《གེ་སར་འཆམ》གློག་བརྙན་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཁག་ནས་དུས་མཉམ་དུ་བསྟན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-26


    ཟླ་8ཚེས་21ཉིན། རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་(མགོ་ལོག་)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལས་གྲྭའི་མུ་འབྲེལ་ཐོན་རྫས་ཀྱི་གྲས་ཤིག་ཡིན་པའི་《གེ་སར་འཆམ》ཞེས་པའི་གློག་བརྙན་དེ་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཁག་ནས་དུས་མཉམ་དུ་སྟོན་རྒྱུ་རེད། དེ་ཡང་“ཀྲུང་གོའི་གེ་སར་རིག་གནས་ཕ་ཡུལ”གྱི་གློག་བརྙན་ཐོག་མ་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་ཁག་ཏུ་དུས་མཉམ་དུ་སྟོན་པ་ཞིག་རེད།  
  མཚོ་སྔོན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་གེ་སར་རིག་གནས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན་ཞིང་། དེར་“ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ཡུལ”ཞེས་པའི་མཚན་སྙན་ཐོབ་ཡོད་ཅིང་། ཀྲུང་གོའི་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་དང་། མཚོན་སྟངས་ཁྱད་ཆོས་ལྡན་ཤོས། རིག་གནས་ཀྱི་་ཁྱད་ཆོས་ཆ་ཚང་ཤོས།  སྒྲུང་པ་རྒྱུན་འཛིན་པ་མང་ཤོས། ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན། 
   ངོ་སྤྲོད་བྱས་པར་གཞིགས་ན། མགོ་ལོག་གི་གེ་སར་རིག་གནས་ཀྱི་ནང་དོན་ཞིབ་ཆ་ཕུན་སུམ་ཚོགས་པོ་ཡོད་ཅིང་། འཛམ་གླིང་ཐོག་གི་དཔའ་བོའི་ལོ་རྒྱུས་སྙན་ངག་རིང་ཤོས《གེ་སར་སྒྲུང་》རྒྱུན་འཛིན་གྱི་ལྟེ་བའི་ས་ཁོངས་ཤིག་རེད། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། སྐབས་རིམ་བྱུང་གི་མགོ་ལོག་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་གེ་སར་རིག་གནས་སྔོག་འདོན་དང་སྲུང་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། ལྷག་པར་དུ་2016ལོར་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་ཚུན། མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཟིན་འགོད་དང་། ལྟེ་བའི་འགྲེམས་སྟོན་རྟེན་གཞི་འཛུགས་སྐྲུན། རྒྱུན་འཛིན་མི་ཚོགས་ཀྱི་གསོ་སྦྱོང་དྲིལ་བསྒྲགས་སློབ་གསོ། དམངས་སྲོལ་དུས་ཆེན་རྒྱུན་འཛིན་དང་དར་སྤེལ། བསྐྱར་འགྱུར་ཐོན་རྫས་གསར་སྤེལ། རིག་དངོས་སྲུང་སྐྱོབ་སོགས་ཕྱོགས་ཁག་གི་ལས་དོན་ལ་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད། མིག་སྔར་མགོ་ལོག་ལ་རྒྱལ་ཁབ་ཀྱིས་མིང་བཏགས་པའི་རྟ་ཐོག་ལྷ་མོ་ཚོགས་པ་6དང་ལྷ་མོ་ཚོགས་པ་གཞན་29ཡོད་པ་དང་། 《གེ་སར་སྒྲུང་》གི་ཁྲིད་སྦྱོང་ཁང་76ཡོད་པ། 《གེ་སར་སྒྲུང》གི་ཡུལ་ལྗོངས་གནའ་ཤུལ་གྱི་མིང་གཞུང་132ཡོད། 
   《གེ་སར་འཆམ》ནི་ཕུན་སུམ་ཚོགས་པའི་《གེ་སར་སྒྲུང》གི་རིག་གནས་ཐོན་ཁུངས་དང་བྱིས་པའི་བརྗོད་དོན་གྱིས་རྒྱབ་ལྗོངས་བྱས་ནས་གསར་རྩོམ་བྱས་པའི་གློག་བརྙན་ཤིག་དང་། ས་གནས་དེ་རང་བརྗོད་དོན་དུ་བྱས་པའི་གློག་བརྙན་ཞིག་ཡིན་ལ་“བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟད་མོའི་རང་བཞིན་”བཅས་གཞི་གཅིག་ཏུ་འདུས་པའི་བརྩམས་ཆོས་རྩེ་གྲ་ཞིག་ཀྱང་ཡིན་པས། མགོ་ལོག་མི་དམངས་ཀྱིས་དཀའ་སྡུག་ལ་མི་སྐྲག་པ་དང་། ཕུགས་འདུན་དོན་གཉེར་བྱེད་པ། མི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཆོད་སེམས་མཚོན་ཡོད་ལ་མགོ་ལོག་བའི་བློ་གྲོས་དང་གསར་རྩོམ་གྱི་ནུས་པ་མཚོན་ཡོད། དེ་ནི་རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་ཁུར་ཡུག་སྲུང་སྐྱོང་ཚོད་ལྟའི་ཁུལ་གྱི་མུ་འབྲེལ་ཐོན་རྫས་ཀྱི་གྲས་ཤིག་ཡིན་པ་དང་། དེས་གེ་སར་གྱི་ལོ་རྒྱུས་སྙན་ངག་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཁྱབ་ཁོངས་གསར་པ་ཞིག་བཏོད་ཡོད།

   《གེ་སར་འཆམ》གློག་བརྙན་བདེ་བླག་ངང་སྟོན་པས་《གེ་སར་སྒྲུང》གི་རིག་གནས་སྔོག་འདོན་དང་། རྒྱུན་འཛིན། སྲུང་སྐྱོང་། འཕེལ་རྒྱས། དྲིལ་བསྒྲགས་བཅས་ཀྱི་ལས་དོན་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་དང་གེ་སར་རིག་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བརྟན་པོ་བཏང་ཡོད་པས་སླད་ཕྱིན་གྱི་《གེ་སར་སྒྲུང》རིག་གནས་སྲུང་སྐྱོང་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་སྟོབས་ཤུགས་གསར་པ་ཞིག་སྣོན་ངེས་རེད། དེ་དང་ཆབས་ཅིག་ཕུལ་བྱུང་གི་《གེ་སར་སྒྲུང》རིག་གནས་སྲུང་སྐྱོང་གསར་གཏོད་ཀྱི་རྣམ་པ་དེ་བས་མང་བ་ཐོན་རྒྱུར་སྐུལ་མ་གཏོང་བ་དང་།  མི་དེ་བས་མང་བས་མགོ་ལོག་ལ་དོ་ཁུར་དང་། གེ་སར་རིག་གནས་ལ་དོ་ཁུར། གེ་སར་རིག་གནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལས་དོན་ལ་དོ་ཁུར་བཅས་བྱེད་པའི་་ཡིད་དབང་བཀུག་ཡོད།

http://tibet.people.com.cn/15821938.html




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1