མཚོ་སྔོན་གྱིས་མེ་རི་གཏེར་ཁུལ་དུ་སྣོད་བཅུད་སྤྱི་གླིང་བསྐྲུན་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-03


འདི་ནི་འཕྲུལ་ཆས་ཆེ་གྲས་མེ་རི་གཏེར་ཁུལ་གྱི་གཏེར་དོང་ཞིག་གི་ནང་དུ་ས་དོང་སྐོང་པའི་ལས་ཀ་སྒྲུབ་བཞིན་པའི་རྣམ་པ་ཡིན་པ།
      ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། ཚེས་31ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་མེ་རི་གྲོང་རྡལ་དུ་ཚོགས་འདུ་འཚོགས་ཤིང་། མེ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྒྲིག་དངོས་སུ་བྱེད་འགོ་ཚུགས་ཡོད། བྱ་སྤྱོད་འདི་ལོ་གསུམ་ལ་བགོས་ནས་སྒྲིག་འཛུགས་བྱས་ཏེ་ལག་བསྟར་བྱ་རྒྱུ་རེད།
     མཚོ་སྔོན་ཞིན་ཆིང་བཟོ་ལས་ཉོ་ཚོང་བཟོ་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་མེ་རི་གཏེར་ཁུལ་དུ་ཁྲིམས་འགལ་གྱིས་རྡོ་སོལ་སྔོག་འདོན་བྱེད་པའི་གནད་དོན། ཟླ་8ཚེས་4ཉིན་སྨྱན་སྦྱོར་གྱིས་དམར་འདོན་བྱས་པ་དང་མཚོ་སྔོན་ཞིང་ཆེན་གྱིས་འཕྲལ་དུ་མི་སྣ་སྒྲིག་འཛུགས་བྱས་ནས་བརྟག་དཔྱད་བྱས་པ་རེད། མིག་སྔར་མཚོ་ནུབ་ཁུལ་གྱི་མི་མང་པོས་རྩ་འཛུགས་ཀྱི་བརྟག་དཔྱད་དང་ལེན་བྱས་པ་དང་། དོན་རྐྱེན་དང་འབྲེལ་བ་ཡོད་པའི་ཁེ་ལས་ཀྱི་འབྲེལ་ཡོད་འགན་འཁུར་བར་སྤྱི་བདེ་ལས་ཁུངས་ཀྱིས་བཙན་ཤེད་ཀྱི་བྱ་ཐབས་སྤྱད་ཡོད་པ་རེད། མེ་རི་གཏེར་ཁུལ་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་ཡོད་ཚད་མཚམས་བཞག་ནས་ཕྱོགས་ཡོངས་ཀྱི་བཀག་སྡོམ་དོ་དམ་ལག་བསྟར་བྱས་ཡོད། ཟླ་8ཚེས་25ཉིན། མཚོ་སྔོན་ཞིང་ཆེན་གྱིས་མེ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་བྱ་སྤྱོད་ཀྱི་ཇུས་གཞི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་བཅོས་སྒྲིག་ཇུས་གཞི་ཁྱབ་བསྒྲགས་བྱས་པ་དང་འབྲེལ་འབྲེལ་ཡོད་དག་ཐེར་བཅོས་སྐྱོང་ལས་ཀ་བཀོད་སྒྲིག་ཀྱང་བྱས་ཡོད་པ་རེད།
     ད་རེས་འགོ་ཚུགས་པའི་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་དེ《མེ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྣོད་བཅུད་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2020ལོ་ནས་2023ལོ་བར)》ཡི་བླང་བྱ་གཞིར་བཟུང་། མེ་རི་གཏེར་ཁུལ་གཙོ་གནད་དུ་བྱེད་པ་དང་མདོ་ལ་རིང་མོའི་ལྷོ་ངོས་ཀྱི་མཚོ་སྔོན་ཡུག་ཁུལ་དུ་ཁྱབ་པའི་གཏེར་ཁུལ་གྱི་ས་དོང་སྐོང་བ་དང་། རི་རོ་སྔོ་འགྱུར། རི་ལྡེབས་བཅོས་སྐྱོང་། སྔོ་ཁེབས་སླར་གསོ། ཁོར་ཡུག་བཅོས་སྐྱོང་སོགས་སྐྱེ་ཁམས་སླར་གསོའི་ལས་གྲྭ་གཙོ་གནད་ཅན་གཅིག་གྱུར་གྱིས་ལག་བསྟར་བྱེད་པ་དང་། སྒྲིག་སྲོལ་འཐུས་ཚང་དང་། ཁྲིམས་ལུགས་འཐུས་ཚང་། དོ་དམ་ནན་པོ། སྲུང་སྐྱོང་དམིགས་སར་འབྱོར་བ་བཅས་ཀྱི་ཡུན་ཕན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།
     བཀོད་སྒྲིག་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་2020ལོའི་ཟླ་8པ་ནས་10པའི་བར་འབྲེལ་ཡོད་ས་ཁུལ་དུ་གྲལ་བཤེར་ལས་དོན་སྤེལ་བ་དང་། བཟོ་གཏེར་ཁེ་ལས་ཕྱོགས་ཡོངས་ནས་སྒོ་བརྒྱབ་པ། སྲུང་སྐྱོང་ཉམས་གསོའི་རྣམ་གྲངས་ལག་བསྟར་གང་མགྱོགས་བྱེད་པ་བཅས་བྱ་རྒྱུ་ཡིན་པ་དང་། 2020ལོའི་ཟླ་11པ་ནས་ཟླ་12པའི་བར་སྣོད་བཅུད་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་གསར་པ་འཚོལ་ཞིབ་བྱས་ནས་ཆགས་པ་བྱ་རྒྱུ། 2021ལོའི་ཟླ་1པོ་ནས་ཟླ་12པའི་ཕྱོགས་ཡོངས་ནས་ཉམས་གསོ་བཅོས་སྒྲིག་ལས་དོན་སྤེལ་རྒྱུ། 2023ལོའི་ཟླ་12པར་སླེབས་སྐབས་ལོ་གསུམ་གྱི་བྱ་སྤྱོད་ཐུགས་གྲ་ལེགས་འགྲིག་ངང་མཇུག་འགྲིལ་བའི་འགན་ལེན་བྱས་ཏེ། ས་མཐོའི་མཐོ་གྲང་གཏེར་རིའི་སྣོད་བཅུད་སྤྱི་གླིང་བསྐྲུན་ནས་སྤྱི་གླིང་འཁོར་སྐྱོད་སྲུང་སྐྱོང་གི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱ་རྒྱུ་བཅས་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བཅོས་སྒྲིག་བྱ་སྤྱོད་ཀྱིས“ཟླ་གཉིས་རིང་རྣམ་པ་ཐོན་པ་དང་། རྨང་གཞི་འདིང་པ། ལོ་དེར་སྒྲིག་གཞི་བཙུགས་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ལོ་གཉིས་ནང་ལྗང་མདོག་ཐོན་པ་དང་གཟུགས་བརྙན་མངོན་པ། ལོ་གསུམ་ནང་ཕན་འབྲས་ཐོན་པ་དང་སྤྱི་གླིང་ཆགས་པ་བྱེད་པ”བཅས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ་འགན་འཁྲིའི་གསལ་ཐོ་དོན་འཁྱོལ་ནན་པོ་བྱས་ནས། གོ་རིམ་དང་དུས་ཚོད། འཕེལ་རིམ་བཅས་ལ་གཞིགས་ནས་སྤུས་ཚད་མཐོ་བའི་ངང་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུའི་འགན་ལེན་བྱ་རྒྱུ་དང་། བཅོས་སྒྲིག་སྔོན་ལ་འཇོག་པ་དང་ཉམས་གསོ་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ་ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ས་མཐོའི་མཐོ་གྲང་ས་ཁུལ་གྱི་གཏེར་རིའི་སྣོད་བཅུད་ཁོར་ཡུག་ཉམས་གསོའི་དཔེ་མཚོན་གཏོད་རྒྱུ་རེད། མཚོ་སྔོན་ཞིང་ཆེན་ཏང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་གཞོགས་འདེགས་དམ་པོ་བྱ་རྒྱུ་དང་། དངོས་ཕན་དོན་གཉེར་བྱས་ནས་ལས་འགན་ཁག་དུས་བཀག་ལྟར་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཏེ་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་བྱ་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་31ཉིན་གྱི་ཆུ་ཚོད་12བར། བཅོས་སྒྲིག་ནང་ཞུགས་མཁན་ཨར་ལས་ཚན་པ་ཁག་གི་ནང་་སྒྲིག་ཆས་485དང་། མི་སྣ་965ཡུལ་དངོས་སུ་འབྱོར་ཟིན་པ་དང་། དེ་བྱིངས་ཀྱི་ཨར་ལས་སྒྲིག་ཆས་འབོར་ཆེན་ཞིག་ཛ་དྲག་ངང་སྐྱེལ་འདྲེན་བྱེད་བཞིན་ཡོད་པ་རེད།

འདི་ནི་མེ་རི་གཏེར་ཁུལ་ནང་གི་སྔོག་འདོན་བྱེད་མཚམས་བཞག་པའི་གཏེར་དོང་ཞིག་ཡིན།



འདི་ནི་འཕྲུལ་ཆས་ཆེ་གྲས་ཀྱིས་མེ་རི་གཏེར་ཁུལ་གྱི་གཏེར་དོང་ཞིག་ཏུ་བཅོས་སྒྲིག་གི་ལས་ཀ་བྱེད་བཞིན་པའི་རྣམ་པ་ཡིན་པ།


འདི་ནི་ལས་གྲྭའི་རླངས་འཁོར་གྱིས་མེ་རི་གཏེར་ཁུལ་དུ་བཅོས་སྒྲིག་ལས་ཀ་སྒྲུབ་བཞིན་པའི་རྣམ་པ་ཡིན་པ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1