་ཆེན་སྨན་ཁང་དུ་སོང་ནས་བརྟག་དཔྱད་ཞིབ་མོ་བྱས་པ་ན།ཕོ་འབྲས་དུས་མཇུག་ཏུ་ཐོན་ཡོད་པ་དང་།གང་སར་ཁྱབ་ཡོད་པས་ནད་གཞི་ཇེ་སྡུག་ནས་ཇེ་སྟུག་ཏུ་གྱུར།
        ཕོ་བའི་སྟེང་གི་འབྲས་ཐབ་སྔར་བཞིན་སྔ་དུས་སུ་གནས་ཡོད་པའི་སྐབས་སུ།ཐོག་མར་བསམ་སེའུ་ཡི་སྟེང་དུ་སྤོ་བསྒྱུར་བྱེད་སླ་བས།གསུས་ཆུང་ན་བ་དང་དུས་ངེས་མེད་དུ་གསང་ལམ་ནས་ཁྲག་བཞུར་བ་སོགས་རྒྱུན་མཐོང་མོ་ནད་རིགས་ཀྱི་ནད་རྟགས་འབྱུང་སྲིད་ལ།དེ་ལས་ལྡོག་སྟེ་ཕོ་བར་ཟས་རིགས་མི་འཇུ་བ་སོགས་ཀྱི་ནད་རྟགས་ཡང་མོ་ལས་མི་འབྱུང་བའམ་ཡང་ན་མི་བདེ་བའི་ཚོར་སྣང་གང་ཡང་མེད་པ་རེད།
        དེའི་རྐྱེན་གྱིས་ནད་རྟགས་དེ་དག་འབྱུང་བའི་སྐབས་སུ་ནད་པ་རྣམས་རྒྱུན་དུ་མོ་ནད་ཚན་ཁག་ཏུ་སོང་ནས་བརྟག་དཔྱད་བྱེད་པ་དང་།ཡུན་རིང་གསོ་བཅོས་བྱས་ཏེ་དྲག་སྐྱེད་མ་བྱུང་ན་ད་གཟོད་ཕྱི་ནད་ཚན་ཁག་ཏུ་སོང་ནས་ཕོ་ཤེལ་ལ་བརྟག་རྗེས་ཕོ་བའི་སྟེང་གི་ནད་ཡིན་པ་ཤེས་ཀྱིན་ཡོད།
        ནད་ཐོག་ལག་ལེན་སྟེང་གནས་ཚུལ་འདིའི་རིགས་མི་ཉུང་བ་ཡོད་དེ།མཚམས་ལན་རེར་མོ་ནད་ཚན་ཁག་གི་སྨན་པས་བསམ་སེའུ་སྟེང་གི་ཤ་སྐྲན་གཅོད་པའི་གཤག་བཅོས་བྱེད་པ་དང་།དེ་ནས་བཅད་ཟིན་པའི་བསམ་སེའུ་ཤ་སྐྲན་ལ་ནད་ལུགས་ངོས་འཛིན་བྱས་རྗེས།ད་གཟོད་དོན་སྣོད་གཞན་པ་ལས་བསམ་སེའུ་ཡི་སྟེང་དུ་སྤོ་བསྒྱུར་བྱས་པ་ཤེས་ཤིང་།འབྱུང་ཁུངས་ངོ་མ་རྗེས་འདེད་བྱས་ཏེ་ཕོ་ཤེལ་ལ་བརྟག་རྗེས་ད་གཟོད་ཐོག་མའི་འབྱུང་ཁུངས་ནི་ཕོ་བ་ཡིན་པ་ཤེས་ཀྱིན་ཡོད།
        བུད་མེད་ལ་ཕོ་འབྲས་བྱུང་རྗེས་བསམ་སེའུ་ཡི་སྟེང་དུ་སྤོ་བསྒྱུར་བྱེད་སླ་བས།གལ་ཏེ་བུད་མེད་རྣམས་ལ་མོ་ནད་བྱུང་སྟེ་ཡུན་རིང་པོར་དྲག་སྐྱེད་མི་འབྱུང་བའམ་ཡང་ན་བསམ་སེའུ་ཤ་སྐྲན་ཡོད་པ་ཤེས་ན།ངེས་པར་དུ་ཕོ་ཤེལ་ལ་བརྟག་ནས་འཇུ་ལམ་གྱི་ཤ་སྐྲན་ཡོད་མེད་ལ་བརྟག་དགོས། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1