༄༅།།གླང་ཆེན་འགྱིང་རིའི་གནས་སྒོ་ཁམས་ཆེན་རྒྱལ་མཆོག་དྲིན་གཟོ་དགོན་ལ་མཇལ་བ།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-03



རྣམ་དཀར་ལྷ་མོ།

        རྒྱལ་མཆོག་དྲིན་གཟོ་དགོན་ནི་སི་ཁྲོན་ཞིང་ཆེན་གླང་ཆེན་འགྱིང་རིའི་གྲོང་ཁྱེར་གླང་ཆེན་འགྱིང་རིའི་ཉེ་འདབས་ཀྱི་ཁྱུང་ཆེན་ཐང་དུ་ཆགས་ཡོད་ལ། རྒྱལ་ཡོངས་ཀྱི་དགོན་ཆེན་གཙོ་བོ་ཞིག་ཡིན་པར་མ་ཟད། གླང་ཆེན་འགྱིང་རིའི་དགོན་པ་ཐོག་མ་ཡིན་ཞིང་གླང་ཆེན་འགྱིང་རིའི་ནང་བསྟན་མཐུན་ཚོགས་ཀྱི་གནས་ས་དང་བྱེད་སྒོ་སྤེལ་ཡུལ་ཡིན།

        གླང་ཆེན་འགྱིང་རིར་མཇལ་སྐོར་དུ་ཕེབས་མཁན་ཞིག་ཡིན་ན། ཐོག་མར་ཆོས་འགོ་རྒྱལ་མཆོག་དྲིན་གཟོ་དགོན་ནས་ལེན་སྲོལ་ཡོད་ལ། གླང་ཆེན་འགྱིང་རིའི་ཉེ་འདབས་སུ་སླེབས་མ་ཐག །འགྲུལ་སྐྱེལ་རླངས་འཁོར་དང་གླ་གཏོང་རླངས་འཁོར་གང་ཡིན་ཡང་། ཐོག་མར་ཁྱེད་རང་དགོན་པ་འདིའི་ཉེ་འདབས་སུ་སྐྱེལ་བས། གླང་ཆེན་འགྱིང་རིར་མཇལ་སྐོར་དུ་འགྲོ་མཁན་ཞིག་ཡིན་ན། ངེས་པར་དུ་རྒྱལ་མཆོག་དྲིན་གཟོ་དགོན་ལ་མཆོད་མཇལ་ཐེངས་ཤིག་བྱེད་དགོས་ཞེས་ཟེར་སྲོལ་འདུག
        རྒྱལ་མཆོག་དྲིན་གཟོ་དགོན་ལ་མཚོ་འཕགས་སྨི་533ཡོད་པ་དང་སྔར་རི་ནང་གི་དགོན་པ་ཆེ་ཤོས་ཡིན་ཏེ། བྱམས་པའི་ལྷ་ཁང་དང་ཚོགས་ཆེན་འདུ་ཁང་། སངས་རྒྱས་རྣམ་བདུན་གྱི་ལྷ་ཁང་། ཀུན་བཟང་ལྷ་ཁང་བཅས་ཀྱི་ཁང་བརྩེགས་རིམ་པ་བཞིན་ཕོ་བྲང་བརྗིད་ཉམས་ལྡན་པ་ཆགས་འདུག་ལ། སྔར་སྟག་ཉལ་དགོན་གྱི་ཁ་སྤྲོད་རྣམ་འབྱོར་ཆུ་བོའི་འགྲམ་དུ་གནས་ཤིང་། མིང་རྒྱལ་རབས་ཀྱི་དུས་མཇུག་ཝན་ལིས་གོང་མའི་དུས་སྐབས་སུ་(སྤྱི་ལོ་1573ལོ་ནས་1619ལོ།)ཕྱག་བཏབ་པ་དང་། ཧུའེ་ཙུང་ཐང་(会宗堂)ཞེས་མཚན་གསོལ་བ་དང་ཆིང་རྒྱལ་རབས་ཀྱི་དུས་སྟོད་དུ་གནས་འདིར་སྤོས་པ་རེད། ཧྲེན་ཀྲི་ཁྲི་ལོ་དགུ་པར་(སྤྱི་ལོ་1652ལོ།)བསྐྱར་གསོ་མཛད་པ་ཡིན་ལ། ཁང་ཞི་ཁྲི་ལོ་ཞེ་གཉིས་ལོར་(སྤྱི་ལོ་1703ལོ།)ཁང་ཞི་གོང་མས་རྒྱལ་བའི་བཀའ་ལས་“དྲིན་གཟོ་བཞི་”ཡི་ཁྲོད་ཀྱི་“རྒྱལ་པོའི་དྲིན་གཟོ་བའི་”དོན་བླངས་པས། “རྒྱལ་མཆོག་དྲིན་གཟོ་དགོན་”ཞེས་པའི་ཁ་བྱང་གནང་བར་མཛད། ཝང་ཧྥང་གི་ཕྱག་ཡིག་ཏུ། རྒྱལ་མཆོག་དྲིན་གཟོ་དགོན་ནི་ལོ་རྒྱུས་སུ་ཐེངས་མང་པོར་ཉམས་གསོ་མཛད་པས་དགོན་པ་དེ་ཆ་ཚང་དུ་ཉར་ཚགས་བྱས་ཐུབ་པ་དང་། ལྷག་པར་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཉམས་གསོ་དང་རྒྱས་བསྐྲུན་ཆེས་མང་བ་མཛད་ཡོད། 1993ལོར་སླར་ཡང་ཅོང་ཁང་དང་། རྔ་ཁང་། ཇ་ཁང་། ཁྲིམས་རྫས་འཁོར་རྒྱུག་ཁྲུའུ་བཅས་གསར་དུ་བཙུགས་ཏེ། དེ་ལས་བརྗིད་ཉམས་ལྡན་པར་གྱུར་འདུག
        གླང་ཆེན་འགྱིང་རིའི་དགོན་པ་དུ་མའི་ཁྲོད་དུ་རྒྱལ་མཆོག་དྲིན་གཟོ་དགོན་ནི་རི་ལ་འཛུལ་བའི་སྒོ་མོ་ཡིན་ལ། གླང་ཆེན་འགྱིང་རི་ལ་ཡུལ་སྐོར་བྱེད་པའི་འགོ་ཚུགས་ས་ཡིན། ལྗོན་ཤིང་ནགས་ཚལ་གྱི་གཡུ་ལོ་རྒྱས་ཤིང་། བརྗིད་ཉམས་ལྡན་པའི་ཕོ་བྲང་གསེར་འོད་འཕྲོ་བཞིན། བསང་དུད་དང་ཆོས་སྒྲ་ལྷིང་ལྷིང་དུ་གྲགས། ལྷག་པར་དུ་ཁ་ཤར་དུ་ཕྱོགས་ཤིང་ཕྱོགས་བཞི་མཚམས་བརྒྱད་དུ་མཁར་དང་སྤང་ཐང་། མཚེའུ་དང་བསིལ་ཁང་གིས་བསྐོར་བཞིན་མཛེས་སྡུག་ལྡན་ཞིང་ཉི་མའི་ཕྱོགས་སུ་གཤོག་རྩལ་ངོམས་འདོད་པའི་གསེར་གྱི་ཁྱུང་ཆེན་ཞིག་དང་གཉིས་སུ་མེད། སྒོ་མདུན་དུ་རྡོའི་སེང་གེ་གཉིས་དགོན་པ་དེའི་སྲུང་མ་བཞིན་ཀྲོང་ངེར་འགྱིང་འདུག
        དགོན་པའི་ཚོམས་ཆེན་ལ་བརྩེགས་བཞི་སྟེ་རི་ལ་བརྟེན་ནས་བསྐྲུན་ཡོད་ཅིང་། དགོན་པའི་ཆོས་ཁང་གི་འོག་ཏུ་མིང་རྒྱལ་རབས་ཀྱི་རྫ་སྐུ་ཞིག་ཡོད་དེ། རྣམ་པ་གསོན་ཉམས་ལྡན་ལ་དེ་ནི་རྩ་ཆེའི་རིག་དངོས་ཤིག་རེད་ཟེར། མདུན་ཁང་དུ་སྨི་7དང་བརྩེགས་14ཅན་གྱི་སྨུག་མདོག་གི་ཟངས་ཀྱི་མཆོད་རྟེན་ཞིག་བཞེངས་ཡོད་པ་དང་། མཆོད་རྟེན་གྱི་ཐོག་ལྷ་སྐུ་4700ལྷག་བཞེངས་བར་མ་ཟད། ད་དུང་《ཕར་ཕྱིན་གྱི་མདོ།》 ཆ་ཚང་བརྐོས་ཡོད་པས། ཕར་ཕྱིན་མཆོད་རྟེན་ཀྱང་ཟེར་ཞིང་དེ་ཡང་རིག་དངོས་རྩ་ཆེན་ཞིག་རེད་འདུག
        དགོན་པའི་ནང་དུ་ད་དུང་གླང་ཆེན་འགྱིང་རི་རིག་དངོས་དོ་དམ་སུའོ་བཙུགས་ཏེ། རྫ་དཀར་དང་གཡང་ཊི། ཡིག་ཚགས་དང་ཡིག་རིས། ལྕགས་རིགས་སྣོད་ཆས་དང་ཀྲན་གོའི་དུས་སྐབས་ནས་ཐོན་པའི་མཚོན་ཆ་དང་བཟོ་ཆས་སོགས་མང་པོ་ཞིག་ཉར་ཚགས་བྱས་འདུག
        དེ་ཡང་དགོན་པའི་ལོ་རྒྱུས་འཕེལ་རིམ་ལྟར་ན། རྒྱལ་མཆོག་དྲིན་གཟོ་དགོན་དེ་ཆེས་ཐོག་མར་ཧུའེ་ཙུང་ཐང་ཞེས་འབོད་ཅིང་། མིང་རྒྱལ་རབས་ཀྱི་ཝན་ལིས་ཁྲི་ལོ་ཞེ་གསུམ་པར་(སྤྱི་ལོ་1615ལོ།)མིང་ཀོང་ཏའོ་མིས་སྟག་ཉལ་དགོན་གྱི་གཡས་ཕྱོགས་ཀྱི་སྟག་མགོ་རི་བོའི་འདབས་སུ་ཕྱག་བཏབ་ཅིང་རུའུ་ལུགས་དང་ཧྲུའུ་ལུགས། ཏའོ་ལུགས་བཅས་ཀྱི་ལུགས་གསུམ་འཛོམས་པའི་ནང་དོན་བསྡུས་བ་དང་། དགོན་པའི་ནང་དུ་ཆོས་ལུགས་གསུམ་གྱི་གླང་ཆེན་འགྱང་རིའི་ས་གནས་ཚབ་མཚོན་གྱི་མཚན་བྱང་མཆོད་པ་བྱས་ཡོད་དེ། ནང་པའི་ཚབ་མཚོན་ཀུན་དུ་བཟང་པོ་སྟེ། གླང་ཆེན་འགྱིང་རི་ནི་འཕགས་པ་ཀུན་དུ་བཟང་པོའི་གདན་ས་ཡིན་པ་དང་། ཏའོ་ལུགས་ཀྱི་ཚབ་མཚོན་ནི་ཀོང་ཁྲེན་ཙི་སྟེ། བཤད་སྲོལ་ལྟར་ན་ཁོང་ནི་ལི་ལའོ་ཅིན་གྱི་ཡང་སྤྲུལ་ཡིན་ཞིང་། གླང་ཆེན་འགྱིང་རི་ནས་ལམ་སྟོན་གནང་མྱོང་བར་སྐད། རུའུ་ལུགས་ཀྱི་ཚབ་མཚོན་ནི་ཁྲུའུ་ཁོང་སྟེ། ཁོང་ནི་ཁུང་ཙུ་དང་དུས་རབས་གཅིག་ཡིན་ཞིང་། སྐབས་དེར་ཁྲུའུ་ཝང་(楚王)གིས་ཁོང་དཔོན་དུ་བསྐོས་འདོད་མོད། འོན་ཀྱང་ཁོས་སྨྱོན་པར་བརྫུས་ནས་མ་སོང་བར་གླང་ཆེན་འགྱིང་རི་ནས་དབེན་དུ་གནས། ཧུའེ་ཙུང་ཐང་བཙུགས་པ་ལས་མིང་རྒྱལ་རབས་དང་ཆིང་རྒྱལ་རབས་ཀྱི་དུས་སྐབས་སུ་རུའུ་ལུགས་དང་ཧྲུའུ་ལུགས། ཏའོ་ལུགས་མཉམ་འདྲེས་ཀྱི་ལོ་རྒྱུས་ཤིག་ཡོད་པ་མཚོན་འདུག
        དུས་ད་ལྟ་གླང་ཆེན་འགྱིང་རི་ལྟ་བུའི་གནས་རི་ཁམས་ཆེན་ཞིག་ལ་མཚོན་ན་དད་ལྡན་མཇལ་སྐོར་དུ་འགྲོ་བ་ལས་ཡུལ་སྐོར་དུ་འགྲོ་མང་བས། ནང་བསྟན་གྱི་དགོན་པ་ཞིག་ཡིན་མོད། མིག་གིས་བལྟས་པ་ཙམ་གྱི་ཤེས་ཐུབ་པ་ཞིག་མིན་ལ། གནས་འདིར་འོང་བའི་ཆོས་མཇལ་བ་ཚོས་ཀྱང་འགྲོ་ལུགས་ལྟར་མཆོད་མཇལ་ཐེངས་ཤིག་ཞུ་བ་ལས། ནང་དུ་རྟེན་ཅི་ཡོད་པ་དང་བྱིན་རླབས་གང་ཡོད་སྐོར་ལ་བསམ་བློ་གཏོང་མཁན་ཤིན་ཏུ་དཀོན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1