ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཚོགས་འདུ་འཚོགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-02


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས31ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཚོགས་འདུ་འཚོགས་ནས《རྨ་ཆུའི་བཞུར་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》དང《སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་ལྔ་པའི་སྐོར་གཟིགས་གནས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུར》གྲོས་ཞིབ་བྱས་པ་རེད།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱིབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགོ་འཛིན་མཛད། 
        ཚོགས་འདུའི་ཐོག་བཤར་རྒྱུར། རྨ་ཆུ་ནི་ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་ཆུ་བོ་ཡིན་ལ། རྨ་ཆུའི་བཞུར་རྒྱུད་ཀྱི་སྣོད་བཅུད་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་དུས་གཏན་གྱི་ཇུས་ཆེན་དང་འབྲེལ་བ་ཡོད་པས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས། རང་བྱུང་གི་ཆོས་ཉིད་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་སྲུང་དང་། རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་བྱེ་ས་ཕྱོགས་བསྡུས་བཅོས་སྐྱོང་དང་། མ་ལག་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ་དང་། རྨ་ཆུ་བཞུར་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱ་དགོས་པ་དང་། ཆུའི་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། འབབ་རྒྱུད་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་དང་། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་དར་སྤེལ་བྱས་ཏེ། རྨ་ཆུ་ནི་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་ཆུ་བོ་ཞིག་ཏུ་འགྱུར་བར་བྱ་དགོས་ཞེས་བཤད།
        ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།  གནས་བབ་དང་བསྟུན་དགོས་པ་དང་། རིགས་དབྱེ་ཇུས་འདོན། ཆོས་ཉིད་ལ་བརྩི་འཇོག་བཅས་བྱས་ནས་རྨ་ཆུ་བཞུར་རྒྱུད་ཀྱི་སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ།  རྨ་ཆུའི་ཆུའི་ཐོན་ཁུངས་ལེགས་བསྡུས་ཞིབ་གཉེར་དང་གྲོན་ཆུང་བེད་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཆུའི་ཐོན་ཁུངས་དེ་ངེས་པར་དུ་ཚོས་འཛིན་བྱེད་དགོས་པ་ཞིག་ཡིན་པའི་ཆ་ནས། ཆུ་གྲོན་ཆུང་བྱེད་པར་བརྟེན་ནས་འཕེལ་རྒྱས་གཏོང་ཚད་ཆེ་རུ་གཏོང་དགོས། རྒྱང་རིང་ལ་དམིགས་ནས་རྨ་ཆུའི་ཆུ་སྐྱོན་དང་ཐན་སྐྱོན་ཉུང་དུ་གཏོང་དགོས་པ་དང་། ཚན་རིག་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས། གནོད་འགོག་གནོད་སེལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། གནོད་འཚེ་སྣ་ཚོགས་ལ་ཁ་གཏད་འཇལ་ནུས་ཆེ་རུ་གཏོང་དགོས། བྱེད་ཐབས་ནུས་ལྡན་སྤྱད་དེ་རྨ་ཆུ་འབབ་རྒྱུད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་བྱ་དགོས། གྲོང་ཁྱེར་འཕེལ་རྒྱས་ཀྱི་གནས་སྟངས་ཇེ་ལེགས་སུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། ཧུར་ཐག་གིས་རྨ་ཆུའི་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་བ་དང་། ལོ་རྒྱུས་ཀྱི་འབྱུང་རྩ་རྒྱུན་མཐུད་བྱ་དགོས། དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱས་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། ལྕགས་ལ་འཇུས་ན་ལག་ཤུལ་དང་རྡོ་ལ་སྤོས་ན་རྐང་རྗེས་བཞིན་ལས་དོན་སོ་སོ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་སོ་སོའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་དང་། མགྱོགས་མྱུར་ཀྱིས་ཞིབ་ཕྲའི་འཆར་འགོད་དང་། ལག་བསྟར་ཇུས་གཞི། སྲིད་ཇུས་མ་ལག་བཅས་གཏན་འབེབས་དང་ལག་བསྟར་བྱ་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་རིང་གྲུབ་འབྲས་མངོན་གསལ་དོད་པོ་ཡོང་བར་འབད་བརྩོན་བྱ་དགོས་ཞེས་བསྟན།
        ཚོགས་འདུའི་ཐོག་བཤར་རྒྱུར།  ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་འཐབ་ཇུས་ཀྱི་ཁྱོན་ཡོངས་དང་འཛམ་གླིང་ཐོག་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོར་དམིགས་ནས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་པར་མུ་མཐུད་སྐུལ་འདེད་བཏང་ཡོད། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་བསྒྱུར་ཟབ་སྤེལ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པར་གྲུབ་འབྲས་མངོན་གསལ་ཐོན་ཡོད། སྐོར་ཞིབ་བྱས་ཚུལ་ལ་བལྟས་ན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་ཙུའུ(ཏང་ཨུ)ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་རྣམ་འགྱུར་སྔར་བས་ཧུར་བརྩོན་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲིའི་འདུ་ཤེས་སྤྱི་ཡོངས་ནས་མཐོ་རུ་བཏང་ནས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཐད་རྒྱུན་མཐུད་ཡར་ཐོན་གྱི་འཕེལ་ཕྱོགས་བཟང་པོ་མངོན་ཡོད་པ་དང་། ལས་དོན་ཁག་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་གསར་པ་བྱུང་ཞིང་།  པྲོག་གསར་གློ་ཚད་རིམས་ནད་འགོག་བཅོས་ཀྱི་འཐབ་རྩོད་དང་དཔལ་འབྱོར་སྤྱི་ཚོགས་རྒྱུན་ལྡན་ངང་འཁོར་སྐྱོད་སླར་གསོ་སོགས་ཀྱི་ཐད།  ཧུར་ཐག་གིས་འགན་འཁྲི་ལག་བསྟར་བྱས་ནས་ལས་ཀ་ནན་ཏན་གྱིས་སྒྲུབ་པ་རེད་ཅེས་བཤད། 
        ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།  ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“ཐོག་མའི་སྤྱི་ལེ་དང་པོ”ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས། སློབ་སྦྱོང་དང་། ཤེས་རྟོགས། དོན་འཁྱོལ་བཅས་ཀྱི་ཐད་ལ་ཤུགས་རྒྱག་དགོས། དོན་དངོས་དང་ཟུང་འབྲེལ་གྱི་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དོན་འཁྱོལ་མཐར་ཕྱིན་བྱེད་པར་ཤུགས་རྒྱག་པ་དང་། རང་རྟོགས་ཀྱིས་ཏང་གི་གསར་གཏོད་གཞུང་ལུགས་སྤྱད་དེ། ལག་ལེན་ལ་མཛུབ་སྟོན་དང་། ལས་ཀར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དུས་རབས་གསར་པའི་གནས་བབ་གསར་པའི་བླང་བྱ་གསར་པ་རང་འགུལ་གྱིས་འཚམ་པར་བྱེད་པ། ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་འགན་ནུས་དང་འགན་འཁྲིར་ངོས་འཛིན་གཏིང་ཟབ་དང་། “ཁྱོན་ཡོངས་གཉིས”སེམས་ལ་འཆང་བ་དང་། འགན་འཁྲིའི་འདུ་ཤེས་དང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། རང་འགན་གཙང་སྒྲུབ་ཀྱི་བྱ་སྤྱོད་དོན་དངོས་ཐོག་ནས“སྲུང་སྐྱོང་གཉིས”ཐུབ་པ་བྱེད་དགོས་ཞེས་བསྟན།
        ཚོགས་འདུའི་ཐོག་ད་དུང་བྱ་བ་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1