ཨུ་རུ་སུ་དང་ཨ་རིའི་དམག་འཁོར་སི་རི་ཡར་གདོང་ཐུག་བྱུང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-31



 
     ཤིན་ཧྭ་གསར་འགྱུར་དྲ་བས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་8ཚེས་27ཉིན། ཨུ་རུ་སུ་རྒྱལ་སྲུང་པུའུ་ཡིས་ཚེས་27ཉིན་ཨུ་རུ་སུ་དང་ཨ་རིའི་དམག་གི་རླངས་འཁོར་སི་རི་ཡ་རུ་གདོང་ཐུག་བྱུང་བའི་ཐད་ལ་གསལ་བསྒྲགས་སྤེལ་དོན། ཨུ་རུ་སུ་ཕྱོགས་ཀྱིས་དོན་དག་མ་བྱུང་གོང་ནས་སི་རི་ཡའི་མངའ་ཁོངས་སུ་དམག་མི་ཉེན་རྟོག་པའི་རླངས་འཁོར་རུ་ཁག་གི་འགྲོ་ཕྱོགས་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”རྡུང་རྡེག་གཏོང་མཁན་རྒྱལ་སྤྱིའི་རྒྱལ་ཕྲན་མཉམ་འབྲེལ་ལ་བརྡ་བཏང་ཡོད། ཨ་རི་ཕྱོགས་ཀྱིས་ད་ཡོད་ཀྱི་གྲོས་ཆིངས་དང་འགལ་ནས། ཨུ་རུ་སུ་ཕྱོགས་ཀྱི་སྐོར་ཞིབ་བཀག་འགོག་བྱེད་རྩིས་བྱས་ཟེར། 
    ཨ་རིའི་སྨྱན་སྦྱོར་གྱིས་ཚེས་26ཉིན་གནས་འཕྲིན་སྤེལ་དོན། ཨ་རི་དང་ཨུ་རུ་སུ་དམག་གི་རླངས་འཁོར་ཚེས་25ཉིན་སི་རི་ཡའི་བྱང་ཤར་རྒྱུད་དུ་གདོང་ཐུག་བྱུང་བ་ཞིང་། ཨུ་རུ་སུའི་དམག་གི་རླངས་འཁོར“ཉེན་ཁ་ཆེ་བའི་བྱེད་ཐབས་ལ་བརྟེན་ནས་ཨ་རིའི་དམག་གི་རླངས་འཁོར་གྱི་རྗེས་དེད་པ་རེད”ཨུ་རུ་སུའི་དམག་གི་རླངས་འཁོར་གྱིས་ཨ་རིའི་གཙོ་ཁྲིད་བྱེད་པའི་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”རྡུང་རྡེག་གཏོང་མཁན་རྒྱལ་སྤྱིའི་མཉམ་འབྲེལ་དམག་གི་རླངས་འཁོར་ལ“རྐང་བཙུགས་ནས་གདོང་ཐུག་བྱས”པས། ཨ་རིའི་དམག་མི་4རྨས་ཡོད། ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཇོན་ཡུའུ་ལི་ཨའོ་ཐེ་ཡིས་ཨུ་རུ་སུའི་བྱ་སྤྱོད་ནི“ཉེན་ཁ་ལྡན་པ་དང་ཆེད་ལས་ཅན་ཞིག་མིན་ཚུལ”སྐྱོན་བརྗོད་བྱས། 
    ཨུ་རུ་སུའི་རྒྱལ་སྲུང་པུའི་གསལ་བསྒྲགས་ནང་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཇུས་དཔོན་ཀེ་ལ་ཤི་མོ་ཧྥུའུ་དང་ཨ་རིའི་དམག་གི་ཇུས་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་སྨི་ལི་ཡིས་ཚེས་26ཉིན་ཁ་པར་བཏང་བ་རེད། གསལ་བསྒྲགས་ནང་ཀེ་ལ་ཤི་མོ་ཧྥུའུ་ཡི་གཏམ་བཤད་དྲངས་ཏེ། འབྲེལ་ཡོད་གཏན་འབེབས་ལ་གཞིགས་ན། ཨུ་རུ་སུ་ཕྱོགས་ཀྱིས་སྔོན་ཚུད་ནས་དེའི་དམག་དཔུང་དང་ཉེན་རྟོག་པའི་རླངས་འཁོར་རུ་ཁག་གི་འགྲོ་ཕྱོགས་དེ་ཐལ་སྐྱོད་རྩ་འཛུགས“དབྱི་སི་ལན་རྒྱལ་ཁབ”རྡུང་རྡེག་གཏོང་མཁན་རྒྱལ་སྤྱིའི་མནའ་འབྲེལ་ལ་བརྡ་བཏང་ཡང་། ཨ་རིའི་དམག་དཔུང་གི་མི་སྣས་ད་ཡོད་ཀྱི་གྲོས་ཆིངས་དང་འགལ་ནས་ཨུ་རུ་སུ་ཕྱོགས་ཀྱི་སྐོར་ཞིབ་ལ་བཀག་འགོག་བྱེད་རྩིས་བྱས།
    སྐབས་བསྟུན་གྱི་བྱ་སྤྱོད་སྤེལ་བའི་ངོས་ནས་ཨུ་རུ་སུའི་དམག་མི་དང་ཉེན་རྟོག་པས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་པའི་དམིགས་ཡུལ་ནི་བསམ་ཡུལ་ལས་འདས་པའི་དོན་རྐྱེན་ཐོན་རྒྱུར་སྔོན་འགོག་བྱེད་པ་དང་འབྲེལ་གཏན་ལ་ཕབ་པའི་ལས་འགན་མུ་མཐུད་ལག་བསྟར་བྱ་རྒྱུ་དེ་རེད།
    སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱིས་སྤེལ་བའི་བརྙན་རིས་ཞིག་ལས་མངོན་གསལ་ལྟར་ན། ཨ་རིའི་དམག་དཔུང་གི་རླངས་འཁོར་གཉིས་ཀྱིས་ཨུ་རུ་སུའི་དམག་དཔུང་གི་རླངས་འཁོར་རུ་ཁག་མདུན་དུ་བསྐྱོད་པར་བཀག་འགོག་བྱེད་རྩིས་བྱས་པ་དང་། ཕྱོགས་གཉིས་ཀྱི་རླངས་འཁོར་ཉེ་བར་བཅར་རྗེས་གདོང་ཐུག་བྱུང་ཞིང་། ཡུལ་དངོས་སུ་ད་དུང་ཨུ་རུ་སུའི་དམག་དཔུང་གི་ཐད་འཕུར་གནམ་གྲུ་དམའ་སར་ལྡིང་སྐོར་རྒྱག་བཞིན་ཡོད། 
   ཨ་རིའི་སྨྱན་སྦྱོར་གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། མིག་སྔར་ཨ་རིའི་དམག་མི་500སི་རི་ཡ་རུ་བསྡད་ནས། ཁུར་ཏེའི་དྲག་དཔུང་གིས་གཙོ་ཁྲིད་བྱེད་པའི“སི་རི་ཡའི་དམངས་གཙོའི་དམག”ལ་རོགས་རམ་བྱས་ནས“དབྱི་སི་ལན་རྒྱལ་ཁབ”ཀྱི་ལྷག་ལུས་སྟོབས་ཤུགས་ལ་རྡུང་རྡེག་དང་ས་ཁོངས་ཀྱི་སྣུམ་ཞིང་བདེ་འཇགས་འགན་སྲུང་བྱེད་བཞིན་ཡོད། 

   2015ལོའི་ཟླ་9པར་སི་རི་ཡའི་སྲིད་གཞུང་གི་རེ་ཞུས་ལྟར། ཨུ་རུ་སུའི་དམག་དཔུང་སི་རི་ཡའི་ཧོ་མའེ་སྨི་མུའུ་མཁའ་དམག་རྟེན་གཞིར་བཅའ་སྡོད་བྱས་ཏེ་སི་རི་ཡའི་སྲིད་གཞུང་དམག་ལ་སི་རི་ཡའི་མངའ་ཁོངས་ཀྱི་ཐལ་སྐྱོད་པར་རྡུང་རྡེག་གཏོང་རོགས་བྱས་པ་རེད། 2017ལོའི་ཟླ་12པར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་ཧོ་མའེ་སྨི་མུའུ་མཁའ་དམག་རྟེན་གཞི་དང་ཐར་ཐུའུ་སིའི་མཚོ་དམག་རྟེན་གཞིར་བཅའ་སྡོད་མུ་མཐུད་རང་སོར་བཞག་པ་རེད། 

http://tibet.people.com.cn/15822402.html  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1