བག་མ་གཏོང་ལེན་ལ་དགེ་བའི་ལས་ཕྲན་བདུན་ཞེས་བྱ་བ་བཞུགས་སོ།།

དབང་ཆེན་གྱིས་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-03


འདིར་དམངས་སྲོལ་རིག་གནས་ལ་ཉེ་བར་མཁོ་བའི་བག་མ་གཏོང་ལེན་གྱི་ལས་ཕྲན་བདུན་ཞེས་གྲངས་ཉུང་མི་རིགས་ཤིག་ལ་མཚོན་ན་དམངས་སྲོལ་གྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་སྟབས། སྔོན་འཕགས་ཡུལ་དུ་བག་མ་གཏོང་ལེན་གྱི་ཆོ་ག་རིག་བྱེད་དང་བྲམ་ཟེའི་ལུགས་དང་། རྒྱ་ནག་གི་འབྱུང་རྩིས་ལུགས་སོགས་ཡོད་པར་གྲགས་མོད། བོད་འདིར་དེ་དག་རང་རྐྱ་ཐུབ་པ་ཞིག་མེད་སྟབས། དེང་དུས་གྲོང་སྔགས་པའི་རང་བཟོའི་ཡུལ་སྲོལ་གོམས་གཤིས་དང་བསྟུན་པ་ཙམ་མ་གཏོགས་ལས་ཕྲན་བདུན་ཆ་ཚང་ལག་ལེན་དུ་བསྟར་བ་མི་འདུག་པས། བྱ་བ་གང་བསྒྲུབ་ཀྱང་མི་ཚེ་གཅིག་གི་ལེགས་ཉེས་འབྱེད་པའི་བག་མའི་ལ་ཉེ་ལ་བརྟག་ནས་མོ་རྩིས་གཏོར་གསུམ་གྱིས་ཤིས་པར་བསྒྲུབ་པའི་རྟེན་འབྲེལ་གྱི་ཆོས་ལ་འབད་པར་བྱ་དགོས་ཏེ། དེའང་ལག་ལེན་དངོས་ལ་སྔོན་འགྲོ་དང་དངོས་གཞི་མཇུག་ཡོངས་སུ་རྫོགས་པའི་བྱ་བ་གསུམ་ལས། དང་པོ་སྔོན་འགྲོ་ནི་རབ་ཏུ་བྱུང་ན་ལྷ་སྔགས་དང་བསྐྱེད་རིམ་གྱི་གདིང་དང་ལྡན་པའི་ནུས་པ་ཐོབ་ཅིང་ཐོན་པ། བག་མའི་བདུན་ཟུར་ལོ་པ་ཞིག་དགོས་པ་ནི་འབྱུང་རྩིས་ཀྱི་དགོངས་པ་ཡིན་ལ། ཡོ་བྱད་དྲག་སྔགས་ཀྱིས་བཏབ་པའི་ཐུན་དང་རྣམ་འཇོམས་དང་སྨེ་བརྩེགས་བསྐྱེད་བཟླས་ཀྱིས་བྱིན་གྱིས་རླབས་པའི་ཁྲུས་ཆུ་དང་མེ་ལོང་། བར་ཆད་ཀྱི་སྣ་འདྲེན་པའི་བགེགས་དང་འབྱུང་པོ་བསྐྲོད་པའི་རྫས་སྟག་ཡོས་ལོ་པ་ལ་ལྕགས་ཀྱི་རལ་གྲི། རྟ་སྦྲུལ་ལ་ཆུ་སྐྱོགས་ནག་པོ། བྱ་སྤྲེལ་ལ་མེ་སྒྲོན།

བྱི་ཕག་ལ་ས་སེར། གཤེད་བཞི་ལོ་པ་ལ་ཚེར་མ་ཅན་གྱི་ཤིང་གི་ཡལ་ག་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་རྩིས་གཞུང་དང་། ཡུལ་སྲོལ་སོགས་དང་བསྟུན་ཏེ་འདུ་བར་བྱ་དགོས། དེ་ནས་བག་མས་ཁང་མགོ་མཐོང་སར་སླེབས་མ་ཐག་གླང་ཆེན་སྣ་སྒྲུབ་ཀྱི་གཏོ་བཅའ་སྒྲུབ་བྱས་པ་བོར་བར་བྱའོ། །

རྟགས་བཅོས་རྟེན་འབྲེལ་རྫས་དང་ཡོ་བྱད་ཀྱིས། །
ལོ་རྟགས་སྤར་སྨེ་སྲོག་ལུས་དབང་ལྡེའུ་ལ། །འབྱུང་ཁམས་མི་མཐུན་ཀེག་སྲི་དུར་ཞུགས་སོགས། །འགལ་རྐྱེན་ཉེ་འཚེར་མི་མཐུན་ཕྱོགས་ཀུན་བཟློགས། །

གཉིས་པ་དངོས་གཞི་ལས་ཕྲན་བདུན་གྱི་དང་པོར། བར་ཆད་ཀྱི་སྣ་འདྲེན་བགེགས་བསྐྲད་པ། བག་མ་སྒོ་རྩར་སླེབ་པ་དང་རིག་པ་འཛིན་པའི་རྣལ་འབྱོར་པ་དེས་ཐུན་དང་དྲག་སྔགས་ཀྱིས་རྫས་ཐོགས་ལ། ཡི་དམ་གྱི་ལྷ་འཇམ་དཔལ་ནག་པོ་རབ་ཏུ་ཁྲོས་པའི་ང་རྒྱལ་གྱིས་སུམ་བྷ་ནིའི་དྲག་སྔགས་བརྗོད་ལ་གུ་གུལ་བདུག་ཅིང་ཡུངས་དཀར་དང་ཁ་བཤའ་སོགས་ཐུན་གྱིས་བྲབས། དེ་ནས་དགྲ་གཤེད་ཀྱི་རྫས་ཐོགས་ལ། རང་ཉིད་འཕགས་པ་འཇམ་དཔལ་དབྱངས་ཀྱི་ང་རྒྱལ་དང་བཅས། ཚེ་དང་ལྡན་པ་འདིའི་ལུས་ངག་ཡིད་གསུམ་ལ་བར་དུ་གཅོད་པའི་འབྱུང་པོ་གདོན་བགེགས་ཀྱི་རིགས་མཁའ་དང་བར་སྣང་ལ་གནས་པའི་ཡིད་ཀྱི་ལུས་ཅན་དང་། གདོས་བཅས་ཤ་འཁོན་གྱི་རིགས་ས་འོག་ས་སྟེང་ས་བླ་རུ་རྒྱུ་བའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། རྦད་འདྲེ་རྦོད་གཏོང་བྱད་ཟོར་རྩུབ་པ། སྔ་དགྲ་བྱས་པ་ཕྱི་དགྲ་ཤོམས་པར་ད་དགྲ་སྡང་ཞིང་གནོད་ཅིང་འཚེ་བའི་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་སའི་ཕྱོགས་འདིར་མ་གནས་པར་གནོད་འཚེའི་བསམ་སྦྱོར་སྤོངས་ནས་གཞན་དུ་དེངས་ཤིག །གལ་ཏེ་ངའི་བདེན་པའི་བཀའ་ཐོས་བཞིན་དུ་འགྲོ་བར་མ་བྱས་ན་དེ་དག་ཐམས་ཅད་ཡེ་ཤེས་ཀྱི་རྡོ་རྗེ་མེ་འབར་ཞིང་རབ་ཏུ་འབར་བས་ལུས་རྡུལ་ཕྲན་བཞིན་ཕྱེ་མར་བརླག་པར་བྱའོ་ཞེས་བཀའ་བསྒོ་བ་དང་། །དྲག་སྔགས་བརྗོད་ཅིང་བགེགས་བསལ་བར་བྱས་སོ། །

ཟབ་གསལ་དབྱེར་མེད་རྫས་སྔགས་ཏིང་འཛིན་གྱིས། །བྱོལ་ཟོར་བྱད་སྟེམས་རྦོད་གཏོང་མི་མཐུན་ཕྱོགས། །བདུན་ཟུར་བཞི་གཤེད་ཚེ་ཡི་བར་ཆད་ཀུན། །
མཉམ་ཉིད་ཆོས་ཀྱི་དབྱིངས་སུ་ཞི་བར་འགྱུར། །

གཉིས་པ་མནོལ་གྲིབ་བཀྲུ་བ། དེ་ནས་བག་མ་ཡིན་ན་ཁྱིམ་ལྷ་སོགས་ལ་མནོལ་བའི་གྲིབ་ཡོད་པས་དེ་བསལ་བའི་སླད་དུ། སྨེ་བརྩེགས་དང་རྣམ་འཇོམས་གང་རུང་སོགས་ལ་བརྟེན་ནས་ཕར་ཕྱིན་དྲུག་གི་ཁྲུས་བྱས་ཏེ་བཀྲུ་བ་དང་། འགལ་རྐྱེན་ནད་གདོན་སྡིག་སྒྲིབ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་བཞིན་གཟུང་སྔགས་དང་བཅས་རྨ་བྱའི་སྒྲོས་ལུས་སྟོད་སྨད་བར་གསུམ་བྱབས་པ་དང་། རྡོ་རྗེའི་གོ་ཁྲབ་ཀྱི་གཟུངས་སྔགས་ཀྱིས་གང་གིས་གནོད་པས་ཀྱང་མི་ཚུགས་པར་བསྲུང་བ་གསུམ་གྱི་སྒོ་ནས་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱས་ཏེ་མཇུག་ཏུ་རྟེན་འབྲེལ་སྙིང་པོའི་གཟུངས་སྔགས་བཟླ་བར་བྱའོ། །

ཟག་བཅས་ཤ་ཁྲག་རྡུལ་གྱི་ཕུང་པོ་ལ། །འབྱུང་བཞིའི་སྦགས་པའི་མི་གཙང་མནོལ་བའི་གྲིབ། །ཐུགས་རྗེ་ཆབ་ཀྱི་བྱིན་གྱིས་རླབས་བྱས་ཏེ། །ནད་གདོན་སྡིག་སྒྲིབ་བར་ཆད་དབྱིངས་སུ་འཁྲུད། །

གསུམ་པ་བག་མའི་སྲོག་ལུས་དབང་ཐང་ཀླུང་རྟ་བསྐྱེད་པའི་སླད་དུ་ཁྱིམ་ནང་དུ་གདན་གདིང་བ་ནི། ཁ་སྨེ་བ་དཀར་གསུམ་མམ་ཕྱྭ་གཡང་ལོན་པ་སོགས་ཀྱི་ཕྱོགས་སུ་བསྟན་ཏེ་བཞག་ལ། བཀྲ་ཤིས་པའི་རྟེན་འབྲེལ་དུ་བོད་གངས་ཅན་གྱི་ལྗོངས་སུ་སྲིད་པ་དང་པོ་ཆགས་ནས་བཟུང་འཕགས་པ་ཐུགས་རྗེ་ཆེན་པོའི་མི་ཡི་རྗེ་བོར་བརྫུས་པའི་སྤུར་རྒྱལ་རིམ་བྱོན་རྣམས་དང་། ཁྱད་པར་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་འཇིག་རྟེན་མཐུན་འཇུག་མཛད་པའི་དབང་གིས་འཕྲུལ་བློན་མགར་གྱིས་གཙོས་རྐྱ་མི་བརྒྱ་ལྷག་བལ་པོ་དང་རྒྱ་ནག་ཏུ་བརྫངས་ནས། ཁྲོ་གཉེར་ཅན་མའི་རྣམ་འཕྲུལ་བལ་རྗེའི་སྲས་མོ་ཁྲི་བཙུན་དང་།
འཕགས་མ་སྒྲོལ་མའི་རྣམ་འཕྲུལ་ལྷ་གཅིག་འུན་ཤིང་ཀོང་ཇོ་གཉིས་ཁབ་ཏུ་བཞེས་ནས་འཛམ་གླིང་ན་དཀོན་པའི་རྟེན་མཆོག་ཇོ་ཤཱཀྱ་རྣམ་གཉིས་དང་། དར་ཟབ་སྣ་ཚོགས་ཀྱི་སྐྱེས་དང་བཅས་ཡོངས་སུ་ཚིམས་པའི་བརྫང་བ་སོགས་བར་ཆད་མེད་པར་སྤྱན་དྲངས་ནས་བོད་ཡུལ་དབུས་སུ་གདན་ཕབ་པས་རྒྱལ་བློན་སྐུ་འཁོར་བཅས་བསམ་པའི་དོན་ཀུན་གྲུབ་པའི་སྔོན་གྱི་སྲིད་པ་དེ་བཞིན་དུ། དེ་རིང་རྒྱུ་སྦྱོར་ཡོན་གྱི་བདག་པོའི་དཔལ་འབྱོར་དང་སྲོག་ལུས་དབང་ཐང་ཀླུང་རྟ་སོགས་གོང་ནས་གོང་དུ་འཕེལ་པའི་ཕྱིར་དུ། རིགས་བཟང་ཁུངས་བཙུན་གཤིས་རྒྱུད་སོགས་བལ་ལས་འཇམ་པའི་ལང་ཚོ་མཐོ་རིས་བུ་མོས་ངང་ཚུལ་གྱི་ཟླ་ལས་འགྲན་བཟོད་པའི་བག་མ་རུ་བཀྲ་ཤིས་གཡང་ཁྱིམ་གཞིས་མལ་འདིར་བཀུག་ནས་སྐུ་མི་འགྱུར་རི་རྒྱལ་ལྷུན་པོ་ལ་གདན་དཀར་གཡུང་དྲུང་འཁྱིལ་བར་པདྨས་རྒྱན་པའི་ཐོག་ཏུ། གདོང་མཛེས་གསེར་གྱི་མེ་ཏོག་གི་འཛུམ་དཀར་འཕྲོ་བཞིན་བཞུགས་པ་དང་། གསུང་མི་འགྱུར་དྲི་ཟའི་རྒྱུད་མངས་ལས་ཁུ་བྱུག་གི་མགྲིན་གླུ་སྒྲེང་ཞིང་རིན་ཆེན་བྱུ་རུ་དམར་པོའི་བགྲང་ཕྲེང་གི་མགུལ་པར་བརྒྱན་པ། ཐུགས་མི་འགྱུར་གངས་རི་དཀར་པོའི་རང་མདངས་ལ་ཉི་ཉོད་ཀྱི་གཟི་བྱིན་འབར་བས་བྱམས་པ་དང་སྙིང་རྗེའི་རྩི་དང་མ་བྲལ་བར་བཞུགས་བ་བཅས་ལགས་སོ། །

སྲིད་པའི་ས་བོན་རྣམ་ཤེས་མཐོ་རིས་སུ། །རིགས་མཐུན་མི་ཡུལ་ཞིང་སར་འདེབས་པ་ཡིས། །

རིགས་བརྒྱུད་བསྐྲུན་པའི་ལས་ཀྱི་མྱུ་གུ་ལ། །སྙིང་ལ་སྡུག་པའི་མེ་ཏོག་གསར་དུ་བཞད། །

བཞི་པ་མཐུན་གསུམ་ལོ་ལ་བབས་པའི་བཀྲ་ཤིས་པའི་བུ་མོའམ་ཁྱེའུ་ལ་དཀར་གསུམ་གྱི་བཟའ་བཏུང་ཁེམ་དང་བཅས་པ་བཅོལ་ཞིང་ལན་གསུམ་ཕྱིས་ལ། དཀར་གསུམ་དང་ཞོ་དང་འོ་མ་སྤྱན་དྲངས་ནས། ཟག་མེད་ཀྱི་ཡོན་ཏན་བརྒྱད་དང་ལྡན་པའི་བདུད་རྩིའི་བཅུད་དུ་སོན་པའི་ལྷའི་དངོས་གྲུབ་དང་། མིའི་ལུས་སྲོག་འཚོ་གནས་བྱེད་པའི་ཟས་ཀྱི་མཆོག་འཛད་པ་མེད་པའི་གཡང་དང་དངོས་གྲུབ་ཐོབ་པའི་སྐལ་བ་ལྡན་པར་འགྱུར་ཞིང་། །གཟུགས་དང་ལང་ཚོ་བརྟས་ཤིང་ཚེ་དང་བསོད་ནམས་ཡར་ངོའི་ཟླ་ལྟར་འཕེལ་ཞིང་བུ་ནོར་ཆོས་གསུམ་འཛོམས་པའི་རྟེན་འབྲེལ་ཟབ་མོའི་རྩ་ལག་ཏུ་འགྱུར་རོ། །

མཐོ་རིས་བུ་མོའི་མཛེས་པའི་ཞལ་སྐྱིན་ལ། །རོ་བརྒྱ་ལྡན་པའི་དཀར་གསུམ་འགྲམ་པའི་འཆང་། །ལྗགས་ཀྱི་སྦུ་གུའི་རྩེར་ནས་དྲོངས་བ་ཡིས། །ཟག་པ་མེད་པའི་བདུད་རྩིའི་བཅུད་དུ་སོན། །

ལྔ་པ་གནས་འཛིན་པའི་གོ་ས་སོགས་དང་མཐུན་པའི་བཀྲ་ཤིས་རིགས་བརྒྱུད་འཕེལ་བའི་རྟེན་འབྲེལ་དུ་མིང་འདོགས་པ་ནི། སླར་ཡང་བག་མིང་དུ་གསོལ་བའི་རྟེན་འབྲེལ་གྱི་ཤིས་པ་ལ་འཇུག་པར་བྱ་ཕྱིར་མཚན་མཚོན་གཞི་གསུམ་གྱི་མིང་དང་འབྲེལ་བའི་ཁྱད་པར་བཀྲ་ཤིས་དང་བདེ་ལེགས་ཀྱི་དབྱངས་སུ་གྱེར་ཞིང་ཆེད་དུ་བརྗོད་པའི་གཏམ་ཕུལ་དུ་བྱུང་བ་ནི། འདི་སྐད་དོ། །སྔོན་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་མགོན་པོ་ཐབས་མཁས་ཀྱིས། །ཆོས་རྣམས་མིང་དུ་བཏགས་པར་མཛད་ཅེས་གསུངས་པ་ལྟར། དེ་རིང་གནམ་ལ་སྐར་མ་ཡག་ས་ལ་དུས་ཚོད་བཟང་བར་དུ་རྟེན་འབྲེལ་དང་ལ་ཉེ་ལ་བརྟག་ན། བཟང་གསུམ་འཛོམས་པའི་ཉིན་འདིར། བཀྲ་ཤིས་རྟེན་འབྲེལ་གྱི་མཛད་སྒོ་བག་མ་ལ་ཤིས་པའི་དགེ་མཚན་གྱིས། སྐྱོབ་པ་དང་བསྲུང་བ་ཞེས་བྱའི་མིང་ཞིག་གདགས་གཞིར་བྱས་ཏེ་བསྐྱབ་བྱ་གང་ལ་གང་གིས་སྐྱོབ་པ་དང་། ཚུལ་ཇི་ལྟར་བསྐྱབ་པ་དང་དགོས་ཆེད་ཅིས་ཕྱིར་སྐྱོབ་པ་སོགས་དོན་ཚན་བཞིའི་སྒོ་ནས་སྐྱོབ་པའི་ཁྱད་པར་གཏན་ལ་འབེབས་དགོས་པ་ལས། དང་པོ་སྐྱོབ་བྱ་སྤྱིར་རིགས་དྲུག་གི་སེམས་ཅན་རྣམས་གནས་སྐབས་བདེ་བ་དང་མཐར་ཐུགས་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་འཁོར་བས་བསྡུས་པའི་སྡུག་བསྔལ་ལས་སྐྱོབ་པ་དང་། བྱེ་བྲག་བག་མ་འདིའི་ལུས་ངག་ཡིད་གསུམ་ལ་འགལ་རྐྱེན་བར་ཆད་མི་འབྱུང་ཞིང་མཐུན་རྐྱེན་ཚེ་དང་བསོད་ནམས་ཐམས་ཅད་ཡར་ངོའི་ཟླ་ལྟར་རྒྱས་པའི་ཕྱིར། མགོན་དང་སྐྱབས་པའི་ནུས་པ་སུ་ལ་ཡོད་ན་བླ་མ་དཀོན་མཆོག་ཁོ་ན་ལས་མ་གཏོགས་གཞན་སུ་ལ་ཡང་མེད་པས་གང་གིས་སྐྱབས་ན་བླ་མ་དཀོན་མཆོག་གིས་སྐྱོབ། ཚུལ་ཇི་ལྟར་སྐྱབས་ཞེ་ན་རང་དོན་ཕུན་སུམ་ཚོགས་པར་ཆོས་སྐུའི་དགོངས་པར་མངོན་དུ་བྱས་ཤིང་གཞན་དོན་ཕུན་སུམ་ཚོགས་པར་གཟུགས་སྐུའི་བཀོད་པས་གདུལ་བྱའི་ཁམས་དབང་བསམ་པ་བག་ལ་ཉལ་སོགས་དང་རྗེས་སུ་མཐུན་པའི་འདུལ་བྱེད་ཕྲིན་ལས་ཀྱི་འཇུག་པ་དུས་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་གནས་པ་ལྟར་ལན་དང་རྣམ་སྨིན་སོགས་གང་ལའང་བལྟོས་པ་མེད་པར་སྐྱོབ་པའོ། །དགོས་ཆེད་ཅིའི་ཕྱིར་སྐྱོབ་ན་སེམས་ཅན་རེ་རེའི་རྒྱུད་ལ་བདེ་བར་གཤེགས་པའི་སྙིང་པོ་ཏིལ་ལ་ཏིལ་མར་གྱི་ཚུལ་དུ་ཡོད་པར་གཟིགས་ནས་དེ་ཉིད་མངོན་དུ་འགྱུར་བའི་ཕྱིར་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་སྒོ་ནས་དགེ་ཚོགས་བསོད་ནམས་ཀྱིས་རྒྱུད་ཡོངས་སུ་སྦྱངས་བར་བྱས་ནས་དགོས་པ་ལམ་བདེ་བ་ཐེག་ཆེན་གྱི་ལམ་ལ་དཀྲི་བར་བྱས་ཏེ་འབྲས་བུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མངོན་དུ་འགྱུར་བའི་ཕྱིར་སྐྱོབ་པའི་མིང་དུ་འབོད་དོ། །

བསོད་ནམས་རི་རབ་ལྷུན་པོའི་ཡང་རྩེ་རུ། །རིགས་བརྒྱུད་ཉི་ཟླའི་དཀྱིལ་འཁོར་ཡོངས་གསལ་ཞིང་། །སྙན་གྲགས་ནམ་མཁའི་ཁྱོན་ཀུན་ཁྱབ་པའི་དཔལ། །བཀྲ་ཤིས་ལྷ་མོའི་མཚན་གྱི་ཅོད་པན་གསོལ། །

དྲུག་པ་ལྷ་ལ་འདོགས་ནས་བསྲུང་བ་ལ་ཡང་གང་ཞིག་གང་གི་ཇི་ལྟར་ཅིའི་ཕྱིར་སོགས་ཀྱི་སྒོ་ནས་བསྲུངས་བར་བྱ་བའི་མིང་ནི་རྒྱལ་བ་སྲས་དང་བཅས་པའི་བྱིན་རླབས་དང་བཀའ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་སོགས་ཉིན་མཚན་ཀུན་ཏུ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་རིགས་ཀྱི་བུ་མོའི་སྒོ་གསུམ་གྱི་བར་ཆད་ཆག་ཆེ་ཉམ་ང་མི་ནད་ཕྱུགས་ནད་ཐམས་ཅད་མི་འབྱུང་བའི་ཕྱིར་བསྲུང་བར་བྱ་བའི་མིང་དུ་རཀྵ་རཀྵ།

ལུས་ལ་ནད་མེད་མཁའ་ལ་ཉི་ལྟར་གསལ། །ཟོལ་མེད་ངག་ལ་བདེན་ཚིག་སྨོན་ལམ་གྲུབ། །

སྐྱེ་མེད་སེམས་ཀྱི་སྤྲོས་པ་དབྱིངས་སུ་ཞི། །ཚེ་ལ་འགྱུར་མེད་སྲོག་གི་ཀ་བ་ཚུགས། །

གསུམ་པ་མཇུག་ཡོངས་སུ་རྫོགས་པའི་བྱ་བ་ལ་མཐའ་རྟེན་བཀྲ་ཤིས་བརྗོད་པ་ནི། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་མགོན་པོ་དྲི་མ་གསུམ་སྤང་པ། །སངས་རྒྱས་པདྨོ་རྒྱས་པའི་འདབ་འདྲའི་སྤྱན་མངའ་བ། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་དང་པའོ། །དེ་ཡིས་ཉེ་བར་གཏད་པའི་མཆོག་རབ་མི་གཡོ་བ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པར། །ཆོས་ཀྱི་དམ་པ་སྐྱེ་རྒུ་རྣམས་ལ་ཞི་བྱེད་པའི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གཉིས་པའོ། །དགེ་འདུན་དམ་པ་ཆོས་ལྡན་ཐོས་པའི་བཀྲ་ཤིས་ཕྱུག །མི་དང་ལྷ་དང་ལྷ་མ་ཡིན་གྱི་མཆོད་པའི་གནས། །ཚོགས་ཀྱི་མཆོག་རབ་ངོ་མཚར་ཤེས་དང་དཔལ་གྱི་གཞི། །དེ་ནི་འཇིག་རྟེན་དགེ་བའི་བཀྲ་ཤིས་གསུམ་པའོ། །ཞེས་པ་འདིའང་དེང་དུས་གཉེན་སྒྲིག་ལ་ཉེ་བར་མཁོ་བའི་ལས་ཕྲན་བདུན་གྱི་སྒོ་ནས་བག་མ་གཏོང་ལེན་གྱི་སྲོལ་རྒྱུན་དམངས་སྲོལ་ལ་འདི་བཞིན་ལག་ལེན་དུ་བསྟར་བར་སྣང་བས་ཁོ་བོས་མང་གྲགས་པ་རྣམས་ཚིག་དོན་ཕྱོགས་གཅིག་ཏུ་སྡེབ་ཅིང་བསྡུས་པ་དང་ཉུང་བ་རྣམས་ཟུར་རྒྱན་གྱི་ཚུལ་དུ་ཅུང་གོ་བདེར་བཏང་ནས་སྟབས་བདེའི་ཆེད་དུ་བཀོད་པ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1