[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་གཙོ་བོ་ཨ་མེ་རི་ཁའི་ལོ་ཙཱའི་དཔྱད་བརྗོད་པ་ཆེན་མོ་པཱ་ཐི་ཉིའུ་མཱ་ཁོའུ་ཡི་རང་ལུགས་ཏེ་ཕྱོགས་བསྡུས་རང་བཞིན་གྱི་ཞིབ་འཇུག་བྱེད་ཐབས་སྤྱད་དེ། 《ཁུང་དབྱི་ཅི》ཞེས་པའི་སྒྲུང་གཏམ་གྱི་མ་རྩོམ་དང་། རྩོམ་པ་པོའི་ཀུན་སློང་། རྩོམ་ལུས་དང་ཀློག་པ་པོའི་ཚོར་སྣང་བཅས་ལ་དཔྱད་པར་མ་ཟད། ད་དུང་འགྱུར་རྩོམ་ལས་སྤྱད་པའི་སྒྱུར་ཐབས་དང་ཁྱད་ཆོས ། འགྱུར་གྱི་སྤུས་ཀ་ལ་གདེང་འཇོག་བཅས་ཀྱི་ཆ་ནས་འགྱུར་རྩོམ་གྱི་སྐྱོན་ཡོན་བརྗོད་ཡོད།
[གནད་ཚིག] ཁུང་དབྱི་ཅི། འགྱུར་རྩོམ། གཤིབ་སྡུར།
དང་པོ། 《ཁུང་དབྱི་ཅི》ཞེས་པའི་སྒྲུང་གཏམ་གྱི་བརྗོད་བྱ་གཙོ་བོ་དང་ཁྱད་ཆོས་བརྗོད་པ།
སྤྱིར་འགྱུར་ལ་དཔྱད་པ་གཏོང་བ་ཡིན་ན། མ་རྩོམ་གྱི་རྩོམ་པ་པོའི་ལོ་རྒྱུས་དང་སྤྱི་ཚོགས་ཀྱི་གནས་བབ། རྩོམ་པ་པོའི་དགོངས་དོན་བཅས་ལ་གོ་བ་ཟབ་མོ་ཞིག་ལོན་དགོས།《ཁུང་དབྱི་ཅི》ཞེས་པའི་སྒྲུང་གཏམ་ནི་རྒྱའི་རྩོམ་རིག་པ་གྲགས་ཅན་དང་ལོ་ཙཱ་པ་ཆེན་མོ་སྐུ་ཞབས་ལུའུ་ཞུན་ལགས་ཡིན་ལ། དེ་ཡང་ཁོང་གི་མིང་དུ་གྲགས་པའི་སྒྲུང་གཏམ་གྱི་གྲས་ཤིག་ཡིན། སྐུ་ཞབས་ལུའུ་ཞུན་ནི་ལོ་རྒྱུས་ཀྱི་དཀྱོགས་མཚམས་བརྒལ་བའི་དེང་རབས་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་དང་། གསར་བརྗེ་སྙིང་སྟོབས་དགུང་ལ་བསྙེགས་པའི་རྩོམ་རིག་པའི་ཚབ་བྱེད་མི་སྣ་གཙོ་བོ་ཞིག་ཡིན་པས། ཁོང་གིས་འདེམ་གྲུག་ལམ་ལུགས་ལས་མིང་མཐར་ལྷུང་མཁན་ཁུང་དབྱི་ཅི་ལྟ་བུའི་དཔེ་ཆ་པ་ཞིག་གི་མི་ཚེའི་སྐྱོ་སྒྲུང་བྲིས་པ་བརྒྱུད་ནས་དེའི་དུས་སུ་འདེམ་གྲུག་ལམ་ལུགས་ཀྱིས་དཔེ་ཆ་པ་དག་ལ་བཞག་པའི་ཤན་ཤུགས་གསལ་ལེར་མངོན་པ་དང་། དེ་དང་མཉམ་དུ་ལམ་ལུགས་དེ་ལས་སྐྱོ་གདུང་གིས་ཁེངས་པའི་སྤྱི་ཚོགས་ཀྱི་རྣམ་པ་དེ་ལ་སུན་འབྱིན་བྱས་ཡོད། གཞུང་དངོས་སུ་ཐོག་མར་རང་བྱུང་ཚན་པ་དང་པོ་ནས་གསུམ་པའི་བར་དུ་ལུའུ་ཀྲིན་གྲོང་ཁྱེར་གྱི་ཆང་ཁང་གི་བཀོད་པ་དང་དེར་སླེབས་པའི་མགྲོན་པོ་དག་གི་ཕྱིའི་རྣམ་པ། དོན་རྐྱེན་དེ་བྱུང་བའི་ཁོར་ཡུག་དང་བྱུང་རིམ་ཁྲོད་ཀྱི་འགྱུར་ལྡོག དེ་ལས་མི་སྣ་གཙོ་བོ་ཁུང་དབྱི་ཅི་ངོ་སྤྲོད་བྱས་ཡོད།
བར་དུ་རང་བྱུང་ཚན་པ་བཞི་པ་ནས་དགུ་པའི་ནང་མི་སྣ་གཙོ་བོ་ཁུང་དབྱི་ཅིའི་བྱ་སྤྱོད་དང་གྱོན་ཆས། སྐད་ཆ། མཚང་མིང་བཅས་ཞིབ་འབྲི་བྱས་ཏེ་ཁོའི་རང་གཤིས་ཇི་འདྲ་ཞིག་ཡིན་པ་དང་བརྐུས་བྱས་པའི་རྒྱུ་མཚན་བཅས་གསལ་པོར་བརྗོད་ཞིང་། རང་བྱུང་ཚན་པ་བཅུ་པ་ནས་བཅུ་གཅིག་པར་མི་སྣ་གཙོ་བོ་ཁུང་དབྱི་ཅི་ཡི་རྐང་པ་བཅག་རྗེས་ཀྱི་བྱ་སྤྱོད་དང་གྱོན་ཆས། རྣམ་འགྱུར་སོགས་འཕྱོར་འབྲི་བྱས་པ་དང་། མཐར་རང་བྱུང་ཚན་པ་བཅུ་གཉིས་པ་དང་བཅུ་གསུམ་པ་ལས་མཇུག་བསྡུས་ཏེ། ཀློག་པ་པོ་དག་ལ་ཕྱིར་དྲན་གྱི་ཚོར་བ་ཟབ་མོ་ཞིག་སྦྱིན་ཡོད། ད་དུང་དོང་ཙེ་དགུ་ཞེས་པ་དེ་ལས་མི་སྣ་གཙོ་བོ་ཁུང་དབྱི་ཅི་ཡི་རིན་ཐང་མངོན་པ་དང་ཡིད་སྐྱོ་བའི་མི་ཚེ་ཡི་མཇུག་འབྲས་གསལ་བརྗོད་བྱས་ཡོད། སྒྲུང་གཏམ་སྤྱིའི་ཆ་ནས་མཚོན་ན་དེ་ནི་ཁུང་དབྱི་ཅིའི་མི་ཚེ་ཡི་སྐྱོ་སྒྲུང་ཞིག་བྲིས་ནའང་། མཚོན་དོན་རྒྱ་ཆེ་ཞིང་ཀློག་པ་པོ་ལ་བསམ་བློའི་གོ་བ་ཆེན་པོ་ཞིག་སྐྱེས་ཐུབ་པ་ནི། མི་སྣ་གཙོ་བོ་ཁུང་དབྱི་ཅི་ནི་རང་སྣང་མཐོ་ཞིང་ངལ་རྩོལ་ལ་མི་དགའ་བ། ལྟོ་འདུན་ཆེ་ལ་ལེ་ལོ་ཕྱི་བཤོལ་ཅན་ཞིག་གི་སྣང་བརྙན་གསར་བཞེངས་བྱས་པ་དང་། དེ་ནས་འཚོ་བར་དཀའ་ཁག་བྱུང་ཡང་ལས་ཀ་མི་བྱེད་པར་མ་ཟད། བརྐུས་བྱས་ཏེ་འཚོ་རྟེན་བྱེད་པ། མཐར་བརྐུས་བྱས་པས་ཅུས་རེན་གྱིས་རྐང་པ་བཅག་པ་བཅས་རུལ་སུངས་སུ་གྱུར་པའི་འདེམ་གྲུག་ལམ་ལུགས་ཀྱིས་ཁོ་དང་ཁོ་ལྟ་བུའི་དཔེ་ཆ་པ་མི་ཉུང་བ་ཞིག་ལ་ཤུགས་རྐྱེན་བཟོས་པ་དང་། ཆང་ཁང་གི་གཉེར་པ་དང་མགྲོན་པོ་དག་གིས་ཁུང་དབྱི་ཅི་ལ་བཟུང་བའི་ལྟ་ཚུལ་ལས་མི་གཤིས་ཀྱི་སྐྱུག་བྲོ་བའི་རྣམ་པ་མངོན་ཞིང་། གཞན་ཡང་ཁུང་དབྱི་ཅིས་ཅུས་རེན་ཚང་གི་དཔེ་ཆ་བརྐུས་ཏེ་རྐང་པ་བཅག་པས་སྐབས་དེར་རྒྱལ་ཁྲིམས་སྣང་མེད་དུ་བཞག་པ་དང་། སྲིད་དབང་སྒེར་གཅོད་ཀྱི་ལུགས་དང་མི་མཐུན་པའི་སྤྱི་ཚོགས་ཀྱི་སྣང་བརྙན་མཚོན་ཡོད། རྩོམ་རིག་གི་ཐབས་ལ་བརྟེན་ནས་དཔེ་ཆ་པ་དག་གི་བསམ་བློ་རྗེས་ལུས་ཀྱིས་བཅིངས་པ་ལས་གྲོལ་ཏེ། བསམ་བློ་རྙིང་པ་དོར་ནས་སྔོན་ཐོན་དང་དྲང་ཕྱོགས་ཀྱི་ལམ་གསར་ཞིག་ལ་སྣེ་ཁྲིད་བྱེད་འདོད་པ་ནི་རྩོམ་པ་པོའི་དགོངས་གཞི་ཡིན། སྒྲུང་གཏམ་ཐུང་ཞིང་བརྗོད་སྙིང་འབུར་དུ་བཏོན་པ་དང་། ནང་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། སྐད་ཆ་ཞིབ་འབྲི་བྱས་པ་བརྒྱུད་ནས་མི་སྣའི་སྣང་བརྙན་གསར་བཞེངས་དང་སྤྱི་ཚོགས་གནས་བབ་འཕྱོར་འབྲི་བྱས་པ་ཧ་ཅང་གསོན་ཉམས་ལྡན། གཞུང་དངོས་སུ་འབོད་པའི་ཐ་སྙད་དང་པོ“ང”ཞེས་པའི་ལག་གཡོག་པས་མཐོང་ཐོས་མྱོང་གསུམ་གྱི་སྒོ་ནས་ཁུང་དབྱི་ཅིའི་མི་ཚེའི་སྐྱོ་སྡུག་བྲིས་ཡོད་པས། ཀློག་པ་པོ་ལ་དངོས་སུ་མྱོང་བ་ལྟ་བུའི་ཚོར་བ་ཞིག་སྦྱིན་ཞིང་། བརྩམས་སྒྲུང་སྤྱི་ལ་ཡིད་ཆེས་ཀྱི་རང་བཞིན་ཆེས་ཆེར་ལྡན། གཞན་ཡང་དྲང་བརྗོད་དང་འཁྱོག་བརྗོད་ཀྱི་སྒོ་ནས་ཆང་ཁང་གི་ཆང་ཚོང་བའམ་བཏུང་བ་འཐུང་བའི་གོ་རིམ་ཇི་བཞིན་བརྗོད་ནས་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད། དོན་གྱི་བྱུང་རིམ་ཚགས་དམ་ཞིང་ཚིག་སྔ་ཕྱི་འབྲེལ་ཆགས་པ། སྒྲིག་གཞི་ཚགས་དམ་ཞིང་གཏན་ཚིགས་ཀྱི་རང་བཞིན་ཤུགས་དྲགས་པར་མ་ཟད། རྩོམ་པ་པོས་གནས་ཀྱི་བཀོད་པ་ཞིབ་འབྲི་བྱས་པ་ཡང་ཧ་ཅང་ཞིབ་ཆ་ལྡན་པ་ཞིག་རེད། དེ་ལས་ལྷག་པ་ནི་སྒྲུང་གཏམ་ནང་བྱ་ཚིག་མང་པོ་གང་ལ་གང་འཚམ་གྱིས་སྦྱར་ལ། བྱ་སྤྱོད་ཀྱི་འབྲི་ཐབས་སྤྱད་ནས་མི་སྣའི་བྱ་སྤྱོད་དང་རྣམ་པ། གཟུགས་བརྙན། གོ་གནས་དང་རང་བཞིན། གཤིས་ཀ་སོགས་འཆར་རིས་བཞིན་མངོན་པར་གསལ་བའི་ཁྱད་ཆོས་འབུར་དུ་བཏོན་ཡོད། འབྲི་ཐབས་ཀྱི་ཆ་ནས་སྐུ་ཞབས་ལུའུ་ཞུན་གྱི་བརྩམས་ཆོས་མང་ཆེ་བ་ནི་སྤྲོ་སྣང་གི་འབྲི་ཐབས་སྤྱད་དེ་སྐྱོ་སྒྲུང་བྲིས་པ་ཞིག་ཡིན་ལ། རྩོམ་འདིར་སྤྲོ་བ་ལས་གཅིག་ནས་སྐྱོ་གདུང་གི་བྱུང་རིམ་མངོན་པར་གསལ་ཞིང་། ཕྱོགས་གཞན་ཞིག་ནས་བབ་ཅོལ་གྱི་ལབ་གླེང་དང་གཞན་སྟེང་དུ་སྤྲོ་སྣང་འཚོལ་བའི་མི་སྣའི་སྐད་ཆ་བྲིས་པ་བརྒྱུད་ནས་ཕ་རོལ་པོའི་སེམས་ཀྱི་སྐྱོ་གདུང་དང་གནས་བབ་ཞིབ་འབྲི་བྱས་ཡོད་ལ། སྐབས་དེའི་སྤྱི་ཚོགས་ཀྱི་སྐྱོ་བའི་སྣང་ཚུལ་དང་བཀས་བཀོད་རྒྱུད་འཛིན་གྱི་ཤན་ཤུགས་མཚང་བརྟོལ་བྱས་པ་དང་། འཕྲལ་གྱི་བདེ་བ་འཚོལ་ཕྱིར་ཉམ་ཆུང་ལ་ཟུར་ཟ་དང་སུན་འབྱིན་བྱེད་པའི་མི་གཤིས་ཀྱི་བྱ་སྤྱོད་ངན་པ་དག་མཚོན་ཡོད། ད་དུང་བསྡུར་བའི་འབྲི་ཐབས་སྤྱད་དེ། སྐབས་དེའི་སྤྱི་ཚོགས་ཀྱི་ཁྲོད་དུ་མ་རྩ་ཅན་ཏེ་ལྭ་རིང་གྱོན་པའི་མི་ནི་ཆང་ཁང་གི་སྟེགས་སྒམ་ནང་རོལ་ཏུ་བཞུགས་ནས་ཆང་འཐུང་བ་དང་ངལ་རྩོལ་པ་ལྭ་ཐུང་གྱོན་པ་ནི་སྟེགས་སྒམ་གྱི་ཕྱི་རོལ་དུ་ལངས་ནས་འདུག་པ་སྟེ་ཕྱོགས་གཉིས་སུ་བགར་བ་ལས་སྐབས་དེའི་འདྲ་མཉམ་མ་ཡིན་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་གསལ་པོར་མཚོན་ཡོད།
གཉིས་པ། བོད་འགྱུར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྗོད་པ།
སྤྱིར་རྩོམ་རིག་ལོ་ཙཱ་ནི་གསར་རྩོམ་གྱི་རྣམ་པ་ཞིག་ཡིན་ལ། མོའོ་ཏུན་གྱིས“རྩོམ་རིག་ལོ་ཙཱ་ནི་སྐད་རིགས་གཞན་ཞིག་ལ་བརྟེན་ནས་མ་རྩོམ་གྱི་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་མཚོན་ལ། དེ་ནི་ཀློག་པ་པོས་འགྱུར་རྩོམ་ཀློག་པའི་གོ་རིམ་ཁྲོད་མ་རྩོམ་ལ་རོལ་མྱོང་བྱེད་པ་དང་འདྲ་བར་བློ་སྒོ་འབྱེད་ཅིང་སེམས་འགུལ་ཐེབས་པ། དེས་མཛེས་པ་ལ་མྱོང་རོལ་བྱེད་ཐུབ་པ་ཞིག་ཡིན།”[1]ཞེས་གསུངས་པ་དང་། ཡང་སུའུ་ལེན་གྱི་རྩོམ་རིག་སྒྱུ་རྩལ་གྲུབ་མཐའི་ཚབ་བྱེད་མི་སྣ་ཅཱ་ཆི་ཆེའུ་ལཱ་ཙུས“རྩོམ་རིག་ལོ་ཙཱ་ནི་རྩོམ་རིག་གསར་གཏོད་ཀྱི་རྣམ་པ་ཞིག་ཡིན་ལ། གསར་གཏོད་ཀྱི་གོ་རིམ་ཁྲོད་དུ་མ་རྩོམ་གྱི་མངོན་པའི་འཚོ་བ་དངོས་དེ་མཚོན་པར་བྱེད་པའི་ནུས་པ་གཅིག་མཚུངས་ཡིན་པར། ལོ་ཙཱ་པས་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་ལས་རང་གི་བདམས་པའི་ནང་དོན་དང་རྣམ་པ་དེ་མ་རྩོམ་གྱི་སྒྱུ་རྩལ་དངོས་དང་གཅིག་གྱུར་ཏུ་གྲུབ་ཆོག”[2]ཅེས་གསུངས། 《ཁུང་དབྱི་ཅི》ཞེས་པའི་སྒྲུང་གཏམ་བོད་ཡིག་ཏུ་སྒྱུར་མཁན་ནི་རྒན་འགྱུར་མེད་ལགས་ཡིན་ལ། ཁོང་ནི་བོད་ཀྱི་དེང་རབས་རྩོམ་པ་པོ་དང་ལོ་ཙཱ་པ་གྲགས་ཅན་ཞིག་དང། རྒྱ་བོད་ཀྱི་རིག་གནས་ལ་ནང་བྱན་ཆུད་པ་ཞིག་ཡིན། ཁོང་གིས་སྒྲུང་གཏམ་དེ་མ་བསྒྱུར་སྔོན་ལ་སྐུ་ཞབས་ལུའུ་ཞུན་གྱི་ལྷུག་རྩོམ་ཕྱོགས་བསྒྲིགས་ལ་ཐེངས་བཅུ་ལྷག་ལ་གཟིགས་ཤིང་། མ་རྩོམ་དང་དེའི་ཁྱད་ཆོས། རྩོམ་པ་པོའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་གོ་བ་ཡང་ཡང་བླངས་སྐད་དོ། ། སྐུ་ཞབས་ལུའུ་ཞུན་ནི་ཆིན་རྒྱལ་རབས་འཇིག་ལ་ཉེ་སྐབས་ཀྱི་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པས། ཁོང་གི་བརྩམས་ཆོས་དག་ནི་ཕྱེད་གནའ་ཡིག་དང་ཕྱེད་དེང་ཡིག་གི་འབྲི་ཐབས་སྤྱད་ཡོད་དེ། རྒན་འགྱུར་མེད་ལགས་ཀྱིས་ཀྱང་ཚིག་དོན་མ་ཡིག་དང་བསྟུན་པ་གཙོ་བོར་བཟུང་ནས་བརྡ་རྙིང་མང་པོས་སྤྲས་པ་དང་། ལེགས་བཤད། གཏམ་དཔེ་སོགས་སྤྱད་པ་ཚིག་གོང་འོག་འབྲེལ་ཆགས་ཤིང་ཚིག་རྒྱན་གྱི་ཉམས་ཅི་དགར་ཐོན་ཡོད། ལྷག་པར་བོད་རང་གི་ལོ་རྒྱུས་ཁྲོད་ཀྱི་ལོ་ཙཱ་པའི་ཚད་གཞི་གསུམ་སྟེ། དོན་མ་ཡིག་དང་བསྟུན་པ། སྡེབ་སྦྱོར་ལེགས་པ། གོ་སླ་ཞིང་ཚིག་སྙན་པ་བཅས་ཀྱི་ཚད་གཞི་ཆ་ཚང་བར་མ་ཟད། ལོ་ཙཱའི་རྩ་དོན་གསུམ་སྟེ་བརྡ་རྙིང་སྔོག་འདོན་བྱེད་པ། མེད་པ་གསར་གཏོད་བྱེད་པ། མིང་ཇི་བཞིན་དུ་གཡོར་བ་སྟེ་སྒྲ་སྒྱུར་བྱེད་པའི་རྩ་དོན་གསུམ་ཡོངས་སུ་ཚང་བ་ནི་འགྱུར་རྩོམ་ལས། དང་པོ་ལ“འཛེངས་ཤིང་ཡེགས་པའི་སྨ་རའི་ནང་དུ་དཀར་པོར་གྱུར་པ་ཧ་ཅང་མང་། ཁོས་ལྭ་རིང་གྱོན་ཡོད་ཀྱང་། དེ་ཧྲུལ་ཞིང་བཙོག་པར་བལྟས་ན་ཕལ་ཆེར་ལོ་བཅུ་ལྷག་རིང་ལ་ལྷན་པ་མ་བརྒྱབ་ཅིང་མ་བཀྲུས་པ་འདྲ། ……”“ཁོའི་འཁྲིས་སུ་ཡོད་པའི་མི་དེས། ཁུང་དབྱི་ཅི། ཁྱོད་ཀྱིས་དངོས་གནས་ཡི་གེ་ཤེས་སམ་ཞེས་དྲིས་པ་ལ། ཁུང་དབྱི་ཅིས་འདྲི་མཁན་ལ་ལྟ་བཞིན་གདོང་ནས་ཁྱོད་ཀྱི་གཏམ་ལ་ལན་ལྡོན་རིན་མི་འདུག་སྙམ་པའི་ཉམས་ཤིག་མངོན་བཞིན་འདུག……” “ཁུང་དབྱི་ཅིས་གཅོམ་སྐྱུངས་ཀྱི་ངག་གིས་འགྲེད་ནས་ཆག་པ་རེད། འགྲེད། འགྲེད། ……ཅེས་ཟེར་ཞིང་།” ལྟ་བུ་མིང་དང་ཐ་སྙད་སྦྱར་བ་འོས་ཤིང་འཚམ་ལ་ཚིག་འབྲེལ་ཆགས་ཤིང་དོན་སྔར་ལས་ཤུགས་དྲག་པ་ཞིག་རེད། གཉིས་པ་ལ “盐煮笋” “སྨྱུག་ཚད་ཚྭ་ཅན” དང“ 茴香豆” “གོ་སྙོད་བསྲེས་པའི་སྲན་མ།” སོགས་མིང་བརྡ་སྔར་མེད་གསར་གཏོད་བྱས་པ་ཚད་ལྡན་ཡིན་ལ་གོ་སླ་བ་དང་། གསུམ་པ“举人” “ལ་ཅུས་རེན”དང“ 鲁镇的……”ལ“ལུའུ་ཀྲིན“གྲོང་རྡལ་གྱི”ཞེས་གྲོང་རྡལ་གྱི་མིང་སྒྲ་སྒྱུར་བྱས་པ་གང་ལ་གང་འཚམ་དུ་སྤྱད་ཡོད། བོད་རང་གི་བརྡ་སྤྲོད་ཀྱི་གཞུང་ལུགས་དང་མཐུན་ཞིང་། མ་རྩོམ་ལས་སྐུ་ཞབས་ལུའུ་ཞུན་གྱིས་བྱ་ཚིག་གི་ཉམས་འབུར་དུ་བཏོན་ནས་མི་སྣའི་སྣང་བརྙན་དང་བྱ་སྤྱོད་གསར་བཞེངས་བྱས་ཡོད་པས། འགྱུར་རྩོམ་ལས་ཀྱང “ཁུང་དབྱི་ཅི་ཆང་ཁང་དུ་ཡོང་ཚེ་ཆང་འཐུང་མཁན་གྱི་མི་ཚང་མས་ཁོ་ལ་ལྟ་བཞིན་དགོད་པ་དང་། ལ་ལས་ཁུང་དབྱི་ཅི་ཁྱོད་ཀྱི་གདོང་ལ་ཡང་རྨ་ཤུལ་གསར་པ་ཞིག་བཏོད་འདུག་ཨང་ཞེས་བཤད་ན་ཡང་། ཁོས་ལན་མི་འདེབས་པར་སྟེགས་སྒྲོམ་གྱི་མདུན་ནས་ནང་ལ་ཆང་བསྲོས་མ་དཀར་ཡོལ་དོ་དང་གོ་སྙོད་བསྲེས་པའི་སྲན་མ་སྡེར་མ་གང་ཁྱེར་ཤོག་ཟེར་བཞིན་ཨམ་ཕྲག་ནས་དོང་ཙེ་དགུ་ཕྱིར་བླངས་ནས་ལག་མཐིལ་དུ་བསྟར་བ་ན། ” “ཁུང་དབྱི་ཅིས་ཧ་ཅང་དགའ་བའི་ཉམས་ཀྱིས་མཛུ་གུ་གཉིས་ཀྱི་སེན་མོ་རིང་པོ་སྟེགས་སྒྲོམ་གྱི་སྟེང་དུ་རྡེབ་ཅིང་མགོ་ལྕོག་ལྕོག་བྱེད་བཞིན།” “ཁུང་དབྱི་ཅི་རྟབ་རྟབ་པོར་གྱུར་ཏེ། མཛུ་གུ་ལྔ་བོས་སྡེར་མ་བཀབ། སྐེད་པ་བསྒུར་ནས། ” སོགས་བྱ་ཚིག་གི་ནུས་པ་ཅི་ཐོན་བྱས་ཡོད། དེ་ཡང“ 草字头གི་འོག་ཏུ回ཞིག་འབྲི་དགོས་པ་ཁྱོད་ཀྱིས་ཁྲིད་དགོས་སམ་” ཞེས་དང་།” 孔乙己” ” 举人”སོགས་གཞན་སྐད་སོར་བཞག་བྱས་ཡོད་པ་དང་། “ 之乎者也” ཞེས་པ“ ཇི་སྐད་དུ། ཇི་སྟེ།འདི་ཀོ། མེད་དོ། ” ཚབ་སྒྱུར་དང་སྣོར་སྒྱུར། འཕྲི་སྣོན་གྱི་སྒྱུར་ཐབས་སྤྱད་པ་ཡང་འཚམ་ཞིང་གསོན་ཉམས་ལྡན། ཀློག་པ་པོ་ཞིག་གི་ཆ་ནས་བརྗོད་ན། བརྡ་སྤྲོད་དང་ཚིག་རྒྱན་གྱིས་སྤྲས་པ་གསོན་ཉམས་ལྡན་པ་ཞིག་ཡིན་པར་མ་ཟད། སྐུ་ཞབས་ལུའུ་ཞུན་གྱིས་ལག་ལེན་གྱི་ཁྲོད་དུ་ཡང་ན་ཤེས་རྟོགས་ཀྱི་ཐད་ནས་ཀྱང་ལོ་ཙཱ་བྱེད་པའི་བྱ་བ་དེ་སྐད་ཆ་གསར་བཅོས་དང་བསམ་བློ་སྒྱུར་བཅོས་བྱེད་པའི་བྱ་གཞག་ཆེན་པོ་ཞིག་ཏུ་བཟུང་ཞིང་།མི་རིགས་རིག་གནས་འཕེལ་རྒྱས་དང་གསར་གཏོད་བྱེད་པའི་ཐབས་ལམ་ཞིག་དང་རང་བཞིན་གྱི་དམིགས་ཡུལ་ཞིག་ཀྱང་ཡིན། ཁོང་གིས་སྒྱུར་ཐབས་ཀྱི་ཐད་ནས་ཀྱང་ཚིག་དོན་མ་ཡིག་དང་བསྟུན་པའམ་ཐད་སྒྱུར་གཙོ་བོར་བཟུང་ཡོད་དེ། ཚིག་གི་སྡེབ་སྦྱོར་མི་སྙོམས་ཀྱང་དོན་མ་ཡིག་དང་བསྟུན་པ་གཙོ་བོར་བྱེད་ལ། ལོ་ཙཱའི་ཐབས་ལམ་བརྒྱུད་དེ་རྒྱ་ཡིག་ལ་སྒྱུར་བཅོས་དང་ཚགས་དམ་པ། གཏན་ཚིགས་ཀྱི་རང་བཞིན་ཤུགས་དྲག་པར་གཏོང་བ་ནི་ལོ་ཙཱ་བྱ་བའི་ཐབས་ལམ་ཉག་ཅིག་ཡིན་པར་བཤད། དེར་བསྟུན་འགྱུར་རྩོམ་ལས་ཀྱང་སྐུ་ཞབས་ལུའུ་ཞུན་གྱི་ལོ་ཙཱའི་ལྟ་བ་དང་བོད་རང་གི་ལོ་རྒྱུས་ཁྲོད་ཀྱི་རིན་ཐང་ལྡན་པའི་ལོ་ཙཱའི་རྩ་དོན་དང་ཚད་གཞི་ཟུང་འབྲེལ་བྱས་ཏེ། འགྱུར་འདི་ལས་ཚིག་དོན་མ་ཡིག་དང་བསྟུན་པ་ཤུགས་ཆེ་ནའང་ཚིག་གི་སྡེབ་སྦྱོར་དོ་མཉམ་ཞིང་སྔ་ཕྱི་འབྲེལ་ཆགས་པ། གཏམ་དཔེ་དང་ལེགས་བཤད། ཚིག་རྒྱན་གྱིས་བཅིངས་པས་ཚིག་སྙན་ཞིང་འཇེབས་པ། གཞན་སྐད་སོར་བཞག་བྱས་པས་ཚིག་ལ་བབ་ཆགས་ཤིང་གོ་བདེ་བ་ཞིག་རེད། དེ་བས་ཀློག་པ་པོ་ཞིག་གི་ངོས་ནས་བརྗོད་ཚེ་འགྱུར་རྩོམ་གྱིས་མ་རྩོམ་གྱི་ཉམས་ཅི་དགར་ཐོན་ཐུབ་པར་མ་ཟད། བློ་རྒྱ་བསྐྱེད་ཅིང་སེམས་འགུལ་ཐེབས་ལ་དགའ་སྐྱོ་ཆགས་སྡང་གི་ཉམས་ཀྱང་ཅི་བཞིན་བསྐྱེད་ཐུབ། སྐུ་ཞབས་ལུའུ་ཞུན་གྱིས“ཁང་ཆེན་དམར་པོའི་རྨི་ལམ་བྱུང་བ་ནས་བཟུང་སྲོལ་རྒྱུན་གྱི་བསམ་བློ་དང་འབྲི་ཐབས་ཡོངས་སུ་བསྒྱུར་ཡོད”[3]ཅེས་གདེང་འཇོག་བྱས་ཡོད་པ་བཞིན། ཁུང་དབྱི་ཅི་ཞེས་པའི་བརྩམས་སྒྲུང་དེ་བོད་ཡིག་ཏུ་བསྒྱུར་བ་ལས་བོད་རང་གི་རིག་གནས་ཀྱི་ཆ་ལ་ཡང་བསམ་བློ་གསར་པ་ཞིག་དང་རྩོམ་རིག་འབྲི་ཐབས་ཤིག་ཡོངས་སུ་བསྒྱུར་ཏེ་ནང་འདྲེན་བྱས་ཡོད།
གསུམ་པ། མ་རྩོམ་དང་འགྱུར་རྩོམ་གཉིས་གཤིབ་སྡུར་བྱེད་པ།
1. མིང་གི་སྒྱུར་ཐབས་ལས་དཔྱད་པ།
རྩོམ་རིག་ལོ་ཙཱའི་སྐྱོན་ཡོན་བརྗོད་པ་དེ་སྒྲ་ཡངས་འཇུག་གི་ངོས་ནས་བརྗོད་ན། ལོ་ཙཱའི་བྱ་བ་ལ་གོ་རྟོགས་དང་གདེང་འཇོག་བྱེད་པ་ཞིག་ཡིན་ལ། སྒྲ་དོག་འཇུག་གི་ངོས་ནས་བརྗོད་ན། ལོ་ཙཱའི་སྐྱོན་ཡོན་བརྗོད་པ་ནི་ལོ་ཙཱའི་བྱ་བ་ལ་གཞུང་ལུགས་ཀྱི་ངོས་ནས་བསམ་བློ་གཏོང་བའམ་གདེང་འཇོག་བྱེད་པ་ཞིག་ཡིན། དེར་ལོ་ཙཱ་བྱ་བའི་རྣམ་པ་དང་མ་རྩོམ་ལ་བྱེ་བྲག་གི་གདེང་འཇོག་བྱེད་པ་དང་། གཞན་ལོ་ཙཱའི་ངོ་བོ་དང་གོ་རིམ།ལག་རྩལ་དང་བྱ་ཐབས། ཕན་ནུས་དང་ཤན་ཤུགས་བཅས་ལ་སྤྱིའི་གདེང་འཇོག་བྱེད་པ་བཅས་འདུས་ཤིང་། སྤྱི་བྱེ་བྲག་གང་གི་ངོས་ནས་གདེང་འཇོག་བྱས་ནའང་གཙོ་བོ་ལྟ་ཀློག་དང་གོ་རྟོགས། ཁ་བརྡ་བྱེད་པའི་རྨང་གཞིའི་སྟེང་གྲུབ་པ་ཞིག་ཡིན། སྤྱིར་ལོ་ཙཱ་ནི་རིག་གནས་གཉིས་སམ་གཉིས་ཡན་ཆད་འབྲེལ་འདྲིས་བྱེད་པའི་ལག་ཆ་ལྟ་བུ་ཞིག་ཡིན་པས། མ་རྩོམ་གྱི་སྒྱུ་རྩལ་གྱི་རྣམ་པ་དང་གོ་བརྡ་དེ་འགྱུར་ཡིག་ཏུ་གང་ལེགས་སུ་བསྒྱུར་དགོས་པར་མ་ཟད། འགྱུར་ཡིག་གི་སྐད་ཆའི་འབྲི་སྲོལ་དང་རིག་གནས་ཀྱི་ཁྱད་ཆོས་ལའང་བསྟུན་ཅི་ཐུབ་བྱ་དགོས། ང་ཚོས་ལོ་ཙཱ་བྱེད་སྐབས་སྒྱུར་ཐབས་གང་ཡིན་ཀྱང་ཤུགས་དྲགས་མི་རུང་ཞིང་། ཐད་སྒྱུར་ཤུགས་དྲག་པ་ལས་ཀློག་པ་པོས་འགྱུར་གྱི་གོ་དོན་རྟོགས་དཀའ་ལ། དོན་སྒྱུར་ཤུགས་དྲག་ཚེ་མ་རྩོམ་གྱི་དོན་དང་འགལ་བའི་སྐྱོན་འབྱུང་སྲིད། དེ་བས་ང་ཚོས་ལོ་ཙཱ་བྱེད་སྐབས་གང་ལ་གང་འཚམ་གྱི་སྒོ་ནས་མ་རྩོམ་གྱི་དོན་མཚོན་པར་བྱེད་པ་དང་མཉམ་དུ་བོད་རང་གི་སྐད་ཆའི་སྦྱོར་སྲོལ་དང་ཡང་མཐུན་པར་བྱ་དགོས། མ་རྩོམ་དང་འགྱུར་རྩོམ་གཉིས་ལས་མིང་གི་སྒྱུར་ཐབས་ཀྱི་ཆ་ནས་རགས་ཙམ་དཔྱད་ན། མ་ཡིག་ཏུ“ 描红纸” བྱ་བ་འགྱུར་ཡིག་ཏུ“ཡིག་དཔེ་དམར་པོ” ཞེས་དོན་སྒྱུར་བྱས་ཡོད་པ་ནི་སྤྱིར་ལོ་ཙཱའི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ནའང་དོན་སྒྱུར་ཤུགས་དྲག་ན་གོ་བ་ལོག་ཉེན་ཆེ་སྟེ། བོད་རང་ལ་མེད་པའི་མིང་དེ་སྒྱུར་སྐབས་རྒྱའི་རིག་གནས་ཀྱི་ནང་དོན་ཇི་བཞིན་མཚོན་ཞིང་བོད་རང་ལ་ཡང་གོ་སླ་བ་ཞིག་བསྒྱུར་དགོས། སྲོལ་རྒྱུན་གྱི་མིང་བརྡ་དག་ལོ་ཙཱ་བྱེད་དུས་དོན་སྒྱུར་དང་སྒྲ་སྒྱུར། ཐད་སྒྱུར་གྱི་སྒྱུར་ཐབས་གཙོ་བོ་ཡིན་ལ། 《现代汉语词典》ནང་དུ། “ 描红ཞེས་པ་ནི་མ་ཡིག་ཇི་བཞིན་དུ་བྲིས་པའི་དོན་དང་། 纸ནི་ཡི་གེ་འབྲི་བྱའི་ཤོག་བུའི་དོན་ཡིན་པས། ”[4]ལོ་ཙཱ་པས་དོན་སྒྱུར་བྱས་ཤིང་མ་རྩོམ་དང་འགྱུར་རྩོམ་གཉིས་ལས་དོན་མཚུངས་ཤིང་གོ་སླ་བ། མ་ཡིག་གི“ 掌柜”ལ་འགྱུར་ཡིག་ཏུ“སྦྱིན་བདག”ཅེེས་སྒྱུར་ཡོད་དེ། 《现代汉语词典》ནང་དུ“ 掌柜ཞེས་པ་ཚོང་ཁང་གི་བདག་པོ་དང་བདག་གཉེར་བྱེད་མཁན་གྱི་མི་ཉིས་ཆ་ལ་གོ་དགོས་ཤིང”[5]ཞེས་དང་། 《རྒྱ་བོད་ཤན་སྦྱར་ཚིག་མཛོད》དུ། “ཚོང་དཔོན”ཞེས་བསྒྱུར་ཡོད་དེ།[6]”སྦྱིན་བདག་ཞེས་པ་ནི་བོད་རང་གི་སྐད་དུ་སྦྱིན་མཁན་གྱི་བདག་པོའམ་གཞན་ལ་དངོས་ཟོག་སོགས་ཀྱི་གནང་སྦྱིན་གཏོང་མཁན་ལ་གོ །དེ་བས་སྐབས་བབ་ཀྱི་མ་རྩོམ་ལས་ཀྱང“ཚོང་བདག” “ཚོང་དཔོན”གྱི་དོན་ཡིན་པས་ཀློག་པ་པོ་བོད་རང་གི་སྐད་ལ་བྱང་མེད་པ་ཞིག་ཡིན་ཚེ་གོ་ལོག་ཉེན་ཆེའོ། །རྒྱའི་ལོ་ཙཱའི་མཁས་དབང་ཀྲིག་ཡུའུ་ནས“རྩོམ་རིག་ལོ་ཙཱ་ལ་གདེང་འཇོག་བྱེད་ན། གཙོ་བོ་འགྱུར་ཡིག་གི་སྤྱི་ཡོངས་ཀྱི་ཆ་ནས་ལེགས་གྲུབ་བྱུང་ཡོད་མེད་དང་། འགྱུར་ཡིག་དེ་སྤྱི་ངོས་ནས་མ་རྩོམ་གྱི་བསམ་བློའི་བརྗོད་དོན་དང་སྒྱུ་རྩལ་གྱི་ཉམས་འགྱུར་ཐོན་ཡོད་མེད། མ་རྩོམ་གྱི་རོ་བཅུད་དང་ཚིག་སྒྲིལ་དོན་ཟབ་གྱི་ཆ་དེ་ལེགས་པར་མཚོན་ཐུབ་ཡོད་མེད་སོགས་ལ་བལྟ་དགོས། གལ་ཏེ་འདི་དག་ལེགས་པོར་འཁྱོངས་ཡོད་པ་ཞིག་ཡིན་ན། ལོག་བསྒྱུར་གྱི་ཆ་སོགས་འགའ་ཤས་ཡོད་ནའང་དེ་ནི་མཆོག་ཏུ་གྱུར་པའི་ལོ་ཙཱ་རུ་བརྩི་འོས་སོ། །”[7]ཞེས་གསུངས་པ་ལྟར། མ་ཡིག་ཏུ“ 镇口”ལ་འགྱུར་ཡིག་ཏུ“གྲོང་མཐའ”ཞེས་དང་། “ 粉板”ལ“སམ་ཊ། “ 失职”ལ“འཐུས་ཤོར”སོགས་དོན་སྒྱུར་དང་ཐད་སྒྱུར་གང་འཚམ་དུ་སྤྱད་ཡོད་ལ། “ 鲁镇”ལ“ལུའུ་ཀྲིན་གྲོང་རྡལ”ཞེས་མིང་གཅིག་བླ་ཐབས་སུ་བསྣན་པ་ནི། 《སྒྲ་སྦྱོར་བམ་གཉིས》ལས།“ཡུལ་དང་སེམས་ཅན་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ནི། སྒྲ་འོ་ལེ་ཙམ་བསྒྱུར་དུ་བཏུབ་ཀྱང་དོན་ལ་ཐེ་ཚོམ་ཟ་བ་རྣམས། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོན་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག”[8] ཅེས་གསུངས་པ་དང་མཐུན་པར་འདུག། བོད་རང་གི་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་ལོ་ཙཱའི་ཚད་གཞི《སྒྲ་སྦྱོར་བམ་གཉིས》གཞིར་བཟུང་སྟེ་ཚིག་གི་བདེ་སྦྱོར་སྙོམ་ཞིང་དོན་ཡོངས་སུ་སྟོན་ལ། ཀློག་བདེ་བའི་ཆེད་དུ“ 鲁镇”ཅེས་མ་ཡིག་ལས་མིང་གཉིས་དེ་སྤྱིར་མ་ཡིག་གི་དོན་དང་བསྟུན་ན་“ལུའུ་གྲོང་བརྡལ”ཞེས་པའི་དོན་ཡིན་ཀྱང་། ཀློག་པ་པོ་དག་གི་ངག་ལས་ཀློག་བདེ་བའི་ཆེད་དུ“ལུའུ་ཀྲིན་གྲོང་བརྡལ”ཞེས་ཀྲིན་གྱི་སྒྲ་དེ་སྒྲ་སྒྱུར་བྱས་ཏེ་མིང་གཅིག་བླ་ཐབས་སུ་སྣོན་པའི་སྒྱུར་ཐབས་སྤྱད་ཡོད། གཞན་ཡང“ 孔乙己“ལ“ཁུང་དབྱི་ཅི”དང“ 举人“ལ“ཅུས་རེན”ཞེས་སྒྲ་སྒྱུར་གྱི་ཐབས་སྤྱད་པ་སོགས་གང་ལ་གང་འཚམ་གྱིས་སྒྱུར་ཐབས་སྣ་ཚོགས་རྩོམ་ལུས་གཅིག་གི་ཁོངས་སུ་བསྡུས་སོ། །
2. ཚིག་གི་སྒྱུར་ཐབས་ལ་དཔྱད་པ།
རྒྱའི་ལོ་ཙཱ་སྨྲ་བ་ཁྲིན་ཨན་ཏིན་གྱིས“དོན་སྙིང་ག་གེ་མོ་ཞིག་གི་སྟེང་ནས་བཤད་ན། ལོ་ཙཱ་ནི་རྩོམ་པ་པོ་དང་ཀློག་པ་པོ་གཉིས་བར་གྱི་ཟམ་པ་ལྟ་བུ་ཡིན་པར་མ་ཟད། རིག་གནས་གཉིས་བར་གྱི་ཟམ་པ་ཡིན་ལ། རྨད་བྱུང་སྒྱུ་རྩལ་ཞིང་ཁམས་དང་མཚར་སྡུག་འཇིག་རྟེན་དུ་བགྲོད་པའི་ཟམ་པའང་ཡིན།”[9]ཞེས་གསུངས་པ་བཞིན་དུ། རྒྱའི་མིང་དང་ཚིག་སོགས་བོད་ཡིག་ཏུ་སྒྱུར་སྐབས་ནང་དོན་ཇི་བཞིན་མཚོན་དགོས་པར་མ་ཟད། བོད་རང་གི་སྐད་ལའང་གོ་བདེ་བ་ཞིག་བྱེད་དགོས། མ་ཡིག་ཏུ”因为他姓孔,别人便从描红纸上的上大人孔乙己半懂不懂的话里,替他取下一个绰号,叫作孔乙己。”ཞེས་པ་འགྱུར་ཡིག་ཏུ“ ཁོའི་རུས་ཁུང་ཡིན་པས། མི་རྣམས་ཀྱིས་ཡིག་དཔེ་དམར་པོའི་སྟེང་གི་上大人孔乙 ཞེས་གོ་རྒྱུ་ཆེར་མེད་པའི་ཡིག་འབྲུ་དེ་དག་ལས་མིང་ཞིག་བཙལ་ནས་ཁོ་ལ་ཁུང་དབྱི་ཅི་ཞེས་བཏགས་པ་རེད།” ཅེས་མ་ཡིག་གི་དོན་དེ་ནོར་འཛོལ་མི་འབྱུང་ཞིང་བོད་རང་གི་སྐད་ལ་གོ་བདེ་བའི་ཆེད་དུ 上大人孔乙ཞེས་གཞན་སྐད་སོར་བཞག་བྱས་ཤིང་།གཞུང་དངོས་སུ་ད་དུང་སྣོན་འཕྲི་དང་། སྒྲ་སྒྱུར་སོགས་ཀྱི་སྒྱུར་ཐབས་ཡོངས་སུ་སྤྱད་པ། མ་ཡིག་ཏུ“孔乙己睁大眼睛说,你怎么这样凭空污人清白……“ “什么清白?我前天亲眼看见你偷了何家的书,吊着打“ ཞེས་པའི་ཚིག་དེ་འགྱུར་ཡིག་ཏུ“ཁུང་དབྱི་ཅིས་མིག་གཉིས་ཆེར་བགྲད་ནས་ཁྱོད་ཀྱིས་འདི་ལྟར་མི་དཀར་པོར་ཞྭ་མོ་ནག་པོ་བསྐོན་དོན་ཅི་ཡིན……ཞེས་ཟེར། མི་ཞིག་གིས་ཁྱོད་རང་དཀར་རྒྱུ་ཅི་ཡོད། ཁེ་ཉིན་ཁྱོད་ཀྱིས་ཧོ་ཚང་གི་དཔེ་ཆ་བརྐུས་པས། ཁྱོད་རང་གདུང་མར་དཔྱངས་ཏེ་རྡུང་བཞིན་པ་ངས་དངོས་སུ་མཐོང་བྱུང་ཞེས་སྨྲས་པས། ”ཞེས་པ་ལས་མ་ཡིག་ལས“མི་ཞིག་གིས”དང་ཡང་ན“གདུང་མ”ཞེས་པའི་མིང་དེ་མེད་ཀྱང་འགྱུར་ཡིག་ཏུ་བོད་རང་གི་སྐད་ལ་ཁ་གསལ་ཞིང་གོ་བདེ་བའི་ཆེད་དུ“མི་ཞིག་གིས”དང“གདུང་མ”ཞེས་པ་བསྣན་པའི་སྣོན་སྒྱུར་གྱི་བྱེད་ཐབས་སྤྱད་དེ་ཚིག་ཡོངས་སུ་ཆ་ཚང་བར་གྲུབ་ཡོད། མ་ཡིག་ནང་དུ། “ 这一回,是自己发昏,竟偷到丁举人家里去了。“ཚིག་དེ་འགྱུར་ཡིག་ཏུ“ ད་ཐེངས་ཁོས་ཅུས་རེན་ཏིང་ལགས་ཀྱི་ཁྱིམ་ལ་བརྐུས་བྱས་པ་རེད། ”ཅེས་པ་ལས་མ་ཡིག་ཁྲོད་ཀྱི“是自己发昏,“ཞེས་པའི་ཚིག་དེ་བསྒྱུར་མེད་ཀྱང་ཚིག་ཡོངས་ཀྱི་ཆ་ནས་གོ་བ་ལོག་ཉེན་དང་ཡང་ན་ཆ་ཚང་མིན་པའི་རྐྱེན་རེ་ཙམ་ཡང་མི་འབྱུང་བས་འཕྲི་སྒྱུར་བྱས་ཡོད། མ་ཡིག་ཏུ“他说,读过书……我便考你一考。茴香豆的茴字,怎样写的。“ ཚིག་དེ་འགྱུར་ཡིག་ཁྲོད་དུ“ ཁོས་ཁྱོད་ཀྱིས་དཔེ་ཆ་སྦྱངས་མྱོང་ན……ངས་ཁྱོད་ལ་རྒྱུགས་ཤིག་ལེན། 茴香豆 ཞེས་པའི 茴ཇི་ལྟར་འབྲིའམ”ཞེས་མ་ཡིག་གི་དོན་དེ་འགྱུར་ཡིག་ཁྲོད་དུ་གོ་ལོག་མི་འབྱུང་ཞིང་ནང་དོན་གསལ་པོར་མཚོན་པར་བྱེད་པའི་ཆེད་དུ་རྒྱ་སྐད་སོར་བཞག་བྱས་ཡོད། དེ་ལས་གཞན་སྐུ་ཞབས་ལུའུ་ཞུན་གྱི་རྩོམ་ནི་ཚིག་ཐུང་མང་པོའི་རྣམ་པ་ལྟར་བྲིས་ནའང་འགྱུར་རྩོམ་ཁྲོད་བོད་རང་གི་སྐད་ཆའི་སྦྱོར་སྲོལ་དང་མཐུན་པར་ཚིག་ལྷུག་གི་རྣམ་པར་བསྒྱུར་ཅིང་། མ་རྩོམ་ལས་ཁྱད་ཆོས་གཅིག་ནི་བྱ་ཚིག་མང་པོ་སྤྱད་དེ་མི་སྣའི་སྣང་བརྙན་དང་བྱ་སྤྱོད་མངོན་མཚོན་བྱེད་པ་དེ་ཡིན་ལ། རྒྱའི་མཁས་པ་དག་གིས་བྱ་བྱེད་ཀྱི་འབྲི་ཐབས་མང་པོ་སྤྱད་ན་ཡང་སྐུ་ཞབས་ལུའུ་ཞུན་གྱི་འབྲི་ཐབས་དེ་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ཡིན་པས། འགྱུར་རྩོམ་ཁྲོད་དུའང་དེ་ལས་མ་འདས་པར་ཇི་བཞིན་མཚོན་པར་བྱས་ཡོད་དེ། མ་ཡིག་ཏུ” 着了慌”ཞེས་པར་འགྱུར་ཡིག་ཏུ“རྟབ་རྟབ་པོར་གྱུར་ཏེ། ”ཞེས་དང་། མ་ཡིག་ཏུ”伸开五指将碟子罩住” ཞེས་པར་འགྱུར་ཡིག་ཁྲོད“མཛུ་གུ་ལྔ་བོས་སྡེར་མ་བཀབ།”ཅེས་བྱ་ཚིག་གི་ནུས་པ་མངོན་པར་བཏོད་ནས་མི་སྣའི་སྣང་བརྙན་དང་བྱ་སྤྱོད་ཇི་བཞིན་མཚོན་པར་བྱས་ཡོད་དོ། །
3. མ་རྩོམ་དང་འགྱུར་རྩོམ་གཉིས་ལས་ཚིག་སྦྱོར་གྱི་ཆ་ནས་གཤིབ་སྡུར་བྱེད་པ།
《ཁུང་དབྱི་ཅི》ཞེས་པའི་སྒྲུང་གཏམ་གྱི་མ་རྩོམ་དང་འགྱུར་རྩོམ་གཉིས་གཤིབ་སྡུར་བྱས་ཏེ་སྐྱོན་ཡོན་ཙམ་གླེང་ན་དེ་གཉིས་ལས་བཏོན་པའི་སྤྱི་ཚོགས་ཀྱི་རིན་ཐང་དང་བརྡ་སྤྲོད་ཀྱི་རིན་ཐང་། ཡང་ན་ལོ་རྒྱུས་ཀྱི་རིན་ཐང་གཅིག་མཚུངས་སུ་གྱུར་ཡོད། རྗོད་བྱེད་ཀྱི་ཆ་ནས་ཕྱེད་གནའ་ཡིག་དང་ཕྱེད་དེང་ཡིག་གི་རྣམ་པའི་ཁྱད་ཆོས་མངོན་ལ། མགོ་མཇུག་བར་གསུམ་གྱི་སྒྲིག་རིམ་ཚགས་དམ་ཞིང་གཏན་ཚིགས་ཀྱི་རང་བཞིན་ཤུགས་དྲག་པ། མི་སྣའི་སྣང་བརྙན་དང་བྱ་བྱེད་བྲིས་པ་གསོན་ཉམས་ལྡན་པས་ཀློག་པ་པོ་དག་ལ་བདེན་པའི་ཚོར་སྣང་སྦྱིན་པའི་ཚིག་ཐུང་མང་པོའི་ལམ་ནས་བྲིས་པའི་སྒྲུང་གཏམ་ཞིག་ཡིན། སྐུ་ཞབས་ལུའུ་ཞུན་ནི་རྒྱའི་ལོ་ཙཱ་པ་ཆེན་མོ་ཞིག་ཡིན་པས་ཁོང་གིས་ལོ་ཙཱའི་སྒྱུར་ཐབས་ཀྱི་ཐད་ཐད་སྒྱུར་གཙོ་བོར་བཟུང་ཞིང་འགྱུར་རྩོམ་སྤྱིའི་ཆ་ནས་ཡང་ཁོང་གི་ལྟ་བ་གཞིར་བཟུང་སྟེ་ཐད་སྒྱུར་གཙོ་བོར་བྱས་ཤིང་། ལོ་ཙཱ་པ་ཆེན་མོ་རྒན་འགྱུར་མེད་ལགས་ཀྱང་རྒྱ་བོད་ཀྱི་སྐད་གཉིས་ལ་བྱང་ཆ་ལྡན་པས། ཐད་སྒྱུར་གཙོར་གཟུང་བའི་ཞོར་དུ་སྒྱུར་ཐབས་སྣ་ཚོགས་སྤྱད་དེ་མ་ཡིག་གི་དོན་ལ་གཏོར་བརླག་མ་བྱས་པར་ཇི་བཞིན་མཚོན་པར་བྱས་པ་དང་། བོད་རང་སྐད་ལ་གོ་བདེ་ཞིང་ཚིག་དོན་གང་གི་ཐད་ནས་ཀྱང་འགལ་བ་མེད། མ་རྩོམ་དང་འགྱུར་རྩོམ་གྱི་ཉམས་དང་འགྱུར་བའི་ངོས་ནས་བཤད་ན། སྐུ་ཞབས་ལུའུ་ཞུན་ནི་ཆིང་རྒྱལ་རབས་འཇིག་ལ་ཉེ་སྐབས་ཀྱི་རྩོམ་པ་པོ་ཞིག་ཡིན། སྐབས་དེའི་དཔེ་ཆ་མང་པོ་ཞིག་གི་བརྗོད་དོན་ནི་བསམ་བློ་རྗེས་ལུས་དང་རྙིང་པ་མཁྲེགས་འཛིན་གྱི་ལྟ་བས་ཁྱབ་པས། ཁོང་གིས་ཁུང་དབྱི་ཅི་ཞེས་པའི་ཚབ་བྱེད་མི་སྣ་ཞིག་གི་མི་ཚེའི་འཚོ་བའི་གོ་རིམ་བྲིས་པ་བརྒྱུད་ནས་སྐབས་དེའི་སྤྱི་ཚོགས་སྣང་ཚུལ་ལ་སུན་འབྱིན་བྱས་ཏེ། རྩོམ་པ་པོའི་ཡིད་ཀྱི་འགྱུར་བ་ཡང་ཇི་བཞིན་གསར་སྐྲུན་བྱས་ཡོད། མ་རྩོམ་དང་འགྱུར་རྩོམ་གཉིས་བསྡུར་བ་ལས་མ་རྩོམ་གྱི་རྩོམ་ཐབས་དང་རྩོམ་ལུས། ཚིག་རྒྱན་དང་ཉམས་འགྱུར། མཚོན་བྱ་མཚོན་བྱེད་སོགས་སྤྱི་བྱེ་བྲག་གང་གི་ཐད་ནས་བརྗོད་ཀྱང་འགྱུར་རྩོམ་ཁྲོད་ཇི་བཞིན་མཚོན་པར་བྱས་ལ། གཞན་ངང་ཚུལ་སྟོན་པའི་མིང་བརྡ་དང་ཚིག་སྦྱོར་གྱི་ནུས་པ་ཡང་མ་རྩོམ་ཇི་བཞིན་མཚོན་པར་བྱས་ཡོད། སྤྱིར་རྒྱ་བོད་གཉིས་ཀྱི་རྩོམ་འབྲིའི་ཐབས་ལ་མི་འདྲ་བ་ཡོད་དེ། དེ་ལས་ལྷུག་རྩོམ་གྱི་རྩོམ་སྟངས་ལའང་ཁྱད་པར་མཆིས། ཡིན་ཡང་འགྱུར་རྩོམ་ཁྲོད་བོད་རང་གི་སྐད་ཆའི་སྦྱོར་སྲོལ་དང་མཐུན་པར་བྱས་ཤིང་། མ་རྩོམ་ལས་ལྷུག་རྩོམ་གྱི་རྩོམ་སྟངས་ཚིགས་བཅད་ཧ་ཅང་ཐུང་བ་དག་ཚིག་ལྷུག་གི་རྣམ་པར་བསྒྱུར་ཅིང་ཚིག་སྔ་ཕྱི་འབྲེལ་ཆགས་ཤིང་སྦྱོར་བདེ་བ། སྒྱུར་ཐབས་སྣ་ཚོགས་རྩོམ་ལུས་གཅིག་གི་ཁོངས་སུ་འདུས་པས་རྩོམ་རིག་ལོ་ཙཱའི་ཁྱད་ཆོས་མངོན་པར་མཚོན་ཡོད། དེར་བརྟེན་འགྱུར་རྩོམ་དེ་མ་རྩོམ་ལས་མཆོག་ཏུ་གྱུར་པའམ་ཡང་ན་དེ་གཉིས་ལས་ཐོན་པའི་ཕན་ནུས་གཅིག་མཚུངས་ཡིན་ཞེས་བརྗོད་ཆོག་གོ །དེ་ལས་ལྷག་པར་འགྱུར་རྩོམ་ལས་མ་རྩོམ་གྱི་ཁྱད་ཆོས་དང་དགེ་མཚན། རྩོམ་པ་པོས་དགོངས་དོན་སོགས་ཇི་བཞིན་མངོན་ཡོད་པས། བོད་རང་གི་ལོ་ཙཱའི་བྱ་བའི་ཐད་དུ་ཡང་བློ་སྒོ་ཆེན་པོ་ཞིག་ཕྱེ་ཞིང་། འགྱུར་རྩོམ་ཁྲོད་ཀྱི་བརྡ་རྙིང་དང་དུས་གསུམ་བྱ་ཚིག་གི་རྣམ་གཞག སྒྱུར་ཐབས་ལས་ཁྱད་པར་དུ་སྒྲ་སོར་བཞག་དང་སྒྲ་སྒྱུར།མཆན་འགྲེལ་སོགས་བཀོད་པ་བཅས་ཀྱི་ཆ་ནས་ང་ཚོ་རྗེས་རབས་ལོ་ཙཱ་བྱེད་མཁན་དག་གི་བློ་རྒྱ་བསྐྱེད་ཅིང་མ་དཔེ་ཡག་པོ་ཞིག་བསྟན་ཡོད་དོ། །
བཞི་པ། མཇུག་སྡུད་པ།
སྤྱིར་ལོ་ཙཱའི་སྐྱོན་ཡོན་བརྗོད་པ་སྟེ། གཞུང་ལུགས་རྟོགས་པས་མི་ཆོག་པར་ལག་ལེན་དང་གཞུང་ལུགས་ཟུང་འབྲེལ་བྱས་ཚེ། ད་གཟོད་གཏིང་ཟབ་པའི་སྒོ་ནས་ལོ་ཙཱ་ལ་དཔྱད་བརྗོད་སྤེལ་ན་སྐྱོན་ཡོན་གྱི་ཤན་གསལ་པོར་འབྱེད་ཐུབ། བརྩམས་སྒྲུང་ལ་དཔྱད་པ་རྗོད་སྐབས་མི་སྣའི་མིང་ཙམ་བརྗོད་པ་མ་ཡིན་པར། མ་རྩོམ་དང་འགྱུར་རྩོམ་ལས་དེའི་དགའ་ཕྱོགས་དང་བསམ་བློ། ཁྱད་ཆོས། གཟུགས་བརྙན་དང་བྱ་སྤྱོད་སོགས་ཕྱོགས་སོ་སོར་དབྱེ་ཞིབ་བྱས་ཏེ། ཀློག་པ་པོའང་ཕ་རོལ་པོ་ལ་གསལ་པོར་མངོན་ཐུབ་པ་ཞིག་ཡིན་དགོས། དེ་ལ་སྐྱོན་ཡོན་གཉིས་ཀྱི་སྒོ་ནས་དཔྱད་པ་དང་། ད་དུང་རྩོམ་གྱི་གོ་རིམ་དང་ཚིག་སྦྱོར། བརྡ་སྤྲོད་དང་སྒྱུར་ཐབས་བཅས་ཀྱི་སྒོ་ནས་དཔྱད་པ་ལ་ཆ་ཚང་ཞིག་གྲུབ་ཐུབ་སྟེ། གཞན་ལོ་ཙཱའི་སྐྱོན་ཡོན་བརྗོད་པའི་རྩ་དོན་དང་ཚད་གཞི། དཔྱད་བརྗོད་སྤེལ་མཁན་གྱི་ཆ་རྐྱེན་བཅས་ནི་ངེས་པར་དུ་ཚང་དགོས་པ་ཞིག་ཡིན། གལ་ཏེ་དཔྱད་བརྗོད་པའི་བསམ་བློ་ཡང་དག་མིན་པ་དང་། རྩོམ་རིག་སྐད་ཆའི་ཆུ་ཚད་དང་གཞུང་ལུགས། ཤེས་བྱ་གདེང་འཇོག་བཅས་ཀྱི་ཆ་རྐྱེན་ལེགས་པོ་ཞིག་མ་འཛོམས་པར་འགྱུར་རྩོམ་ལ་འགྱུར་དཔྱད་འཐུས་ཚང་ཞིག་དང་ཡང་དག་པ་ཞིག་བྱེད་མི་ཐུབ་བོ། །འགྱུར་རྩོམ་དེར་དཔྱད་པར་ཐོག་མར་མ་རྩོམ་གྱི་རྩོམ་གཤིས་དང་རྩོམ་སྟངས་ཅི་ཞིག་ཡིན་པ་ངེས་པར་དུ་གཙོར་འཛིན་དགོས་ཤིང་། རྩོམ་རིག་བརྩམས་ཆོས་ཤིག་སྒྱུར་སྐབས་མ་རྩོམ་གྱི་རྩོམ་གཤིས་སོར་འཇོག་བྱེད་དགོས་པ་མ་ཟད་རྩོམ་སྟངས་དེ་ཡང་བསྐྱར་མཚོན་བྱེད་དགོས། དེ་བས་ང་ཚོས་རྩོམ་འདི་ལ་གདེང་འཇོག་དང་དབྱེ་ཞིབ་བྱེད་སྐབས་ངེས་པར་དུ་སྐབས་བབ་ཀྱི་སྤྱི་ཚོགས་སྣང་ཚུལ་དམིགས་སུ་བཟུང་ནས་དེའི་དུས་ཀྱི་རྩོམ་རིག་གི་སྐད་ཆའི་རྗོད་སྟངས་དང་། རྩོམ་གཤིས། རྩོམ་སྟངས། རྩོམ་པ་པོའི་དགོངས་གཞི་བཅས་ལ་དཔྱད་ནས་གོ་བ་ལེན་པའམ་ཤུགས་ཀྱི་བསྟན་དོན་དེ་འཚོལ་པ་ལས། ད་ལྟའི་དུས་རབས་ཉེར་གཅིག་གི་ཞི་བདེ་ཁ་གཡང་སྒྲོག་པའི་དུས་ཀྱི་ལྟ་ཚུལ་དང་བསམ་བློ་གཞིར་བྱས་ནས་དཔྱད་ཚེ་མ་རྩོམ་དང་འགྱུར་རྩོམ་གཉིས་ལ་གོ་བ་ཟབ་མོ་ཞིག་ལོན་དཀའོ། །
ཟུར་བལྟའི་དཔྱད་གཞི།
[1][2] 许均,穆雷主编. 翻译学概论.[M]江苏:译林出版社, 2009:248.248.
[3]《红楼梦新论》(1980 年全国《红楼梦》学术讨论会文选)黑龙江人民出版社1982:1.
[4][5] 新编现代汉语词典.[Z] 武汉:崇文书局2008.2.2.
[6]རྒྱ་བོད་ཤན་སྦྱར་ཚིག་མཛོད། [Z] མི་རིགས་དཔེ་སྐྲུན་ཁང་།2002.
[7] 周仪, 罗平著. 翻译与批评.[M] 武汉:湖北教育出版社,1999:4.
[8]སྒྲ་སྦྱོར་བམ་པོ་གཉིས་པ། མི་རིགས་དཔེ་སྐྲུན་ཁང་།2005:72.
[9] 陈安定. 英汉比较与翻译.[M] 中国对外翻译出版公司, 2000:28.