༄༅།།རང་བྱུང་གནོད་འཚེ་སྔོན་འགོག་བྱེད་ཐབས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 08-26
རང་བྱུང་གནོད་འཚེ་ནི་མིའི་རིགས་འཚོ་སྡོད་བྱེད་སའི་རང་བྱུང་ཁམས་ཆེན་མོའི་ཁྲོད་དུ་བྱུང་བའི་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་ཞིག་ཡིན་ལ།རང་བྱུང་གནོད་འཚེས་མིའི་རིགས་ལ་གནོད་པ་ཆེན་པོ་ཐེབས། དེ་ལ་ས་འགུལ་དང་། གློག་འཁྱུག་པ། འབྲུག་གྲགས་པ། མཚོ་རླུང་དྲག་པོ། དྲོད་ཚད་མཐོན་པོ། ཆུ་ལོག དྲག་ཆར་སོགས་ཡོད། གནོད་འཚེ་འདི་དག་འབྱུང་སྐབས་སློབ་གྲྭར་གནོད་པ་ཐེབས་སྲིད་མོད།འོན་ཀྱང་སློབ་གྲྭས་རྒྱུན་མཐོང་གི་རང་བྱུང་གནོད་འཚེ་འདི་དག་ལ་ངོས་འཛིན་གསལ་བོ་བྱས་ནས། ཕྱིའི་ཁོར་ཡུག་འཛུགས་སྐྲུན་གྱི་ཐད་ནས་དེར་བསྟུན་གྱི་ཐབས་ཇུས་འཐེན་པ་དང་། དགེ་སློབ་རྣམས་ལ་གནོད་འགོག་རྒུད་སེལ་གྱི་ཤེས་བྱའི་སྐོར་ནས་སློབ་གསོ་གཏང་ན། སྤྱིར་བཏང་དུ་གནོད་འཚེ་འདི་དག་གིས་བཟོས་པའི་ཆག་སྐྱོན་དེ་འདྲའི་མངོན་གསལ་མིན་ལ། རང་བྱུང་གནོད་འཚེ་འདིའི་རིགས་ཀྱིས་གནོད་པ་ཐེབས་ཚད་ཆུང་དུ་གཏོང་ཐུབ་པས། རྒྱུན་མཐོང་གི་གནོད་འཚེ་འབྱུང་རྐྱེན་དང་། མཇུག་འབྲས། གནོད་འཚེ་སྔོན་འགོག་བྱེད་ཐབས། བབ་བསྟུན་ཐག་གཅོད་བྱེད་ཐབས་སོགས་ལ་འགྲེལ་བཤད་དང་དཔེ་སྟོན་བྱ་དགོས། ཆ་རྐྱེན་འཛོམས་ན་མེ་འགོག་རྒུད་སྐྱོབ་ཀྱི་འཁྲབ་སྦྱོང་བྱ་ཆོག དེར་བརྟེན། སློབ་ཆུང་སློབ་མའི་བདེ་འཇགས་ལས་ཀ་ཇི་ལྟར་ནན་མོ་བསྒྲུབ་པ་དང་། སློབ་ཆུང་སློབ་མའི་བདེ་འཇགས་སློབ་གསོ་དང་དོ་དམ་ལ་མཐོང་ཆེན་བྱེད་པ། སློབ་ཆུང་སློབ་མའི་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་མ་གཏོང་བ་བཅས་བྱས་ཏེ། སློབ་གྲྭ་དང་སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་བརླིང་ལ་ཁག་ཐེག་བྱེད་པ་ནི་འཛིན་བདག་དགེ་རྒན་རྣམས་ཀྱི་མདུན་དུ་ལྷག་པའི་གནད་དོན་ཞིག་རེད།
གཅིག སྔོན་ཇུས་བཟོ་བའི་དམིགས་ཡུལ།
རང་བྱུང་གནོད་འཚེ་ལ་གཡོལ་ཐབས་མེད་པས། རང་བྱུང་གནོད་འཚེ་མ་བྱུང་སྔོན་ནས་བབ་བསྟུན་གྲ་སྒྲིག་གི་ལས་ཀ་རིགས་སོ་སོ་ནན་མོ་བསྒྲུབ་སྟེ། གནོད་འཚེ་འབྱུང་བར་ཚོད་འཛིན་དང་ཐག་གཅོད་ཡག་པོ་བྱས་ནས། གནོད་འཚེ་ཐེབས་ཚད་ཇེ་ཆུང་དུ་གཏོང་དགོས།
གཉིས། རང་བྱུང་གནོད་འཚེའི་ཁྱབ་ཁོངས།
སློབ་གྲྭའི་ནང་དུ་འབྱུང་སྲིད་པའི་རང་བྱུང་གནོད་འཚེ་ལ་རླུང་ཆེན་པོ་དང་། མཚོ་རླུང་དྲག་པོ། རླུང་འཚུབ། དྲག་ཆར་གྱི་རིགས། ཁ་བ་ཆེན་པོ། ཁང་འཚུབ། ས་འགུལ་སོགས་རང་བྱུང་གནོད་འཚེ་འདུས།
གསུམ། སྔོན་ཇུས་ལག་བསྟར་བྱེད་པ།
༡ འབྲེལ་ཡོད་ལས་ཁུངས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཉེན་བརྡ་འབྱོར་རྗེས་སྔོན་ཇུས་དེ་དངོས་སུ་ལག་བསྟར་བྱེད་དགོས།
༢ རྒྱུན་ལྡན་མིན་པའི་སྣང་ཚུལ་དང་ཉམས་མྱོང་གི་ཁྲོད་ནས། རང་བྱུང་གནོད་འཚེ་འབྱུང་སྲིད་པ་ཤེས་རྟོགས་བྱུང་ན། སྔོན་ཇུས་དེ་དངོས་སུ་ལག་བསྟར་བྱེད་དགོས།
བཞི། རྩ་འཛུགས་ལས་ཁུངས།
གནོད་འཚེ་སྔོན་འགོག་གི་ལས་ཀའི་འགོ་ཁྲིད་ཚོ་ཆུང་འཛུགས་དགོས་ཏེ། དེ་ནི་ཚོ་ཆུང་གི་འགོ་འཛིན་དང་། ཚོ་ཆུང་གི་འགོ་འཛིན་གཞོན་པ། ཁོངས་མི་བཅས་ཀྱིས་གྲུབ།
ལྔ་པ། འགན་འཁྲི།
༡ ཚོ་ཆུང་གི་འགོ་འཛིན་གྱིས་ཕྱོགས་ཡོངས་ཀྱི་ལས་དོན་ལ་འགན་འཁུར་དགོས་ལ། ཚོ་ཆུང་གི་འགོ་འཛིན་གཞོན་པ་དང་ཁོངས་མི་རྣམས་ཀྱིས་ནམ་རྒྱུན་གྱི་སྒྲིག་བཀོད་དང་སྒྲིག་ཆས་ལ་ཞིབ་བཤེར་དང་། ཞིག་གསོ། མངོན་མེད་རྐྱེན་ངན་སེལ་བ་བཅས་ལ་འགན་འཁུར་དགོས།
༢ གནོད་འཚེ་འབྱུང་དུས་དགེ་རྒན་དང་སློབ་མ་རྣམས་ལ་རྩ་འཛུགས་དང་མཐུན་སྦྱོར། ལྟ་སྐུལ་བཅས་བྱས་ནས། གནས་སྤོ་བ། བདེ་འཇགས་ཀྱི་གནས་སུ་འབྲོ་བ་སོགས་ལ་འགན་འཁུར་དགོས།
༣ འགོ་ཁྲིད་ཚོ་ཆུང་གིས་གནོད་འཚེ་ཐེབས་རྗེས་ཀྱི་སྐྱོབ་བཅོས་དང་མཇུག་འབྲས་ཐག་གཅོད་བྱེད་པར་འགན་འཁུར་དགོས།
༼གཅིག༽བདེ་འཇགས་ཤེས་བྱ།
༡ཐོག་གིས་རྒྱག་པ་དང་གློག་འཁྱུག་པའི་གནོད་འཚེ་དང་སྔོན་འགོག་བྱེད་ཐབས།
ཐོག་གིས་རྒྱག་པ་དང་གློག་འཁྱུག་པ་ནི་རང་བྱུང་ཁམས་ཆེན་མོའི་ཁྲོད་ཞི་གློག་གི་གློག་གཏོང་བའི་བརྒྱུད་རིམ་དུ་སྤྲིན་ས་གཞི་དང་ཉེ་བའི་དུས་སུ། སྤྲིན་དང་སྤྲིན་གྱི་བར་དང་། སྤྲིན་དང་ས་གཞིའི་བར་དུ་གློག་འཁྱུག་ནས་འོད་དང་སྒྲ་འབྱིན་པའི་སྣང་ཚུལ་ཞིག་ཡིན། ཐོག་གིས་རྒྱག་པ་དང་གློག་འཁྱུག་པ་ནི་རྒྱུན་མཐོང་གི་རང་བྱུང་སྣང་ཚུལ་ཞིག་ཡིན་ལ། དེ་ནི་དོན་དངོས་སུ་བར་སྣང་གི་སྤྲིན་རིམ་ཁྲོད་ནས་གློག་འཁྱུག་ནས། འབྲུག་སྒྲ་གྲགས་པ་དང་སྤྲིན་གསེབ་ཀྱི་མེ་སྟག་འཁྱུག་དུས་བྱུང་བའི་འོད་ནི་གློག་འཁྱུག་པ་ཡིན། གློག་འཁྱུག་ནས་མཁའ་དབུགས་ལ་ཚ་དྲོད་རྒྱས་པར་བྱེད་པའི་སྒྲ་ཆེན་པོ་ནི་འབྲུག་སྒྲ་ཡིན། མི་ལ་ཐོག་གིས་བརྒྱབ་ན་རྨས་སྐྱོན་ཕོག་པ་དང་ཐ་ན་འཆི་བ་རེད།
༼༡༽རབ་ཡིན་ན་ཐག་ཉེ་སའི་ཐོག་འགོག་སྒྲིག་ཆས་ཡོད་པའི་ཁང་བའི་ནང་དུ་འཛུལ་དགོས། དེ་ནི་ཆེས་བདེ་འཇགས་ཀྱི་གནས་ཡིན། གཞན་ཞིང་ཁའི་སྤྱིལ་བུ་དང་རྩྭ་ཁང་སོགས་ཀྱི་ནང་དུ་གཏན་ནས་འཛུལ་མི་རུང་སྟེ་དེ་རུ་ཐོག་གི་ཉེན་ཁ་འབྱུང་སླ།
༼༢༽ དུད་ཁུང་མཐོན་པོ་དང་ལྕགས་ཀྱི་མཆོད་སྟེགས། གློག་སྡོང་། སྡོང་རྒན་སོགས་དང་རིང་དུ་གྱེས་དགོས་ཤིང་། ཤིང་སྡོང་ཆེན་པོའི་འོག་ཏུ་ལངས་ནས་ཆར་གཡོལ་གཏན་ནས་བྱེད་མི་རུང་། དེ་འདྲ་བྱས་ན་ཉེན་ཁ་ཧ་ཅང་ཆེན་པོ་ཡོད།
༼༣༽ཐོག་གིས་རྒྱག་པ་དང་བསྟུན་ནས་ཆར་བ་འབབ་དུས། ལྕགས་རིགས་ཀྱི་སྒྲོམ་གཞི་ཡོད་པའི་ཆར་གདུགས་བཀོལ་མི་རུང་ལ།དངོས་པོ་རིང་བོ་ཡར་འདེགས་མི་རུང་།
༼༤༽ ལག་འཁྱེར་ཁ་པར་སོགས་མི་བཀོལ་བའམ་བཀོལ་ཚད་ཇེ་ཉུང་དུ་གཏོང་བ་དང་། ལྕགས་ར་དང་། ལྕགས་སྐུད། ལྕགས་ལམ་སོགས་གྱི་ཉེ་སར་སྡོད་མི་རུང་ལ། རི་རྩེར་གཏན་ནས་ལངས་མི་རུང་། ཁང་ཀླད་དང་གློག་འདྲེན་སླ་བའི་དངོས་གཟུགས་ལ་བཅར་མི་རུང་། ཐོག་འགོག་སྒྲིག་ཆས་མེད་པའི་ཁང་པ་དང་། འཁོར་ཁང་། སྤྱིལ་ཁང་། སོ་ཁང་སོགས་ཀྱི་ནང་དུ་འཛུལ་མི་རུང་།
༼༥༽ ཆུ་རྐྱལ་བྱེད་པའམ་ཆུ་ནང་དུ་ལུས་རྩལ་དང་བྱ་འགུལ་གཞན་པ་སྤེལ་མི་རུང་། ཆུ་རྐྱལ་རྫིང་བུ་དང་། མཚེའུ། མཚོ་འགྲམ། ཆུ་ཞིང་སོགས་ཡོད་ས་དང་གྲུ་ཆུང་ནང་དུ་འདུག་མི་རུང་། ཕྱི་རོལ་ནས་སྤོ་ལོ་སོགས་རྩེ་མི་རུང་། ཡངས་ཤིང་རྒྱ་ཆེ་བའི་ས་ཆར་གདུགས་བཀོལ་མི་རུང་། འཇོར་དང་། ལྕགས་ཁེམ། བྱ་སྒྲོ་སྤོ་ལོ། ཉ་འཛིན་དབྱུག་པ་སོགས་ཕྲག་ཏུ་འཁུར་མི་རུང་།
༼༦༽ལུས་ཕུང་ལ་གློག་འཁྱུག་པའི་ཚོར་བ་འབྱུང་དུས། དཔེར་ན་སྐྲ་གཟེངས་པ་དང་ལུས་པོ་འདར་འགུལ་མངོན་གསལ་བྱུང་བའི་སྐབས་སུ། རང་ཉིད་ལ་ཐོག་གིས་བརྒྱབ་པ་ཤེས་དགོས་ལ།དེ་མ་ཐག་ཏུ་ས་ལ་འགྱེལ་ཏེ། ཐོག་དང་གློག་འཁྱུག་མཚམས་བཞག་རྗེས་མི་གཞན་ལ་འབོད་དགོས།
༼༧༽ཐོག་གིས་བརྒྱབ་ནས་ཆར་འབབ་དུས་སུ་ཁང་པའི་ནང་དུ་འདུག་འོས་ལ།སྒོ་དང་སྒེའུ་ཁུང་གཏན་དགོས། ཐོག་འགོག་སྒྲིག་ཆས་མེད་ས་རུ་ཡོད་དུས། ལག་འདོགས་ཆུ་ཚོད་དང་མིག་ཤེལ་སོགས་ལུས་སྟེང་གི་ལྕགས་རིགས་མར་ལེན་དགོས་ལ།གློག་ཁུངས་དང་། སྡོང་རྒན། གློག་སྡོང་སོགས་དང་ཐག་ཉེ་སར་ཆར་གཡོལ་གཏན་ནས་བྱེད་མི་རུང་།
༼༨༽ལུས་པོ་སྒུར་གང་ཐུབ་བྱེད་དགོས་ལ་དང་། ཐོག་གི་ཉེན་ཁ་ཇེ་ཉུང་དུ་གཏོང་ཆེད། རྐང་པ་གཉིས་གང་ཐུབ་ཀྱིས་ཉེ་སར་བཅར་བ་དང་ས་ངོས་དང་བཅར་གང་ཐུབ་བྱས་ན་བཟང་།རི་འགོ་ནས་འགོག་སྲུང་བྱེད་ས་ཡག་ཤོས་ནི་བྲག་ཕུག་དང་། གྲོག་རོང་། ནགས་གསེབ་ཀྱི་བར་སྟོང་སོགས་ཡིན།
༼༩༽ཐོག་འགོག་ནུས་པ་ཆུང་བའི་བརྙན་འཕྲིན་གློག་ཆས་སྤྱོད་མི་རུང་། སྒོ་དང་སྒེའུ་ཁུང་། ལྕགས་རིགས་ཀྱི་སྦུ་གུ་སོགས་ལ་བཅར་མི་རུང་། གློག་ཆས་དང་རང་བྱུང་སོལ་རླངས་ཀྱི་གློག་སྒོ་གཏན་དགོས། རང་འབབ་ཆུ་སོགས་བཀོལ་མི་རུང་།
༢ ས་འགུལ་གྱི་གནོད་འཚེ་དང་དེར་སྔོན་འགོག་བྱེད་ཐབས།
ས་འགུལ་ནི་རྒྱུན་མཐོང་གི་རང་བྱུང་གནོད་འཚེའི་སྣང་ཚུལ་ཞིག་ཡིན། སའི་གོ་ལའི་སྟེང་ལོ་རེར་ཕལ་ཆེར་ས་འགུལ་ཐེངས་ཁྲི་500ལྷག་ཙམ་བྱུང་བ་དང་། ཆ་སྙོམས་བྱས་ན་ཉིན་རེར་ས་འགུལ་ཐེངས་13700ལྷག་ཙམ་བྱུང་བས། མི་རྣམས་ཀྱིས་དེ་ནི་གནོད་པ་ཚབས་ཆེན་བཟོ་བའི་རང་བྱུང་གནོད་འཚེ་ཞིག་ལ་བརྩི་བཞིན་ཡོད།
༼༡༽སློབ་གྲྭས་ས་འགུལ་ལ་སྔོན་འགོག་བྱེད་ཐབས།
དགེ་རྒན་གྱིས་རྒྱུན་དུ་སློབ་ཁང་དུ་ས་འགུལ་སྔོན་འགོག་གི་རྒྱུན་ཤེས་དྲིལ་བསྒྲགས་བྱེད་པ་དང་། སློབ་མར་ཉེན་གཡོལ་གྱི་ཤེས་བྱ་ཁྲིད་པ་དང་ས་འགུལ་སྔོན་འགོག་གི་འཁྲབ་སྦྱོང་བྱེད་དགོས།
a. དགེ་རྒན་གྱི་གློག་ཆས་གཏན་འཇགས་བྱེད་དགོས།
b. ས་འགུལ་བྱུང་དུས་ཅོག་ཙེའི་འོག་ཏུ་འཛུལ་བ་དང་སྒེའུ་ཁུང་ལ་རྒྱབ་གཏད་ནས། དཔེ་ཁུག་གིས་མགོ་ལ་སྲུང་སྐྱོབ་བྱེད་དགོས།
c. ས་འགུལ་བྱུང་སྐབས་སེམས་འཚབ་ནས་སློབ་ཁང་ནས་ཕྱིར་ཐོན་པ་དང་དངངས་འཚབ་སྐྱེས་ནས་ཐེམ་སྐས་ལས་མར་འབབ་མི་ཉན།
d. ས་འགུལ་བྱུང་སྐབས་ཁང་པའི་ཕྱི་རོལ་དུ་ཡོད་ན་འཛུགས་སྐྲུན་དངོས་པོ་དང་རིང་དུ་གྱེས་དགོས།
༼༢༽ས་འགུལ་མ་བྱུང་གོང་གི་སྔ་ལྟས།
a.སྲོག་ཆགས་ཀྱི་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་ལ། ཁྱི་ཡིས་ཟུག་སྐད་བར་མེད་དུ་སྒྲོག་པ་དང་། བྱ་དེ་དང་། ངང་པ། ཕག་པ་བཅས་ཚང་དུ་མི་འགྲོ་བ། བྱི་བ་མང་པོ་ཉིན་དཀར་དོང་ལས་ཕྱིར་བུད་པ་དང་། བདའ་ཡང་མི་སྐྲག་པ།
b.ས་འོག་གི་ཆུ་རྒྱུན་ལྡན་མིན་པའི་སྣང་ཚུལ་ལ། ཁྲོན་པའི་ཆུ་ཆུ་གནས་གློ་བུར་དུ་ཇེ་མཐོར་འགྲོ་བའམ་མར་ཆག་པ།
c རླུང་ཁམས་ཆེན་མོ་རྒྱུན་ལྡན་མིན་པའི་སྣང་ཚུལ་ལ། ས་འགུལ་མ་བྱུང་སྔོན་དུ་དུས་རྒྱུན་དང་མི་འདྲ་བའི་རླུང་ཁམས་ཆེན་པོའི་དངོས་ལུགས་སྣང་ཚུལ་སྣ་ཚོགས་འབྱུང་སྲིད། དཔེར་ན་དྲག་རླུང་དང་། དྲག་ཆར། ཐན་སྐྱོན། ཞོད་སྐྱོན་སོགས་འབྱུང་སྲིད།
༣ ས་འགུལ་བྱུང་སྐབས་སྲོག་ཉེན་ལས་ཐར་ཐབས།
a. ཁྱིམ་ནང་དུ་ཡོད་དུས་གློ་བུར་དུ་ས་འགུལ་བྱུང་ན། སྒོ་ལ་འབྲོ་ཁོམ་མེད་པས། ཆེས་བདེ་འཇགས་དང་ཆེས་ཕན་ནུས་ལྡན་པའི་བྱེད་ཐབས་ནི། གསང་སྤྱོད་དང་ཐབ་ཚང་སོགས་ཁང་བ་ཆུང་བའི་ནང་དུ་ཡིབ་པ་དེ་ཡིན། དེ་མིན་ཅོག་ཙེ་དང་མལ་ཁྲི་སོགས་ཁྱིམ་ཆས་ཀྱི་འོག་ཏུ་ཡིབ་པ་དང་། གྱང་ཟུར་དུ་ཡིབ་ཀྱང་ཆོག མགོ་ལ་སྲུང་སྐྱོབ་བྱེད་པར་མཉམ་འཇོག་དགོས།
b.གལ་ཏེ་ཁང་ལེབ་ནང་དུ་སྡོད་སྐབས་གློ་བུར་དུ་ས་འགུལ་བྱུང་ན། མྱུར་དུ་མལ་ཁྲིའི་འོག་ཏུ་འཛུལ་བ་དང་། ཅོག་ཙེའི་འོག་ཏུ་འཛུལ་དགོས། དེ་དང་མཉམ་དུ་ཉལ་ཐུལ་དང་སྔས་མགོ་སོགས་ཀྱིས་མགོ་ལ་སྲུང་སྐྱོང་བྱེད་དགོས་ཤིང་། ས་འགུལ་མཚམས་འཇོག་པའི་བར་གསེང་ནས་མྱུར་དུ་སྡོད་ཁང་དང་བྲལ་ཏེ་བདེ་འཇགས་ཀྱི་གནས་སུ་འབྲོ་དགོས། ས་འགུལ་བྱུང་སྐབས་ཁང་པ་རྡིབ་ཚེ་ཉལ་ཁྲིའི་འོག་གམ་ཅོག་ཙེའི་འོག་ཏུ་འདུག་པ་པ་ལས་འབྲོ་མི་རུང་། ས་འགུལ་མཚམས་བཞག་རྗེས་ཕྱི་རོལ་དུ་སྐྱོད་པའམ་ཡང་ན་རོགས་སྐྱོབ་བྱེད་པར་སྒུག་དགོས།
སློབ་ཁྲིད་སྐབས་སུ་ས་འགུལ་བྱུང་ན། དངངས་སྐྲག་སྐྱེས་མི་རུང་ལ་སློབ་ཁང་ནང་གང་བྱུང་དུ་རྒྱུག་པའམ་ཕྱི་ལ་འབྲོ་མི་རུང་། སྒོ་ལ་ཐག་ཉེ་བའི་སློབ་གྲོགས་རྣམས་མྱུར་དུ་སྒོ་ལ་རྒྱུག་ཆོག་ལ། དཀྱིལ་དང་མཇུག་གི་སློབ་གྲོགས་ཚོ་མྱུར་དུ་ཅོག་ཙེའི་འོག་ཏུ་འཛུལ་ནས་དཔེ་ཁུག་གིས་མགོ་ལ་སྲུང་སྐྱོབ་བྱེད་དགོས།
d.གལ་ཏེ་སློབ་ཁང་དང་ཁ་བྲལ་ཡོད་ན། ས་འགུལ་བྱུང་མ་ཐག་ཕྱིར་ཡོང་ནས་དངོས་པོ་ལེན་མི་རུང་།
e. ཁྲོམ་སྲང་དུ་ཡོད་ན་འཛུགས་སྐྲུན་དངོས་པོའི་འགྲམ་ནས་ཉེན་གཡོལ་གཏན་ནས་བྱེད་མི་རུང་ལ། ཁང་བརྩེགས་མཐོན་པའི་འོག་དང་བརྡ་ཁྱབ་སྦྱར་བྱང་གི་འོག་སོགས་ཉེན་ཁ་ཆེ་བའི་གནས་སུ་སྡོད་མི་རུང་།
f. ས་འགུལ་བྱུང་རྗེས་འཛུགས་སྐྲུན་དངོས་པོའི་འོག་ཏུ་བསྣན་ཚེ་བསྒྲུབ་དགོས་པ་ནི།
☆ལག་པ་གཉིས་ས་འོག་ནས་འཐེན་གང་ཐུབ་བྱེད་དགོས་པ་དང་། གདོང་དང་བྲང་ཁའི་དངོས་པོ་དང། ཁ་དང་སྣ་འགྲམ་གྱི་ས་རྡུལ་གཙང་སེལ་བྱས་ནས་མགོ་ཕྱིར་ཕུད་དེ་དབུགས་ལེན་ཐུབ་པ་བྱེད་དགོས།
☆ལུས་པོའི་སྟེང་གི་ཉེན་ཁ་ཡོད་པའི་དངོས་པོ་ལས་གཡོལ་ཐབས་བྱེད་དགོས།
☆རྡོ་དང་དབྱུག་པ་སོགས་ཀྱིས་གྱང་རོ་སྐྱོར་ཐབས་བྱས་ནས་འགུལ་འཕྲོ་བྱུང་དུས་ཡང་བསྐྱར་ས་འོག་ཏུ་མནན་པར་སྔོན་འགོག་བྱེད་དགོས།
☆ ཁང་པའི་ནང་གི་སྒྲིག་ཆས་གང་འདོད་དུ་བཀོལ་སྤྱོད་བྱེད་མི་རུང་། གློག་ཁུངས་དང་ཆུ་ཁུངས། མེ་བཅས་བེད་སྤྱོད་གཏོང་མི་རུང་།
☆ སྤྱོད་གོ་ཆོད་པའི་དངོས་པོ་ཡོད་ཚད་བེད་སྤྱོད་བྱེདད་དགོས་ཏེ། དཔེར་ན་དངོས་པོ་རྡུང་ནས་རོགས་སྐྱོབ་བྱེད་པར་སྒུག་པ་ལས། སྐད་ཅོར་བརྒྱབ་ནས་ལུས་ཟུངས་ཟད་དུ་འཇུག་མི་ཉན།
༤. ཁ་བ་ཆེན་པོ་དང་སེར་བའི་གནོད་འཚེ་དང་དེར་སྔོན་འགོག་བྱེད་ཐབས།
ཁ་བ་དང་སེར་བ་འབབ་པ་ནི་ཅུང་རྒྱུན་མཐོང་ཡིན་ལ། གནོད་འཚེ་འབྱུང་བའི་ངེས་པ་མེད་མོད། འོན་ཀྱང་རང་ཉིད་ལ་སྲུང་སྐྱོབ་བྱེད་པར་མཉམ་འཇོག་དགོས།
༼༡༽ཁ་བ་ཆེན་པོ་འབབ་དུས་ལྭ་བ་མཐུན་པོ་གྱོན་པར་མཉམ་འཇོག་བྱས་ཏེ་ལུས་དྲོད་སྲུང་བར་དོ་སྣང་བྱེད་དགོས་ལ། ཕྱི་རོལ་དུ་འགྲོ་ཚད་ཇེ་ཉུང་དུ་གཏོང་དགོས།
༼༢༽ སེར་བ་འབབ་དུས་སུ་ཁྱིམ་ལ་འཛུལ་དགོས་ཏེ། སྒོ་ན་ཡོད་དུས་མགོ་ལ་སྲུང་སྐྱོང་ཡག་པོ་བྱས་ནས་ཁྱིམ་ལ་འཛུལ་དགོས་ཤིང་། རྨས་སྐྱོན་ཕོག་པར་སྔོན་འགོག་བྱེད་དགོས།
༼གཉིས༽བབ་བསྟུན་སྔོན་ཇུས།
དྲག་ཆར་དང་ཐོག་ལ་སྔོན་འགོག་བྱེད་པའི་བབ་བསྟུན་སྔོན་ཇུས།
ཐོག་གི་གནོད་སྐྱོན་འགོག་སེལ་ལས་ཀར་ཤུགས་སྣོན་རྒྱག་པ་དང་། རྒྱལ་ཁབ་ཀྱི་ཁེ་ཕན་དང་དགེ་སློབ་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་། སློབ་གྲྭ་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་དུ། དབྱར་དུས་སུ་ཐོག་གིས་རྒྱག་པ་དང་ཆར་ཆུ་མོད་པའི་ཁྱད་ཆོས་ལ་དམིགས་ཏེ། རྒྱལ་ཁབ་ཀྱིས་འབྲེལ་ཡོད་གཏན་འབེབས་ལ་གཞིར་བཟུང་ནས་སྔོན་ཇུས་འདི་བཟོས་པ་རེད།
༼༡༽འགོ་ཁྲིད་ཚོ་ཆུང་འཛུགས་པ།
༼༢༽ཐོག་འགོག་བདེ་འཇགས་དྲིལ་བསྒྲགས་སློབ་གསོ། ཐོག་འགོག་བདེ་འཇགས་ཀྱི་སློབ་གྲྭ་ཡོངས་ཀྱི་གཅིག་སྡུད་དྲིལ་བསྒྲགས་སློབ་གསོའི་ལས་དོན་དང་འཛིན་གྲྭ་བགོས་ནས་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་བར་གཙོ་བོ་འཛིན་གྲྭ་སོ་སོའི་འཛིན་བདག་དགེ་རྒན་གྱིས་འགན་འཁུར་དགོས། ཐོག་འགོག་བདེ་འཇགས་སློབ་གསོའི་ནང་དོན་ལ། སློབ་ཆུང་སློབ་མས་ཐོག་གི་གནོད་འཚེར་སྔོན་འགོག་བྱེད་ཐབས་ལ། ཁང་པའི་ཕྱི་ནང་དུ་ཐོག་འགོག་ཐབས་དང་། ཐོག་གིས་བརྒྱབ་དུས་གང་དུ་གཡོལ་བ། འབྲུག་གྲགས་རྗེས་མྱུར་སྐྱོབ་དང་། རང་སྐྱོབ། ཕན་ཚུན་སྐྱོབ་རེས་བྱེད་ཐབས་སོགས་ཡོད།
༼༣༽ ཐོག་འགོག་སྒྲིག་ཆས།
གཏན་འབེབས་ལྟར་སློབ་གྲྭའི་འཛུགས་སྐྲུན་ཐོག་ཁང་དུ་ཐོག་འགོག་སྒྲིག་ཆས་འཇོག་དགོས་པ་དང་། དུས་ལྟར་ཞིབ་དཔྱད་ཚད་ལེན་བྱས་ནས་དུས་ལྟར་ཞིག་གསོ་བྱེད་དགོས།
༼༤༽ ཐོག་འགོག་བབ་བསྟུན་ཐག་གཅོད།
a སློབ་གྲྭའི་ནང་དུ་དྲག་ཆར་དང་། གློག་འཁྱུག་པ།འབྲུག་སྒྲ་གྲགས་པ་སོགས་ཀྱི་སྣང་ཚུལ་འབྱུང་ལ་ཉེ་བའི་སྐབས་སུ། སློབ་གྲྭའི་ནང་གི་གློག་ཁུངས་ཡོད་ཚད་ཀྱི་སྒོ་གཏན་དགོས།
b.འཛིན་བདག་དགེ་རྒན་སོ་སོས་ངེས་པར་དུ་ཕྱི་རོལ་ན་བྱ་འགུལ་སྤེལ་བཞིན་པའི་སློབ་མ་རྣམས་ལ་སློབ་ཁང་དུ་ལོག་པའི་བརྡ་གཏོང་དགོས།
c.གློག་འཁྱུག་པ་དང་ཐོག་གིས་རྒྱག་པའི་སྐབས་སུ། སྒོ་དང་སྒེའུ་ཁུང་གཏན་དགོས་ལ། ཁ་པར་དང་ལག་ཐོགས་ཁ་པར་བཀོལ་མི་ཆོག་པ་དང་། ཁང་པའི་ནང་གི་ལྕགས་རིགས་ཀྱི་སྒྲིག་ཆས་དང་། སྒོ་དང་སྒེའུ་ཁུང་སོགས་ཀྱི་ཉེ་སར་བཅར་མི་རུང་།
d.སློབ་མར་ཐོག་གིས་བརྒྱབ་ན་དུས་ཐོག་ཏུ་མྱུར་སྐྱོབ་བྱེད་དགོས་ཏེ། སྔོན་ལ་རྨས་མ་དྲང་པོར་བཞག་ནས་ངལ་གསོ་རུ་འཇུག་དགོས། གལ་ཏེ་རྨས་མའི་སྙིང་ལྡིང་མཚམས་བཞག་ན་མྱུར་དུ་རྩོལ་བྱུང་འབྱིན་རྔུབ་བྱེད་དགོས།
e.ཐོག་གིས་བརྒྱབ་པའི་དོན་རྐྱེན་བྱུང་རྗེས། ཡུལ་དངོས་སུ་གནས་སྐབས་ཀྱི་མྱུར་སྐྱོབ་མི་སྣ་ཡོད་མེད་གང་ཡིན་རུང་། མྱུར་དུ་༡༢༠ལ་ཁ་པར་གཏང་སྟེ། ཆེད་ལས་སྨན་པར་མྱུར་སྐྱོབ་བྱེད་དུ་འཇུག་པ་དང་། རྨས་མའི་ལྟ་སྐྱོང་པར་འཕྲལ་དུ་ཡུལ་དངོས་སམ་སྨན་ཁང་དུ་ཐོན་པའི་བརྡ་གཏོང་དགོས།
༼གསུམ༽མཇུག་བསྡོམས།
་བུར་དུ་བྱུང་བའི་རང་བྱུང་གནོད་འཚེའི་མདུན་དུ་མིའི་རིགས་ཧ་ཅང་ཉམས་ཆུང་བས། གནོད་འཚེ་རེ་རེས་ང་ཚོའི་རྒྱལ་ཁབ་དང་མི་དམངས་ལ་གོད་ཆག་ཆེན་པོ་ཐེབས་ཡོད། གནོད་འཚེར་སྔོན་འགོག་བྱེད་པའི་བབ་བསྟུན་ནང་རྐྱེན་དང་། སྔོན་བརྡ་དང་ཉེན་བརྡ་གཏོང་ཐབས། གནོད་འཚེ་བྱུང་རྗེས་ཀྱི་རོགས་སྐྱོབ་ཐབས་ལམ་བཅས་འཐུས་ཚང་དུ་བཏང་ན། གནོད་འཚེའི་མདུན་དུ་ང་ཚོ་མགོན་མེད་སྐྱབས་མེད་དུ་འགྱུར་མི་སྲིད་ལ། གནོད་པ་ཐེབས་ཚད་ཇེ་ཆུང་དུ་གཏོང་ཐུབ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1