བཀྲ་ཤིས་ཆོས་འཕེལ་གྱིས་འཁྲབ་ཁྲིད་གནང་བའི་དངོས་བྲིས་གློག་བརྙན་《འབྲོག་པའི་བུ།》ཞེས་པར་བྱ་དགའ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-09


བཀྲ་ཤིས་ཆོས་འཕེལ་གྱིས་འཁྲབ་ཁྲིད་གནང་བའི་དངོས་བྲིས་གློག་བརྙན་《འབྲོག་པའི་བུ།》
               ཉེ་ཆར། བོད་རིགས་ན་གཞོན་དགེ་རྒན་བཀྲ་ཤིས་ཆོས་འཕེལ་གྱིས་འཁྲབ་ཁྲིད་གནང་བའི་དངོས་བྲིས་གློག་བརྙན་《འབྲོག་པའི་བུ།》ཞེས་པར2014ལོའི་ཀྲུང་གོའི(མཚོ་སྔོན)འཛམ་གླིང་རི་སྒང་དངོས་བྲིས་གློག་བརྙན་གཡང་ཊི་ཁུ་ནུ་རྒྱལ་སྤྱིའི་དངོས་བྲིས་གློག་བརྙན་འདེམ་པའི་མི་ཆོས་རིགས་ཀྱི་བྱ་དགར་ཚུད་ཅིང་། དུས་མཚུངས་སུ་གློག་བརྙན་འདི་2014ལོའི་ཟླ8པར་ཨ་རི་ཉིག་ཡོའི་MOMAདེང་རབས་སྒྱུ་རྩལ་བཤམས་སྟོན་ཁང་དུ་འགྲེམ་གཏོང་བྱས།
 
བྱ་དགའ་ཐོབ་པའི་དཔང་ཡིག
དངོས་བྲིས་གློག་བརྙན་མཚམས་སྦྱོར།
གློག་བརྙན་ཁ་བྱང་། འབྲོག་པའི་བུ།
               ནང་དོན། སློབ་མཐར་ཕྱིན་མ་ཐག་པའི་འབྲོག་པའི་བུ་མགོན་པོ་ཚེ་བརྟན་གྱིས་རང་གིས་སྦྱངས་པའི་ཤེས་བྱ་ལས་རང་ཉིད་ཀྱི་འབྲོག་མིའི་ཐོབ་ཐང་བསྒྱུར་བར་བརྩོན་པ་དང་། ལམ་བུ་གསར་བ་ཞིག་ལས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་ནའང་། དངོས་ཡོད་ཀྱི་འཚོ་བ་ནི་དེ་བཞིན་མ་སྣང་པར། རྟ་རྒྱུག་དང་། རི་སྤོར། ཨ་མར་ནད་ཕོག་པ་སོགས་དོན་དག་རབ་དང་རིམ་པ་བྱུང་རྗེས་ཁོའི་ཆེས་ཐོག་མའི་བསམ་འདུན་དེ་བསྒྱུར་ཞིང་། རང་གི་ཆེས་མཐའ་མཇུག་གི་བསམ་པའི་སྙིང་སྟོབས་ཀྱི་བགྲོད་ལམ་ཆེན་པོ་ཞིག་རྙེད་པ་དང་། འབྲོག་མི་ཞིག་ཡིན་པའི་ཆ་ནས་དོན་དམ་གྱི་བསམ་པའི་སྙིང་སྟོབས་དང་དད་མོས་ནི་སྔར་བཞིན་ཁྱིམ་ཚང་གི་འགན་ཕྲག་ཏུ་ལེན་རྒྱུ་དེ་ཡིན་པ་ངོས་ཟིན་བྱུང་སྟེ་ཡང་དག་གི་འབྲོག་མིའི་ལམ་བུར་བསྐྱོད། གཏམ་རྒྱུད་འདིས་མདོ་དབུས་མཐོ་སྒང་དུ་འཚོ་བའི་འབྲོག་མིའི་དངོས་ཡོད་དང་ཕུགས་བསམ་དབར་གྱི་འགལ་ཟླ་དང་། དེང་རབས་དང་སྲོལ་རྒྱུན་དབར་གྱི་རྨོངས་ཐོམ། དད་མོས་དང་ཁེ་ཕན་དབར་གྱི་འདེམ་ག་སོགས་མཚོན་པར་བྱས།
 
ཨ་རི་ཉིག་ཡོའིMOMAདེང་རབས་སྒྱུ་རྩལ་བཤམས་སྟོན་ཁང་།
བཀྲ་ཤིས་ཆོས་འཕེལ་ངོ་སྤྲོད།
                བཀྲ་ཤིས་ཆོས་འཕེལ་ནི་1981ལོའི་ཟླ4བར་མདོ་དབུས་མཐོ་སྒང་གི་རི་སྡེ་ཞིག་ཏུ་སྐྱེས་ཤིང་། 2002ལོ་ནས་བཟུང་སྟེ་བོད་ཁུལ་གྱི་དམངས་སྲོལ་བརྙན་གཟུགས་ཕབ་བསྐྲུན་དང་འཚོལ་སྡུད་བྱས།
     2009ལོར་དངོས་བྲིས་གློག་བརྙན་《རེ་སྒུག》ཅེས་པར་ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཐུན་ཚོགས་དང་ཧྲང་ཧེ་རིག་གནས་ལུས་རྩལ་རྒྱང་སྒྲོག་གསར་འགྱུར་སྨྱན་བྱེད་མཐུན་ཚོགས་ཀྱིས་གཙོ་སྒྲུབ་གནང་བའི་བཅོས་སྒྱུར་སྒོ་འབྱེད་ལོ་ངོ་30ལོན་པར་རྗེས་དྲན་གྱི་ཕུལ་བྱུང་དངོས་བྲིས་གློག་བརྙན་འགྲན་བསྡུར་ཁྲོད་དངུལ་གྱི་བྱ་དགའ་ཐོབ།
     2010ལོར་དངོས་བྲིས་གློག་བརྙན་《བོད་རིགས་བུད་མེད་ཀྱི་འཚོ་བ།》ཞེས་པར་སྐབས་དྲུག་པའི་ཀྲུང་གོའི་དངོས་བྲིས་གློག་བརྙན་རྒྱལ་སྤྱིའི་ལེགས་འདེམ་ཚོགས་ཆེན་DVརིགས་ཀྱི་གསེར་གྱི་བྱ་དགའ་ཐོབ།
     2010ལོར་དངོས་བྲིས་གློག་བརྙན་《ཡུལ་ཤུལ། ཁྱེད་རང་མ་ངུ་དང་།》ཞེས་པར་སྐབས་བདུན་པའི་ཀྲུང་གོའི་སློབ་གྲྭ་ཆུང་འབྲིང་གི་སློབ་རའི་བརྙན་འཕྲིན་སློབ་རའི་གསར་འགྱུར་རིགས་ཀྱི་གསེར་གྱི་བྱ་དགའ་ཐོབ།
     2014ལོར་དངོས་བྲིས་གློག་བརྙན་《འབྲོག་པའི་བུ།》ཞེས་པར2014ལོའི་ཀྲུང་གོའི་(མཚོ་སྔོན)འཛམ་གླིང་རི་སྒང་དངོས་བྲིས་གློག་བརྙན་གཡང་ཊི་ཁུ་ནུ་རྒྱལ་སྤྱིའི་དངོས་བྲིས་གློག་བརྙན་འདེམ་པའི་མི་ཆོས་རིགས་ཀྱི་བྱ་དགར་ཚུད།
 
བོད་རིགས་ན་གཞོན་དགེ་རྒན་བཀྲ་ཤིས་ཆོས་འཕེལ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1