འདི་ནི་སྤྱི་མཐུན་རྒྱལ་ཁབ་ལས་ལོ་ན་གཅིག་གཞོན་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། འདི་ནི་དམག་མིས་གནས་གདམ་ཞིང་ཇུས་འགོད་དང་འཛུགས་སྐྲུན་བྱས་པའི་གྲོང་ཁྱེར་དམིགས་བསལ་བ་ཞིག་ཡིན། བྱེ་ཐང་དུ་ཀྲོང་ངེར་འགྱིང་ཞིང་དཔྱིད་དཔལ་བཞད་པ་ལྟ་བུའི་ཁྱད་མཚར་གྱི་གྲོང་ཁྱེར་ཞིག་ཡོད་པ་དེ་ནི། ཞིན་ཅང་གི་གུར་པན་ཐུང་གུ་ཐུ་བྱེ་ཐང་གི་དཀྱིལ་དབུས་སུ་ཆགས་པའི་ཧྲི་ཧོ་ཙི་གྲོང་ཁྱེར་རེད།
དེ་ཡང་“ཧྲི་ཧོ་ཙི་”ཞེས་པ་དེ་གནའ་བོའི་མཱ་ནཱ་སུའུ་གཙང་པོའི་ངོགས་གཉིས་སུ་རྡོ་མང་པོ་ཡོད་པས་མིང་དེ་ལྟར་ཐོགས། བཅིངས་གྲོལ་མ་བཏང་སྔོན་གནའ་བོའི་དར་གོས་ཚོང་ལམ་གྱི་གྲོང་རྡལ་ཆུང་ཆུང་ཞིག་སྟེ། གང་ས་གང་དུ་ས་རྒོད་དང་། བྱེ་སྒང་། བ་ཚྭའི་གྲམ་ཐང་ལྡན་པས་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པོ་ཡོད། 1950ལོའི་ཟླ་7པར། ཞིན་ཅང་ཞི་བའི་བཅིངས་འགྲོལ་བྱས་པའི་མི་དམངས་བཅིངས་འགྲོལ་དམག་གི་དཔོན་དམག་ཁྲི་10ཡིས་མའོ་ཀྲུའུ་ཞི་ཡི་མཛུབ་སྟོན་ལྟར། དམག་སྤྱི་ཆེན་མོ་ཝང་ཀྲེན་གྱི་སྣེ་ཁྲིད་འོག་ཧྲི་ཧོ་ཙི་རུ་སླེབས་ཤིང་། ས་རྒོད་སློག་ནས་ཐོན་སྐྱེད་བྱས་པ་དང་དམག་སྡོད་ས་སློག་བྱས་ནས་མཐའ་མཚམས་སྲུང་། དེ་བཞིན་མིའི་རིགས་ཀྱི་ས་རྒོད་སློག་པའི་ལོ་རྒྱུས་ཐོག་རླབས་ཆེན་གྱི་བྱས་རྗེས་ངོ་མཚར་ཅན་ཞིག་དུས་དེ་ནས་བཟུང་བྱུང་བ་རེད།
དུ་སྨུག་ལང་ལོང་འཕྱུར་བའི་ཏཱ་ཧའེ་ཙུའུ་དང་། ཅཱ་ཧོ་ཙི། ཤ་མོའི་མཚེའུ་སོགས་བདེ་ཐང་ཆུ་མཛོད་དང་། ལེ་བར་སྟོང་ཕྲག་གི་ལྗང་མདོག་ནགས་ཚལ་ཁུལ་གཅིག་རྗེས་གཉིས་མཐུད་དུ་བསྐྲུན་པ་དང་བསྟུན། བྱེ་ཐང་གཏིང་ངོགས་ཀྱི་མིས་བཟོས་ལྗང་གླིང་དེ་མི་རྣམས་ཀྱི་མིག་ལམ་དུ་མངོན་ཞིང་། དེར་བསྟུན་གྱིས་ལོ་རེར་མུའུ་ཁྲི་བརྒྱ་ཡན་གྱི་སྲིང་བལ་དང་གྲོ་ཐོན་ཐུབ་པར་མ་ཟད། དྲི་ཞིམ་ཕྱོགས་བཞིར་འཐུལ་བའི་ཤིང་ཏོག་གི་རིགས་དང་བལ་འཇམ་ལུག་ཁྲི་ཕྲག་ཐོན་གྱི་འདུག།།ཞིང་ལས་དང་ནགས་ལས། འབྲོག་ལས། ཉ་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ་ལས་འཁེལ་འཐག་དང་ཀ་ར་བཟོ་བ། བཟའ་བཅའ། འཕྲུལ་ཆས། འགྲིམ་འགྲུལ་ལས་རིགས་བཅས་ཀྱང་དུས་ཐོག་ཏུ་བྱུང་བར་སྐུལ་སྤེལ་བཏང་། རིམ་བཞིན་ཧྲི་ཧོ་ཙི་ནི་རྒྱལ་གཉེར་ཞིང་རས་རྟེན་གཞི་བྱས་ཤིང་། ཡང་བའི་བཟོ་ལས་དང་འཁེལ་འཐག་བཟོ་ལས་ཀྱིས་གཙོ་ཁྲིད་བྱེད་པའི་ཞིང་བཟོ་ཚོང་གསུམ་མཉམ་འབྲེལ་གྱིས་གཉེར་སྐྱོང་བྱེད་པའི་གྲོང་ཁྱེར་དཔེ་གསར་ཅན་ཞིག་ཆགས་ཡོད་པ་རེད།
བཅོས་བསྒྱུར་སྒོ་འབྱེད་བྱས་པའི་བགྲང་བྱ་ཉི་ཤུའི་རིང་དང་། ལྷག་པར་དུ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ལག་བསྟར་བྱས་ཚུན། ཧྲི་ཧོ་ཙི་གྲོང་ཁྱེར་ལ་སྔར་ལས་མགྱོགས་ཤིང་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་བྱུང་ཡོད། དུས་ད་ལྟར་མི་རྣམས་ཀྱི་མིག་མདུན་དུ་མངོན་པའི་ཧྲི་ཧོ་ཙི་ནི་ལྗང་མདོག་དང་སྒོ་འབྱེད། དཔལ་ཡོན་གྱིས་ཕྱུག་པའི་དམག་སྦོལ་གྲོང་ཁྱེར་ཞིག་ཅི་ལ་མིན།
ད་ལྟ་གནས་དེར་སླེབས་པའི་ཡུལ་སྐོར་པ་རྣམས་ཀྱི་སེམས་སུ་བཞག་པའི་བག་ཆགས་ཟབ་ཤོས་ནི་ཁྲོམ་ལམ་ཆེ་ཆུང་གང་ཡིན་རུང་སྔོ་ལྗང་རྩི་ཏོག་གིས་རྣམ་པར་བཀྲ་འདུག།།དོན་དམ་དུ་བྱེ་ཐང་གི་ཟབ་སར་འཚོ་ཞིང་གནས་པའི་ཧྲི་ཧོ་ཙིའི་མི་རྣམས་ལ་མཚོན་ན་སྔོ་ལྗང་རྩི་ཤིང་ལ་ཞེན་ཆགས་ཤིང་རེ་བ་བཅངས་ནས་ཡུན་རིང་འགོར་སོང་། དེ་ཡང་གྲོང་ཁྱེར་འཛུགས་སྐྲུན་བྱེད་མགོར། “སྔོན་ལ་སྡོང་པོ་འཛུགས་ཤིང་། དེ་རྗེས་ལམ་སྐྲུན་པའི་”འཛུགས་སྐྲུན་གྱི་བསམ་ཕྱོགས་གཏན་འབེབས་བྱས་འདུག།།བགྲང་བྱ་བཅུ་ཕྲག་འགའི་འཕེལ་རྒྱས་བརྒྱུད། ད་ལྟ་རྩི་ཤིང་རིགས་100ལྷག་དང་ལྗོན་ཤིང་སྡོང་རྐང་ཁྲི་300ལྷག་གིས་གྲོང་ཁྱེར་དེར་ལྗང་མདོག་གི་རུས་སྒྲོམ་བསྐྲུན་ཏེ། སིལ་ཏོག་དང་རྩི་ཤིང་སོགས་ཀྱིས་རྣམ་པར་བཀྲ་བའི་ལྗང་མདོག་གླིང་ཁུལ་མང་པོས་ཕྱུག་པའི་གྲོང་ཁྱེར་དེས་ཡུལ་སྐོར་པའི་ཡིད་སེམས་དབང་མེད་བཀུག།2014ལོར་ཧྲི་ཧོ་ཙི་ཡི་ལྗང་འགྱུར་ཁེབས་ཚད་41%ཟིན་པ་དང་། མི་རེར་ཆ་སྙོམས་ཀྱི་སྤྱི་པའི་སྤང་ལྗོངས་སྨི་གྲུ་བཞི་མ་7.6ཟིན་ཡོད་པས་དཔྱིད་དུས་མེ་ཏོག་འཕེལ་ཞིང་དབྱར་དུས་བསིལ་གྲིབ་ཡོད་པ། སྟོན་དུས་འབྲས་བུ་སྨིན་ཞིང་དགུན་དུས་རྩྭ་ལྗང་ཕྱུག་པའི་དུས་བཞིའི་སྤང་ལྗོངས་ཤིག་ཏུ་གྱུར་བར་མ་ཟད། སྔ་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་ཀྱི་དཔེ་མཚོན་གྲོང་ཁྱེར་ཞེས་པ་དང་། ཀྲུང་གོའི་སྐབས་དང་པོའི་མི་སྡོད་ཁོར་ཡུག་བྱ་དགའ་དང་། རྒྱལ་ཁབ་རིམ་པའི་སྐྱེད་ཚལ་གྲོང་ཁྱེར་ཞེས་པ་སོགས་ཀྱི་མཚན་སྙན་གསོལ་བ་རེད།
སྒོ་འབྱེད་ནི་དེང་རབས་གྲོང་ཁྱེར་གྱི་ཚེ་སྲོག་དང་གསོན་ཤུགས་ཀྱི་འབྱུང་ཁུངས་ཡིན་ཏེ། ཉེ་བའི་ལོ་ཤས་རིང་། ཧྲི་ཧོ་ཙི་གྲོང་ཁྱེར་གྱིས་སྲིང་བལ་དང་ཕྱུགས་ལས། ཀྲོ་མ་ཀྲུའུ་སོགས་ཐོན་ཁུངས་ཀྱི་དགེ་མཚན་དང་ཉེ་འཁོར་གྱི་ཡ་དབུས་ས་ཁུལ་གྱི་ས་བབ་ཀྱི་བཟང་ཆ་ལ་བརྟེན་ནས། ཕྱི་དངུལ་ནང་འདྲེན་ཧུར་ཐག་བྱས་ཏེ། གཙོ་བོར་བལ་འཐག་དང་ལྷད་མེད་ཟས་རིགས། དེང་རབས་ཞིང་ལས་སྒྲིག་ཆས་དང་རྫས་འགྱུར་བཟོ་ལས་བཅས་ཀྱི་ཐོན་ལས་ཆེན་པོ་བཞི་རྒྱ་ཆེར་སྤེལ་བ་རེད། ཇུས་འགོད་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་11.2ཅན་གྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ། མིག་སྔར་ཐོ་འགོད་བྱས་པའི་ཁེ་ལས་རིགས་སྣ་447ཡོད་པ་དང་། དེའི་ཁྲོད་དུ་ཀྲེ་ཅང་ཤུང་ཧྥུང་ཚོགས་པ་(འཁེལ་འཐག)དང་ཐའེ་ཝན་ཏིང་ཞིན་ཚོགས་པ་(ཁང་ཧྲུའུ་ཧྥུའུ་མགྱོགས་ཐུག་བཟའ་བཅའ།)དེ་མིན་ཝ་ཧཱ་ཧཱ་ཚོགས་པ་དང་། ཐའེ་ཝན་ཝང་ཝང་འོ་ལས་དང་ཞིན་ཅང་ཐའེན་ཡའེ་ཚོགས་(རྫས་འགྱུར་བཟོ་ལས།)སོགས་ཁེ་ལས་རྩེ་གྲས་ཡོད་པས།འབྲེལ་ཚད་མཐོ་ཞིང་ཆ་ལག་ཚང་བར་མ་ཟད། ནུས་པ་ཆེ་བའི་ཐོན་ལས་ཁྱུ་ཚོགས་རགས་ཙམ་ཆགས་འདུག།།མིག་སྔར། གསལ་སྤེལ་ཁུལ་དེ་གའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་བཟོ་ལས་འཕར་སྣོན་ཚད། ཁྲལ་བསྡུ་མངོན་འགྱུར་སོགས་དམིགས་ཚད་ཀྱི་ཆ་སྙོམས་ལོ་རེའི་འཕར་ཚད་40%ཡན་ཟིན་ཏེ། ཧྲི་ཧོ་ཙི་ཡི་དཔལ་འབྱོར་འཕེལ་རྒྱས་ཐད་སྐྱེ་སྟོབས་དང་གསོན་ཤུགས་ཆེས་ཆེར་ལྡན་པའི་ཚོད་ལྟ་བྱེད་ས་དང་གཡུལ་ས་གཙོ་བོར་གྱུར་ཡོད།
ཁོར་ཡུག་བཟང་ཞིང་དཔལ་འབྱོར་དབྱར་མཚོ་བཞིན་རྒྱས་པའི་ཧྲི་ཧོ་ཙི་ལ་ད་དུང་ཁྱད་འཕགས་ཀྱི་རིག་གནས་མཁའ་དབུགས་ལྡན། བགྲང་བྱ་ལྔ་བཅུ་ལྷག་གི་དམག་མིས་གསར་སྦོལ་བྱས་པའི་ལོ་རྒྱུས་དེ་ལས་ཁྱད་མཚར་ལྡན་པའི་དམག་སྦོལ་རིག་གནས་བསྐྲུན་ཞིང་། ཕུན་སུམ་ཚོགས་པའི་གསར་བརྗེའི་ཡུལ་སྐོར་ཐོན་ཁུངས་བཞག་ཡོད་པ་དེ། དམག་སྦོལ་བརྒྱ་ཤོག་དང་པོ་དང་། དམག་སྦོལ་བཤམས་སྟོན་ཁང་སོགས་ནས་དངོས་རྫས་འདྲ་མིན་སྣ་ཚོགས་ལས་སྔོན་ཆད་དམག་མི་ཚོས་དཀའ་སྤྱད་འབད་བརྩོན་བྱས་པའི་ལོ་རྒྱུས་ཀྱི་ལམ་བུ་བསྐྱར་དུ་མངོན་ཞིང་། དམག་སྦོལ་རིག་གནས་དང་དམག་སྦོལ་སྙིང་སྟོབས་དར་སྤེལ་བྱས་པ་ཅི་ལ་མིན། དེ་ཡང་རྒྱལ་ཡོངས་ཀྱི་ཙུང་ལི་ཀྲུའུ་ཨེན་ལེའི་དྲན་གསོ་རྡོ་རིང་གཅིག་པུ་དང་། དམག་སྤྱི་ཝང་ཀྲེན་གྱི་ཟངས་སྐུ། ཨའེ་ཆིང་གི་སྙན་ངག་ཁང་སོགས་ཀྱང་མི་རྣམས་ཀྱིས་གསར་བརྗེ་སྔོན་རབས་པ་རྗེས་དྲན་བྱེད་ཡུལ་དུ་གྱུར། དེ་མིན་གྲོང་ཁྱེར་དེ་ལ་སྙན་ངག་གི་ཕ་ས་ཞེས་པའི་མཚན་སྙན་ཀྱང་གྲགས་སོ། །