ཉིན་ཤས་བསྟུད་མར་རང་ཁུལ་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས“ཞིང་ལས་ཀྱིས་བྱས་རྗེས་མང་པོ་འཇོག་ཅིང་བཟོ་ལས་ཀྱིས་འདེགས་སྐྱོར་ཆེན་པོ་བྱེད། མ་དངུལ་གཏོང་འཇོག་གིས་གཙོ་ཁྲིད་བྱེད། འཛད་སྤྱོད་ཀྱིས་རིམ་སྤོར་ལ་སྐུལ་འདེད་གཏོང་བ”བཅས་རྒྱུན་འཁྱོངས་བྱས་ཏེ། བཅོས་བསྒྱུར་ལ་བརྟེན་ནས་དཀའ་གནད་སེལ་བ་དང་སྒོ་འབྱེད་ལ་བརྟེན་ནས་ངར་ཤུགས་སློང་བ། གསར་གཏོད་ལ་བརྟེན་ནས་འབྱུང་འགྱུར་བརྩོན་ལེན་བཅས་བྱས་མཐར། ཁྲེང་ཏུའུ་དང་ཁྲུང་ཆིང་གཙོ་གནད་གྲོང་ཁྱེར་གཉིས་དང་ས་ཁོངས་ཀྱི་ལྟེ་གནས་གྲོང་ཁྱེར་བར་གྱི་བྱེད་ནུས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཀ་ཡག་པོས་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད་པ་རེད།
ཞིང་ལས་ཀྱིས་བྱས་རྗེས་མང་པོ་འཇོག་པར་གཞི་རྩའི་རྨང་གཞི་བརྟན་པོ་འདིང་།
གསར་འགོད་པས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདེབས་འཛུགས་ལས་རིགས་ཀྱི་ཐོན་རྫས་ཐོན་ཚད་དང་ཕྱུགས་ཟོག་དང་ར་ལུག་བཤས་ཁོངས་སུ་གཏོང་ཚད་མང་དུ་ཕྱིན་པར་སྐུལ་ཁྲིད་ནུས་ལྡན་བྱས་འོག རང་ཁུལ་གྱི་ཞིང་སྡེའི་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་བྱུང་ཡོད། ལོ་སྟོད་དུ་ཁུལ་ཡོངས་སུ་ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར16.14ལ་ཟིན་པས་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ1.8འཕར་བ་དང་། ཞིང་ནགས་འབྲོག་ཉ་ལས་བཅས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར13.06ལ་ཟིན་པས་ན་ནིང་གི་དུས་མཚུངས་དང་བསྡུར་ན་བརྒྱ་ཆ1.2འཕར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ཁུལ་གྱིས་རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱས་པའི་ལས་དོན་ཡག་པོ་བསྒྲུབས་ནས“ཞིང་ལས་ཀྱིས་བྱས་རྗེས་མང་པོ་འཇོག་རྒྱུ”ལ་དམ་པོར་དམིགས་ཏེ་སྲིད་ཇུས་དང་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་ནན་པོ་བྱས་ནས་ཕན་འབྲས་ཐོབ་པ་དང་། འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། “ཤ་ཚལ་སྒོང་གསུམ”དམ་འཛིན་ཡག་པོ་བྱེད་པ། ཁྱད་ཆོས་ཐོན་ལས་ལ་དམ་འཛིན་ཡག་པོ་བྱེད་པ། བཤས་གཏོང་གི་འགག་རྩའི“བྱེད་ཐབས་བཞི” ཡག་མོ་འཛིན་ནས་ཞིང་ལས་དང་ཞིང་སྡེའི་དཔལ་འབྱོར་འཕེལ་རྒྱས་བརྟན་པོ་བཏང་ཡོད་པ་རེད།
རང་ཁུལ་གྱིས“གྲོང་སྡེ་གཅིག་ལ་ཐོན་རྫས་གཅིག་དང་ཡུལ་ཤོག་གཅིག་ལ་ལས་རིགས་གཅིག”གི་བྱེད་སྟངས་ལ་གཞིགས་ནས་ཤིང་ཏོག་དང་ཤ་མོ། ཀྲུང་ལུགས་སྨན་རྩྭ། ཇ་ལོ། མེ་ཏོག ཟས་རིགས་ནག་པོ་སོགས་ཁྱད་ཆོས་ཀྱི་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས“གནས་མཆོག་དཀར་མཛེས”ཀྱི་ཆང་དང་ཤ། འབྲུ་རིགས། བཟའ་སྣུམ། ཆུ། ཤིང་འབྲས། སྔོ་ཚལ། ཇ་ལོ། ཤ་མོ། སྨན་བཅས་ལེགས་ཆ་ལྡན་པའི་ཁྱད་ཆོས་ཐོན་ལས་ཆེན་པོ10ཡི་ཐོན་ལས་སྦྲེལ་མཐུད་མཉམ་འདྲེས་བྱས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ཞིང་། དེང་རབས་ཞིང་ལས་ཐོན་ལས་དང་སྲོ་སྐམ་གྲང་སྦྲེལ་ཟོང་འགྲུལ་གྱི་སྔོན་ཁྲིད་རང་བཞིན་གྱི་འདེགས་སྐྱོར་ཐོན་ལས་ཆེན་པོ2བརྟན་དུ་གཏོང་བ་དང་། ཁྱད་ཆོས་མངོན་གསལ་དོད་པ། གྲུབ་ཚུལ་ལུགས་དང་མཐུན་པ། སྦྲེལ་མཐུད་ཆ་ཚང་བ་བཅས་ཀྱི་དེང་རབས་ཞིང་ལས་ཀྱི“10+2”ཀྱི་ཐོན་ལས་མ་ལག་གསོ་སྐྱོང་བྱས་ནས་ཆགས་པར་བྱ་དགོས། ཞིང་ལས་ཀྱི་ཁྱད་ཆོས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཡོང་བ་བྱས་ནས་ཞིང་ལས་ཐོན་སྐྱེད་ལ་སྒུལ་ཤུགས་གསར་པ་བསྣན་ཏེ་འཕར་གཞི་གསར་པ་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
རང་ཁུལ་འདི་འབྲོག་ལས་ཀྱི་ཁུལ་ཆེན་པོ་ཞིག་ཡིན་པའི་ངོས་ནས་བཤད་ན། ཕྱུགས་རིགས་བཤས་ཁོངས་འཇོག་རྒྱུ་ནི་འགག་རྩ་ཡིན་པ་རེད། ཁུལ་ཕྱུགས་འབྲོག་ས་ཚུགས་ཀྱི་འབྲེལ་ཡོད་ལས་དོན་མི་སྣས་ངོ་སྤྲོད་བྱས་དོན།“རང་ཁུལ་གྱིས་རྩྭ་ར་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་ནས་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་འགན་ལེན་བྱེད་པ། རང་ཁུལ་གྱིས་རྩྭ་ཐང་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་ལམ་སྲོལ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཕན་ཡོད་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ནས་རྒྱུན་མཐུད་དུ་འཕེལ་རྒྱས་གཏོང་འཐུས་ཀྱི་ཕྱུགས་ལས་འཛུགས་སྐྱོང་ཡག་པོ་བྱས་པ་དང་མིའི་ཐབས་ཀྱིས་རྩྭ་འདེབས་ཁྱོན་ཆེ་རུ་གཏོང་བ། གཟན་ཆག་དང་གཟན་རྩྭའི་རྟེན་གཞི་འཛུགས་སྐྱོང་ཇེ་མགྱོགས་སུ་བཏང་ནས་ཕྱུགས་རིགས་ཉེན་མེད་དགུན་བརྒལ་ཐུབ་པར་འགན་ལེན་བྱས་ཏེ་ཕྱུགས་ཁྱུ་གྲུབ་ཚུལ་ལེགས་སྒྲིག་ཇེ་མགྱོགས་སུ་གཏོང་བ་དང་ཕྱུགས་རྩྭ་མི་འདང་བའི་དཀའ་གནད་སེལ་བ་རེད།”
བཟོ་ལས་ཀྱིས་འདེགས་སྐྱོར་ཆེན་པོ་བྱས་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་སྲིང་བྱེད།
གསར་འགོད་པས་ཁུལ་དཔལ་འབྱོར་ཆ་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། ཅུས་དེས《དཀར་མཛེས་ཁུལ་གྱིས་བཟོ་ལས་གཅིག་སྡུད་གླིང་ཁུལ་གྱི་འཕེལ་རྒྱས་འཆར་འགོད》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཟོས་ནས་ཁུལ་ཡོངས་ཀྱི་བཟོ་ལས་གཅིག་སྡུད་གླིང་ཁུལ་འཛུགས་སྐྲུན་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བར་མཐོངས་བཀོད་སྒྲིག གཙོ་གནད་ལས་འགན་བཅས་སྔར་བས་ཁ་གསལ་བཟོས་ཡོད། བཟོ་ལས་ཀྱི་གཅིག་སྡུད་གླིང་ཁུལ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་གཏང་རྒྱུར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱིས“6+1”གི་ལྗང་མདོག་དེང་རབས་བཟོ་ལས་མ་ལག་མགྱོགས་མྱུར་དུ་བསྐྲུན་རྒྱུར་རམ་འདེགས་བྱས་ཡོད་པ་རེད།
《འཆར་འགོད》ནང“སྔོན་དུ་སྤེལ་བ་གཅིག་དང་། གོ་རིམ་ལྡན་པ་གཉིས། མགྱོགས་སུ་གཏོང་བ་གསུམ”གྱི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་ལ་དམ་པོར་དམིགས་ནས་ཁྱད་འཕགས་ཐོན་ལས་ལ་གཞིགས་ཏེ་འཕེལ་རྒྱས་ཀྱི་སྤུས་ཀ་ཇེ་ཡག་དང་ཕན་འབྲས་ཆེན་པོ་ཐོབ་རྒྱུར་གཙོ་བོ་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་བཅོས་བསྒྱུར་དང་གསར་གཏོད་བྱ་རྒྱུ་འགན་སྲུང་དུ་བྱས་ཏེ་བཟོ་ལས་གཅིག་སྡུད་གླིང་ཁུལ་ལ་“གོ་རིམ་ལྡན་པ་དང་། མཆོང་སྐྱོད། གསར་གཏོད། ལྗང་མདོག་”བཅས་ཀྱི་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་བྱ་དགོས། བཟོ་ལས་གཅིག་སྡུད་གླིང་ཁུལ་དེ་ལྗང་མདོག་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་མཐོ་གནས་གསར་པ། ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྐར་ཁུང་གསར་པ། རྒྱུ་རྐྱེན་གཙོ་བོའི་ཐོན་ཁུངས་ཀྱི་གཅིག་སྡུད་གླིང་ཁུལ། ཚོང་འགུགས་དངུལ་འདྲེན་གྱི་སྒྲུབ་གཞི་གླིང་ཁུལ་བཅས་སུ་འཛུགས་སྐྱོང་བྱས་ནས2025ལོར་སླེབས་དུས་ཞིང་ཆེན་རིམ་པའི་གསར་སྤེལ་གླིང་ཁུལ2 ཁུལ་རིམ་པའི་བཟོ་ལས་གཅིག་སྡུད་གླིང་ཁུལ8བསྐྲུན་ནས་ཁུལ་ཡོངས་ཀྱི་བཟོ་ལས་གཅིག་སྡུད་གླིང་ཁུལ་གྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར170ལ་ཟིན་རྒྱུའི་བརྩོན་ལེན་བྱས་དང་བྱེད་བཞིན་ཡོད་པ་རེད།
《འཆར་འགོད》ནང་བཟོ་ལས་གཅིག་སྡུད་གླིང་ཁུལ་སོ་སོར་གཅིག་སྡུད་གླིང་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་བཀོད་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏང་དགོས། ཁོར་ཡུག་སྲུང་སྐྱོང་གི་ཆོག་འཐུས་ནན་དུ་གཏོང་བ་དང་། ལྗང་མདོག་ཐོན་ལས་ནང་འདྲེན་བྱེད་པ། ལྗང་མདོག་བཟོ་སྐྲུན་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་བཟོ་ལས་གཅིག་སྡུད་གླིང་ཁུལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།།