ཉེ་བའི་ལོ་ཤས་རིང་། ལྕགས་ཟམ་རྫོང་གིས་ཐོན་ལས་ལ་དམ་འཛིན་དང་ལས་ཞུགས་ལ་སྐུལ་འདེད་བཏང་ཞིང་། བཟོ་ལས་ཐོན་ལས་ཀྱིས་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ནུས་ཆེ་རུ་ཏན་ཏིག་བཏང་བ་དང་། ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་ཁྲིད་བྱ་རྒྱུ་དེ་དབུལ་ཐར་འགག་སྒྲོལ་གྱི་ཤུགས་རྒྱག་སར་བརྩིས་ནས་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་ཡོད།
ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་ཆེད་དབུལ་ཐར་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ཁྲིད་བྱས་ཡོད། ན་ནིང་ལྕགས་ཟམ་ཁ་རྫོང་གིས“1+3”སྲིད་ཇུས་བཏོན་ཡོད་དེ། དེའི་དམིགས་ཡུལ་ནི་ཚོང་དང་མ་རྩ་འདྲེན་འགུགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་མ་འཇོག་ཁོར་ཡུག་ལེགས་སུ་གཏང་རྒྱུ་དེ་ཡིན། ཚད་གཞི་དམའ་རུ་བཏང་ནས་མ་འཇོག་ལ་སྐུལ་ལྕག་བྱེད་པ་དང་ཁེ་ལས་ཀྱི་ཁུར་པོ་ཡང་དུ་གཏོང་བ། ཐོན་ལས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། བཟོ་ལས་ཐོན་ལས་འཕེལ་རྒྱས་ཐད་ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་། གཏེར་རྫས་ཁྱད་འཕགས་ཀྱི་འཛུགས་སྐྲུན་རྒྱུ་ཆ། རྒྱ་ལུགས་དང་བོད་ལུགས་གསོ་རིག མི་རིགས་ལག་ཤེས་བཟོ་རྩལ་ལས་སྣོན་སོགས་ཞིང་སྡེ་དང་། ཞིང་ལས། མང་ཚོགས་བཅས་དབུལ་ཐར་ཕྱུག་འགྱུར་དང་འབྲེལ་བ་དམ་ཟབ་ཡོད་པའི་ཐོན་ལས་འཕེལ་རྒྱས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད།
ཁེ་ལས་བཙུགས་པ་དེ་ཐད་ཀར་མི་འབོར་ལས་ཞུགས་ཐག་གཅོད་བྱེད་པའི་ཐད་ལ་མཚོན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལྕགས་ཟམ་རྫོང་ཡོངས་ཀྱིས་གཉེར་སྐྱོང་བྱས་པའི་བཟོ་ལས་ཁེ་ལས་ཀྱི་ལས་ཞུགས་མི་སྣ་ཆིག་སྟོང་ལ་ཉེ་བའི་ནང་ལྕགས་ཟམ་ས་གནས་དེ་གའི་མི་འབོར་ལས་ཞུགས་བྱེད་ཚད་བརྒྱ་ཆ80ཡན་ལ་ཟིན་ཡོད། ཧྲན་ཧྲེང་ཨར་འདམ་དང་། ཏ་ཁྲེང་གཏེར་ལས་སོགས་གཙོ་གནད་བཟོ་ལས་ཁེ་ལས་ཀྱིས་ལོ་ལྟར་དུད་ཚང་དབུལ་པོའི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།
ཞིང་ལས་ཐད་མུའུ་ཁྲི5ཡོད་པ་གསུམ་ལས་སྤུས་ལེགས་རྒྱ་མེན་མུའུ་ཁྲི5དང་། སྤུས་ལེགས་སྟར་ཁ་མུའུ་ཁྲི5 ཁྱད་ལྡན་ཤིང་ཏོག་མུའུ་ཁྲི5བཅས་འཕེལ་རྒྱས་ཀྱི་འཆར་འགོད་དང་བསྟུན་ཆེད། ལྕགས་ཟམ་རྫོང་གིས་ལེགས་ཆར་དམིགས་ནས་ཐོན་ལས་བསྐྲུན་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱ་མེན་དང་། ནས། གཡེར་མ། སྟར་ཁ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན་བྱེད་མཁན་ཡོན་ཀྲེང་བཟའ་བཅའ་ཚད་ཡོད་སྤྱི་གཉེར་ཁང་དང་། གངས་དཀར་གངས་ལྗོངས་སྐྱེ་དངོས་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་སོགས་ཁེ་ལས་ཁག་གཅིག་ནང་འདྲེན་བྱས་པ་རེད། 2017ལོ་ནས2019ལོ་བར་རྫོང་ཡོངས་སུ་རིམ་རྩིས་བྱས་ན་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར1.37ལ་ཟིན་ཡོད།།