ཟླ་8ཚེས་31ཉིན་གྱི་སྔ་དྲོར། རྒྱལ་ཁབ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐད་གཏོགས་ཚོང་ཚོགས་ཀན་ལྷོ་རུ་བསྐྱོད་པ་སྟེ“དམངས་གཉེར་ཁེ་ལས་ཀན་ལྷོ་རུ་བསྐྱོད”ཅེས་པའི་བྱེད་སྒོ་དང་ཀན་ལྷོ་ཤམ་བྷ་ལའི་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་ཉི་ཤུ་པ་ཀན་ལྷོའི་དུང་ཕྲུག་རྩྭ་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་དང་། ཀན་ལྷོ་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཁྱོན་མི་ཁྲི་15ཡས་མས་འགོ་ཚུགས་མཛད་སྒོར་ཞུགས་ཡོད།
འགོ་ཚུགས་མཛད་སྒོའི་ཐོག རྟ་མཆོག་སྟོང་དང་རྟ་པ་སྟོང་གིས་གྲུབ་པའི་རྟ་པ་རུ་ཁག་གིས་ངོ་མཚར་ཆེ་བའི་རིག་རྩལ་འཁྲབ་སྟོན་ཀྱི་བྱེད་འགོ་ཚུགས། རིག་རྩལ་འཁྲབ་སྟོན་ནི་དམར་པོའི་རིག་གནས་ནས་འགོ་བརྩམས་ཏེ། དབུལ་སྒྲོལ་འགག་སྒྲོལ་རྒྱབ་རྟེན་བྱས་ནས། ཀན་ལྷོ་ཁུལ་རྫོང་བདུན་གྲོང་ཁྱེར་གཅིག་གི་ཁྱད་ཆོས་གཙོར་བཟུང་ཞིང་། གཟི་བརྗིད་ལྡན་པའི་ཏང་དང་མེས་རྒྱལ་ལ་བསྟོད་གླུ་ཕུལ་བ་དང་། སྒྱུ་རྩལ་ལ་བརྟེན་ནས་རྒྱང་སྐྱོད་སྙིང་སྟོབས་ཀྱི་ཁྲག་རྒྱུན་རྒྱུན་འཛིན་སླར་ཡང་མཚོན་ཞིང་། དབུལ་སྒྲོལ་འགག་སྒྲོལ་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་བསྒྲགས། ཁྱད་ཆོས་མངོན་གསལ་དོད་པའི་དམངས་སྲོལ་རིག་གནས་ཕྱོགས་ཡོངས་ནས་མངོན་པར་བྱས་ཤིང་། ཀན་ལྷོའི་མི་རིགས་ཁག་གི་བུ་ཕྲུག་ཚོའི་སྤྲོ་སེམས་རབ་ཏུ་འཁོལ་བའི་བརྩེ་སེམས་མཚོན་པར་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐད་གཏོགས་ཚོང་ཚོགས་ཀན་ལྷོ་རུ་བསྐྱོད་པ་སྟེ་“དམངས་གཉེར་ཁེ་ལས་ཀན་ལྷོ་རུ་བསྐྱོད་པ”ཞེས་པའི་བྱེད་སྒོ་ནི་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། ཀན་སུའུ་ཞིང་ཨུ་འཐབ་ཕྱོགས་གཅིག་འགྱུར་པུའུ་དང་ཀན་སུའུ་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཀྲུང་གུང་ཀན་ལྷོ་ཁུལ་ཨུད། ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐད་གཏོགས་ཚོང་ཚོགས་ཀྱིས་རོགས་སྒྲུབ་བྱས་པ་རེད། ཀན་ལྷོའི་ཤམ་བྷ་ལ་ཡུལ་སྐོར་སྒྱུ་རྩལ་དུས་ཆེན་སྐབས་ཉི་ཤུ་པ་ནི་ཀྲུང་གུང་ཀན་ལྷོ་ཁུལ་ཨུད་དང་། ཀན་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་གཙོས་གྲོང་ཨུད་དང་གཙོས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་རོགས་སྒྲུབ་བྱས་པ་རེད།
དུས་ཆེན་རིང་ཀན་ལྷོ་ཁུལ་གྱིས་རིགས་གཅིག་མཁས་པའི་མཐོ་རིམ་གླེང་སྟེགས་དང་། སྟོབས་ལྡན་མཉམ་འབྲེལ་གྱི་གན་རྒྱ་འཇོག་པའི་མཛད་སྒོ། སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན། ཞིམ་ཟས་འགྲེམས་ཚོང་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། དེ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་གཉེར་དཔལ་འབྱོར་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཕུགས་འདུན་མཉམ་དུ་སྒྲུབ་པའི་བྱ་ཐབས་ནུས་ལྡན་ཞིག་ཡིན་ལ། མཛེས་སྡུག་ལྡན་པའི་ཀན་ལྷོའི་ཉམས་འགྱུར་མངོན་པའི་ལས་སྟེགས་གལ་ཆེན་ཞིག་ཀྱང་རེད། ཀན་ལྷོ་ཁུལ་གྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་གྱི་གསོན་ཉམས་ལྡན་པའི་རྣམ་པ་མངོན་པའི་དུས་ཆེན་གཟབ་རྒྱས་ཤིག་དེ་བས་ཀྱང་རེད། སྤྲོ་སེམས་འཁོལ་པོས་སྣེ་ལེན་ཞུ་བའི་ཀན་ལྷོའི་མི་རིགས་ཁག་གི་མི་དམངས་ཁྲི74ཡིས་ལག་ཏུ་དྭངས་གཙང་གི་ཁ་བཏགས་བཏེགས་ནས་གླུ་ལེན་གར་འཁྲབ་བྱས། སྒྱུ་རྩལ་དུས་ཆེན་ལ་ཡོང་མཁན་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བས“ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་གད་སྙིགས་མེད་པ་སྟེ། ཀན་ལྷོའི་ཤམ་བྷ་ལ”ཡི་མཛེས་སྡུག་ཉམས་སུ་མྱངས་པ་རེད།
http://tibet.people.com.cn/15822733.html