ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་། མང་ཚོགས་འབབ་འཕར་ཕྱུག་འགྱུར་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 08-25


སྟོད་ལུང་བདེ་ཆེན་ཆུས་རྒུ་རུམ་ཤང་སྣ་མཁར་གྲོང་ཚོ་དབུལ་སྒྲོལ་བྱུང་བའི་སྐོར་བཀོད་པ།

        སྣ་མཁར་གྲོང་ཚོའི་ཁོངས་གཏོགས་སུ་སྲིད་འཛིན་ཚོགས་ཆུང་9དང་རང་བྱུང་ཚོགས་ཆུང་1ཡོད་ཅིང་། གྲོང་ཚོ་ཡོངས་ལ་ཁྱོན་དུད་ཚང་475ཡི་མི་1713ཡོད་པས་མིང་དོན་མཚུངས་པའི་གྲོང་ཚོ་ཆེན་པོ་ཞིག་ཡིན་མོད། འོན་ཀྱང་སྣ་མཁར་གྲོང་ཚོ་ནི་རྒུ་རུམ་གྲོང་རྡལ་ཁོངས་གཏོགས་ཀྱི་སྲིད་འཛིན་གྲོང་ཚོའི་ནང་ཡུལ་མིའི་ཡོང་འབབ་ཉུང་ཤོས་ཀྱི་གྲོང་ཚོ་ཞིག་ཡིན་ཞིང་། 2016ལོར་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་1ཡང་ཟིན་གྱི་མེད། 2017ལོར་སྣ་མཁར་གྲོང་ཚོས་ཏང་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་མཉམ་ལས་ཁང་5བསྡུ་སྒྲིལ་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟེ་སྣ་མཁར་གཞིས་ཀའི་ཚོང་དོན་ཚད་ཡོད་ཀུང་སི་བཙུགས་པ་དང་། ལོ་དེ་རང་ལ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྒྱུ་ནོར་སྒོར་ཁྲི་53ཟིན་ནས་ལོ་མཇུག་ཏུ་མི་སེར་ལ་བགོ་འགྲེམས་སྒོར་ཁྲི་40ཙམ་བརྒྱབ་པ་དང་། 2019ལོར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་རྒྱུ་ནོར་སྒོར་ཁྲི་150ལྷག་ཙམ་ཟིན་ནས་ལོ་མཇུག་ཏུ་མི་སེར་ལ་བགོ་འགྲེམས་སྒོར་ཁྲི་90ཙམ་བརྒྱབ་ཡོད།
འདི་ནི་སྣ་མཁར་གྲོང་ཚོ་ཨུ་ལྷན་གྱི་གཟི་བརྗིད་མཚན་སྙན་གྱི་ཆེད་སྒྲོམ་ཡིན་པ།
འདི་ནི་སྣ་མཁར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྐར་མ་བཀྲ་ཤིས་ཀྱིས(དཀྱིལ)དབུལ་སྒྲོལ་དུད་ཚང་ཟླ་བ་ཚེ་རིང་གི་ཁྱིམ་ལ་གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་སྤྲོད་བཞིན་པ།
        སྔ་དྲོའི་ཆུ་ཚོད་11ཙམ་ལ། ཞིང་ལས་ཚར་མ་ཐག་པའི་བཀྲ་ཤིས་རྡོ་རྗེ་དང་བཟའ་ཟླ་བུ་སྐྱེས་རང་ཁྱིམ་གྱི་སྒོ་རར་ཇ་འཐུང་ཞོར་དུ་སོལ་དལ་བག་ཕེབས་ངང་ཉི་མ་སྲོ་བཞིན་འདུག གསར་འགོད་པ་སྒོ་ནས་འཛུལ་བ་མཐོང་སྐབས་བཀྲ་ཤིས་རྡོ་རྗེའི་བག་བྲོ་བའི་ངོ་གདོང་ལས་འཛུམ་མདངས་འཕྱུར་བཞིན་འཕྲལ་མར་ཡར་ལངས་ཏེ་གསར་འགོད་པར་སྣེ་ལེན་ཞུས་པ་དང་ཆབས་ཅིག་བུ་སྐྱེས་ལ་ཇ་བླུགས་སུ་བཅུག
འདི་ནི་སྣ་མཁར་གྲོང་ཚོའི་དབུལ་སྒྲོལ་དུད་ཚང་བཀྲ་ཤིས་རྡོ་རྗེའི་ཁྱིམ་གྱི་གྱང་ངོས་སུ་སྦྱར་བའི་གཟེངས་བསྟོད་ལག་ཁྱེར་ཡིན་པ།
        བཀྲ་ཤིས་རྡོ་རྗེས་གསར་འགོད་པར། 2016ལོའི་གོང་། སྡོད་ཁང་གི་ཆ་རྐྱེན་དང་ལྟོ་གོས་ཀྱི་ཆ་རྐྱེན་ཡག་པོ་འདི་འདྲ་མེད་ལ། ལོ་རེའི་ཡོང་འབབ་ཀྱང་སྒོར་3500ལས་མེད་ཅེས་བརྗོད།
        བཀྲ་ཤིས་རྡོ་རྗེས“མ་མཐའི་འཚོ་བ་འགན་ལེན་དུད་ཚང་ལ་བདམས་རྗེས། གྲོང་ཚོ་ཨུ་ལྷན་གྱིས་ང་ཚོར་ལས་ཀ་བཀོད་སྒྲིག་བྱས་བྱུང”ཞེས་ཕྱིར་དྲན་བྱེད་བཞིན་བརྗོད། གྲོང་ཚོ་ཨུ་ལྷན་གྱིས་ཁོང་འགྲིམ་འགྲུལ་སློབ་སྟོན་པར་བཀོད་སྒྲིག་བྱས་པ་དང་ཁོང་གི་བཟའ་ཟླ་བུ་སྐྱེས་ནགས་སྲུང་བར་བཀོད་སྒྲིག་བྱས་པ་རེད། འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་དང་བསྟུན་ནས་ཁོ་གཉིས་ཀྱིས་ས་ཞིང་མུའུ་9འགན་གཙང་བླངས་ནས་སྲན་ནག་དང་ནས་བཏབ་པས་ལོ་གཅིག་གི་ཡོང་འབབ་ཚང་མ་བསྡོམས་ན་སྒོར་ཁྲི་3ལྷག་ཙམ་ཟིན་གྱི་ཡོད།
        “དེ་སྔའི་དབུལ་ཞིང་ཕོངས་པའི་འཚོ་བ་ནས་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་བསམ་ཡུལ་ལས་འདས་སོང”ཞེས་བཀྲ་ཤིས་རྡོ་རྗེས་དགའ་སྤྲོའི་འཛུམ་མདངས་འཕྱུར་བཞིན་དུ་དེ་ལྟར་བརྗོད་བྱུང་།
        བཀྲ་ཤིས་རྡོ་རྗེ་དང་འདྲ་བ་ད་དུང་མང་པོ་ཡོད་པ་སྟེ་ད་ལོ་ལོ་50ལ་སླེབས་པའི་ཚོགས་ཆུང་གསུམ་པའི་ཙུའུ་ཀྲང་ཚེ་རིང་ཟླ་བའི་འཚོ་བར་ཡང་འགྱུར་ལྡོག་ཆེན་པ་བྱུང་ཞིང་། ཁོང་གིས་གསར་འགོད་པར། “ཡུལ་མི་སོ་སོས་ལས་ཀ་བཙལ་ནས་དངུལ་རག་པ་ཕུད། ད་དུང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལས་ལོ་ལྟར་བགོ་འགྲེམས་མི་ཉུང་བ་ཞིག་རག་གི་འདུག ད་ཆ་ཡུལ་མི་ཚང་མ་ཡོང་འབབ་ཡག་པོ་ཡོད་པས་ཁྱིམ་ལ་སྒེར་འཁོར་མེད་པ་གཅིག་ཀྱང་མེད”ཅེས་བརྗོད།
འདི་ནི་སྣ་མཁར་གྲོང་ཚོའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཀྱིས་གྲོང་མི་དང་ཡུལ་སྐོར་བ་མང་པོ་གླིང་ཁ་གཏོང་བར་འགྲོ་བའི་ཡིད་དབང་བཀུག་པ།
འདི་ནི་སྣ་མཁར་གྲོང་ཚོའི་དབྱར་དུས་ཀྱི་མཛེས་ལྗོངས་ཡིན་པ།
        སྣ་མཁར་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་ནས་ཐོན་ཏེ་སྐར་མ་10ཙམ་བསྐྱོད་རྗེས་གསར་འགོད་པ་སྣ་མཁར་གཞིས་ཀའི་ཚོང་དོན་ཚད་ཡོད་ཀུང་སིར་འབྱོར། འདི་གར་ནི་སྣ་མཁར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡིན་པ་དང་གཉེར་སྐྱོང་ཁྱབ་ཁོངས་གཙོ་བོར་སྣ་མཁར་གཞིས་ཀའི་ཚགས་ཤ་སྐམ་པོ་དང་། བོད་ཀྱི་གཡང་སྒོ་སྟེང་སུར་པན། ཕ་ཡུལ་མཚུར་ཕུའི་སྤོས། ཁ་སྟོད་རྩམ་པ་སོགས་ཀྱི་དོ་དམ་གཉེར་སྐྱོང་དང་ཕྱིར་ཚོང་ཚུད་ཡོད།
        ཀུང་སིའི་སྤྱི་ཁྱབ་ཅིང་ལི་སྐར་མ་བསོད་ནམས་ཀྱིས“ཀུང་སི་འདི་2017ལོར་མཉམ་ལས་ཁང་5བསྡུ་སྒྲིལ་བྱས་ནས་བཙུགས་པ་འདི་རེད། ཡོང་འབབ་ལས་གླ་ཆ་དང་མ་བཅོས་རྒྱུ་ཆ་ཉོ་བ་དང་དེ་བཞིན་གཞི་རྩའི་ཉམས་བཟོའི་འགྲོ་གྲོན་ཕུད་དེ་མིན་ཚང་མ་ཡུལ་མིར་བགོ་ཡི་ཡོད། ཀུང་སི་བཙུགས་པ་ནས་ད་བར་ཁེ་གཙང་ཁེ་སྤོགས་སྒོར་ཁྲི་240ལྷག་ཙམ་བྱུང་བ་དང་མི་སེར་ལ་བགོ་འགྲེམས་སྒོར་ཁྲི་230ལྷག་ཙམ་བརྒྱབ་ཡོད། ང་ཚོའི་ཀུང་སིའི་བསགས་དངུལ་གཞན་ལས་མང་བ་མེད་རུང་ཕན་འབྲས་ཧ་ཅང་ཡག་པོ་ཡོད”ཅེས་བརྗོད།
        སྐར་མ་བསོད་ནམས་ཀྱིས་གསར་འགོད་པར། གོང་དུ་བརྗོད་པ་འདི་དག་ཕུད། ད་དུང་ཀུང་སིར་ཨར་པོའི་རུ་ཁག་ཡོད་པས་ལོ་ལྟར་ཨར་པོ་མང་བའི་དུས་སྐབས་སུ་མི་200ལྷག་ཙམ་གྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་ཀྱི་ཡོད། “ང་ཚོས་ལས་མིར་སྤྲད་པའི་གླ་ཆ་མི་གཞན་ལས་མཐོ་བ་ཡོད། གླ་པ་དཀྱུས་མར་ཉིན་རེར་སྒོར་200དང་ལག་རྩལ་བར་ཉིན་རེར་སྒོར་400སྤྲོད་ཀྱི་ཡོད། མཚུར་ཕུ་ལུང་གཞུང་གི་ཡུལ་སྐོར་རྣམ་གྲངས་བསྐྲུན་རྗེས་མཉམ་སྡེབ་དཔལ་འབྱོར་དེ་བས་ཡག་ཏུ་འགྲོ་ངེས”ཞེས་སྤོབས་པ་ཆེན་པོས་བརྗོད།
        གཞིས་ཀའི་ཁང་པ་གཞན་ཞིག་ཏུ་ཏང་ལ་ཞུགས་ནས་ལོ་28ཕྱིན་པ་དང་སྣ་མཁར་གྲོང་ཚོར་ལས་ཀ་བྱས་ནས་ལོ་26ཕྱིན་པའི་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་སྐར་མ་བཀྲ་ཤིས་ཀྱིས་ཚགས་ཤ་སྐམ་པོ་ཉར་ཚགས་ཀྱི་གནས་ཚུལ་ལྟ་བཞིན་འདུག ཁོང་གིས་གསར་འགོད་པར། “དགུན་ཁ་མ་གཏོགས་ཤ་སྐེམ་མི་ཐུབ་པས། ཁང་པ་འདི་ནི་ཆེད་མངཌ་ཤ་སྐེམ་ས་ཡིན”ཞེས་བརྗོད།
འདི་ནི་སྣ་མཁར་གྲོང་ཚོའི་གྲོང་མིས་སྐྱེལ་འདྲེན་རླངས་འཁོར་བཏང་ནས་ཕྱུག་འགྱུར་ལམ་དུ་སྐྱོད་པའི་གནས་ཚུལ་ཡིན་པ།
འདི་ནི་སྣ་མཁར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་ཁུངས་སྦྲ་ནག་ཡིན་པ།
        2015ལོ་གོང་གི་ཕྱིར་དྲན་བྱེད་སྐབས། སྐབས་དེ་དུས་སྣ་མཁར་གྲོང་ཚོའི་འགྲིམ་འགྲུལ་སྟབས་བདེ་མེད་ལ་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཀྱང་ཡག་པོ་མེད་པས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ལྟོས་བཅས་ཀྱིས་ཞན་པ་དང་ངལ་རྩོལ་གཏོང་སྒོ་དང་ཡོང་འབབ་རྟག་ཏུ་སྙོམས་པོ་ཡོང་གི་མེད། “ལམ་ཡག་པོ་མེད་པས་རླངས་འཁོར་འདི་གར་ཡོང་མི་ཐུབ་ལ། ང་ཚོ་ཕྱི་ལ་འགྲོ་བར་སྟབས་བདེ་པོ་མེད”ཅེས་སྐར་མ་བཀྲ་ཤིས་ཀྱིས་སེར་ལྷམ་གྱི་པད་ཁའི་མེ་ཏོག་ལ་ལྟ་བཞིན་སྔོན་གྱི་གནས་ཚུལ་ལ་ཕྱིར་དྲན་བྱེད་བཞིན་མཆིས།
        2015ལོར། གནད་སྨིན་དབུལ་སྐྱོར་གྱི་སྲིད་ཇུས་མཚུར་ཕུ་ལུང་གཞུང་བརྒྱུད་སྣ་མཁར་གྲོང་ཚོར་ལག་བསྟར་བྱས་པས། ཡུལ་མིའི་འཚོ་བར་རིམ་བཞིན་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། འགྲིམ་འགྲུལ་སྟབས་བདེ་རུ་ཕྱིན་པས་མང་ཚོགས་ཀྱི་བསམ་བློར་ཡང་འགྱུར་ལྡོག་ཕྱིན་ཞིང་། སྐར་མ་བཀྲ་ཤིས་ཀྱིས“ཡུལ་མི་ཚོས་རིམ་བཞིན་འཚོ་བའི་རྩལ་ནུས་སྣ་ཚོགས་སྦྱངས་ཏེ་མོ་ཊ་གཏོང་བ་དང་། གཡོས་སྦྱོར། ཨར་ལས་སོགས་ཀྱི་ལག་ཁྱེར་བླངས་པས་དུད་ཚང་ཚང་མར་རླངས་འཁོར་ཡོད་པ་དང་། ད་ཆ་མི་སེར་ཁོ་ནར་གཡོད་འཁོར་11ཡོད”ཅེས་བརྗོད།
        2015ལོར། སྣ་མཁར་གྲོང་ཚོར་མ་མཐའི་འཚོ་བ་འགན་ལེན་དུད་ཚང་7གྱི་མི་13དང་། འགན་ལེན་ལྔའི་དུད་ཚང་4ཡི་མི་6 ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་48ཀྱི་མི་163བཅས་ཡོད། མིག་སྔའི་བར་སྣ་མཁར་གྲོང་ཚོའི་དུད་ཚང་དབུལ་པོའི་མི་163ཚང་མ“ལས་ཞུགས་དང་། གནས་སྤོ། ཁ་གསབ། འགན་ལེན། སློབ་གསོ། རོགས་སྐྱོར”སོགས་ཀྱི་བྱ་ཐབས་བརྒྱུད་དབུལ་སྒྲོལ་ཐུབ་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1