མེག་སི་ཁོ

བྱམས་པ་ཚེ་རིང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-03


ལྷོ་ཕྱོགས་དང་ནུབ་ཕྱོགས་གཉིས་ནི་ཞི་བདེ་རྒྱ་མཚོ་ཆེན་མོར་ཉེ་བར་བཅར་ཡོད། ཤར་ལྷོའི་རྒྱུད་དུ་ཅ་ལི་བྷིས་རྒྱ་མཚོ་དང་པོ་ལིས་ཚི། ཝེས་ཏིས་མ་ལ་སོགས་དང་། ཤར་རྒྱུད་དུ་མེག་སི་ཁོ་མཚོ་འགག་ལ་ཐུག་ཡོད། མེག་སི་ཁོའི་སྡོད་དམངས་མང་ཆེ་བ་གནམ་བདག་ཆོས་ལུགས་ལ་དད་ཅིང་། སྐད་ཡིག་ལ་སི་ཕེན་སྐད་སྤྱོད་བཞིན་ཡོད། རྒྱལ་ཁོངས་ནང་ཁུལ་དུ་མངའ་སྡེ་མི་གཅིག་པ་སོ་བཞི་ཡོད་ལ། རྒྱལ་ས་མེག་སི་ཁོ་མཁར་གྲོང་ཡིན་པ་རེད། མེག་སི་ཁོ་ནི་མེ་གླིང་སྐམ་སའི་དབྱིན་ཏི་ཨན་མིའི་གནའ་བོའི་རིག་གནས་ལྟེ་བའི་གྲས་ཀྱི་གཅིག་ཡིན་ཞིང་། གནས་འདི་ནས་སྙན་པ་དོན་དང་ལྡན་པའི་ཨོ་ཨར་མེ་ཁི་རིག་གནས་དང་། ཐོ་ཨར་ཐི་ཁི་རིག་གནས། ཨོ་ཐི་ཏིས་བྷ་ཚི་རིག་གནས། ས་པོ་ཐི་ཁི་རིག་གནས། མ་ཡ་རིག་གནས། ཨ་ཚི་ཐི་ཁི་རིག་གནས་སོགས་ཀྱི་སྨྱུ་གུ་འབུས་ཏེ་དར་རྒྱས་ཕྱིན་མྱོང་བ་རེད། སྤྱི་ལོ་1519ལོར་སི་ཕེན་མི་སེར་སྤེལ་ཡུལ་གྱིས་མེག་སི་ཁོ་བཙན་བཟུང་བྱས་པ་དང་། ལོ་དེའི་ཟླ་9པའི་ཚེས་16ཉིན་ཡིས་ཏ་ཨར་ཧྲིན་ཧྥུ་ནས་འོས་ལངས་བྱེད་མགོ་བརྩམས་ཏེ་དམག་འཐབ་ལས་རྒྱལ་ཁ་མ་ཐོབ་བར་རྒྱུན་བསྐྱངས། སྤྱི་ལོ་1824ལོར་མེག་སི་ཁོ་རང་བཙན་ཡིན་པ་ཁྱབ་སྒྲོག་བྱས། མེག་སི་ཁོའི་དཔལ་འབྱོར་ལམ་ལུགས་ནི་རང་དབང་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཡིན་ཞིང་། དཔལ་འབྱོར་གྱི་སྟོབས་ཤུགས་མེ་གླིང་གི་ཨང་བཞི་པ་དང་འཛམ་གླིང་ཡོངས་ཀྱིས་ཨང་བཅུ་གསུམ་པར་སླེབས་ཡོད། དེང་རབས་ཅན་གྱི་བཟོ་ལས་དང་ཞིང་ལས་ལ་བརྟེན་ཞིང་། སྒེར་གཉེར་དཔལ་འབྱོར་གྱི་སྟོབས་ཤུགས་ཀྱང་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད། སྤྱི་ལོ་1994ལོར་མེ་གླིང་བྱང་མའི་རང་དབང་ཉོ་འཚོང་ཁུལ་དངོས་སུ་བཙུགས་པ་ནས་བཟུང་། མེག་སི་ཁོ་དང་ཨ་རིའི་ཉོ་འཚོང་གི་ཕྱོགས་ལ་གཏོང་བའི་དངུལ་འཇོག་འགྲོ་འོང་གི་བྱ་བ་ཡང་ཇེ་མང་དུ་ཕྱིན་ཏེ། དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་དམངས་ཡོངས་འབབ་མཐོར་འདེགས་འབྱུང་བར་སྐུལ་འདེད་བཏང་། མེག་སི་ཁོའི་གནའ་བོའི་དབྱིན་ཏིས་ཨན་མིས་མ་རྨོས་ལོ་ཏོག་གསོ་སྐྱོང་བྱས་པས་མ་རྨོས་ལོ་ཏོག་གི་ཕ་ས་ཞེས་པའི་ཆོ་ལོའང་གནང་ཡོད་ཅིང་། སྤྱི་ལོ་2020ལོའི་ཟླ་6པའི་ཚེས་17ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདེམ་ཤོག་འཕངས་ཏེ། མེག་སི་ཁོ་སྤྱི་ལོ་2021ལོ་ནས་སྤྱི་ལོ་2022ལོའི་བར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་བཟང་བའི་རྒྱལ་ཁབ་ཏུ་བདམས་པ་རེད།  


མེག་སི་ཁོ་མཐོ་སྒང་ནི་མེ་གླིང་བྱང་མའི་སྐམ་སའི་ལྷོ་རྒྱུད་དུ་ཡོད་པའི་མེག་སི་ཁོའི་དབུས་རྒྱུད་ཀྱི་མཐོ་སྒང་ཞིག་ཡིན་ཞིང་། མེག་སི་ཁོ་མཐོ་སྒང་གིས་རྒྱལ་ཡོངས་ཀྱི་སའི་རྒྱ་ཁྱོན་ལས་ལྔ་ཆའི་དྲུག་ཟིན་ཡོད། མེག་སི་ཁོ་ཡི་ས་དབྱིབས་གཙོ་བོ་རི་ཁུལ་དང་མཐོ་སྒང་ཡིན་པས་མེག་སི་ཁོ་མཐོ་སྒང་ཞེས་སྤྱི་མིང་དུ་ཆགས། དེའི་སྟབས་ཀྱིས་མེག་སི་ཁོ་ལ་མཐོ་སྒང་གི་རྒྱལ་ཁབ་ཅེས་ཀྱང་འབོད་པ་རེད། མེག་སི་ཁོ་མཐོ་སྒང་གི་ས་དབྱིབས་ནི་བྱང་ནས་ལྷོ་རུ་རིམ་པ་བཞིན་ཇེ་མཐོར་སོང་ཡོད་དེ། བྱང་གི་འཕྲེད་ཚད་ཏུའུ་ཉེར་གཉིས་ནས་བཟུང་སྟེ་ལྷོ་བྱང་ཁག་གཉིས་སུ་བགོས་ཆོག་པ་རེད། བྱང་རྒྱུད་ཀྱི་མཐོ་སྒང་ལ་མཚོ་འཕགས་སྨིས་ཆིག་སྟོང་ཡོད་པ་དང་། ནང་དུ་རི་འབུར་མང་པོས་བཙིར་གནོན་ལས་ཐོན་པའི་གཞོང་ས་ཡང་མང་པོ་མཆིས། དེའི་སྟབས་ཀྱིས་བྱང་རྒྱུད་གཤོང་ས་ཞེས་ཀྱང་འབོད། ས་གནས་མིས་དེའི་མིང་ལ་པོ་ཨར་སུང་ཞེས་ཀྱང་འབོད། ནམ་ཟླ་སྐམ་ཤས་ཆེ་ཞིང་ཞིང་ལས་ནི་རང་ངོས་ནས་ཆུ་སྟོར་བར་འཁེན་དགོས། ལྷོ་རྒྱུད་ལ་ཀྲུང་དབྱང་མཐོ་སྒང་ཞེས་སུ་འབོད་པ་སྟེ། ས་བབ་མཐོ་ཞིང་ཆ་སྙོམས་ཀྱི་མཚོ་འཕགས་ལ་སྨིས་ཉིས་སྟོང་ནས་སྨིས་ཉིས་སྟོང་ལྔ་བརྒྱ་ཙམ་ཡོད་དེ། མེག་སི་ཁོ་ཡི་ཞིང་ལས་རྟེན་གཞི་གཙོ་བོ་རུ་གྱུར་ཡོད་པ་མ་ཟད། ཟངས་དང་ལི་སོགས་གཏེར་དངོས་ཀྱང་ཕུན་སུམ་ཚོགས་པ་མཆིས།

ཕྱེ་ལེབ་ལུང་བ་ནི་སྨི་ཆི་ཁིན་མངའ་སྡེའི་ལའོ་ས་ཨོ་རི་ཁུལ་དུ་གནས་ཤིང་། ལོ་རེའི་ཟླ་11པ་དང་ལོ་གཉིས་པའི་ཟླ་3པར་ཁ་ན་ཏའི་ལྷོ་རྒྱུད་དང་ཨ་མེ་རི་ཁའི་བྱང་ཤར་གྱི་རི་ཁུལ་གྱི་ཕྱེ་ལེབ་ཁྲི་ཕྲག་མང་པོ་འདིར་འཕུར་ཡོང་ནས་མཛེས་སྡུག་དང་འཆར་ཡན་གྱི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་གྲུབ། འཕུར་སྐྱོད་ཀྱི་སྒྲ་གནས་འདིའི་ལྷིང་འཇགས་དཀྲོགས་ཤིང་རི་ལུང་ཀུན་ལ་ཕྱེ་ལེབ་ཀྱིས་བཀང་ནས་ཁྲ་ཆིལ་ལེར་བཤད་པའི་མེ་ཏོག་གི་ཞིང་ཁམས་ཤིག་ཏུ་ཐོན་པ་ལྟ་བུའི་ཚོར་སྣང་ཞིག་བཅོས་མིན་དུ་སྦྱིན་ངེས། གནས་འདི་ཕྱེ་ལེབ་ནི་དུས་བཅད་ལྟར་གནས་སྤོ་བའི་ཁྲབ་གཤོག་ཅན་གྱི་འབུ་སྲིན་གྱི་ཁོངས་སུ་གཏོགས་པ་ཡིན།

མིའི་རིགས་རིག་པའི་བཤམས་སྟོན་ཁང་ནི་ལ་ཏིང་མེ་གླིང་གི་ཆེས་མིང་དུ་གྲགས་པའི་དངོས་མང་བཤམས་སྟོན་ཁང་ཞིག་ཡིན་ཞིང་། དེའི་ནང་དུ་གནའ་བོའི་དབྱིན་ཏི་ཨན་གྱི་རིག་དངོས་མང་པོ་ཉར་ཚགས་བྱས་ཡོད། བཤམས་སྟོན་ཁང་གི་སྒོ་ཆེན་དང་ལྡེབས་རིས་སུ་བླ་དད་རིག་གནས་ཀྱི་རི་མོ་མང་པོ་བྲིས་ཡོད་པ་དང་། མེ་གླིང་གི་མི་རིགས་སོ་སོའི་ལོ་རྒྱུས་ཀྱི་བྱུང་བ་མཚོན་པའི་མེ་ལོང་དུའང་ངོས་འཛིན། བཤམས་སྟོན་ཁང་འདིར་ཁང་རྩེག་གཉིས་ཡོད་པ་དང་། དེ་ལས་ཁང་རྩེག་དང་པོ་མེ་གླིང་གི་མི་རིགས་སོ་སོའི་ལོ་རྒྱུས་མཚོན་པའི་རིག་དངོས་ཉར་ཡོད་པ་དང་། ཁང་རྩེག་གཉིས་པར་དབྱིན་ཏི་ཨན་མིའི་གྱོན་གོས་དང་ཁང་བའི་བཀོད་པ། འཚོ་བའི་སྤྱོད་ཆས། ཆོས་ལུགས་སྤྱོད་ཆས། རོལ་ཆས་སོགས་རིག་དངོས་མང་པོ་ཡོད་པས་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་དང་བ་དྲངས་ཡོད།

མེག་སི་ཁོ་ཡི་རྒྱལ་ས་མེག་སི་ཁོ་རུ་འཛམ་གླིང་རང་བཞིན་ཅན་གྱི་རིག་གནས་ཤུལ་བཞག་གཙོ་ཆེ་བ་གཉིས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་བསླབ་ཚན་རིག་གནས་རྩ་འཛིན་གྱིས་འཛམ་གླིང་གི་ཤུལ་བཞག་མཁར་གྲོང་གི་མིང་ཐོའི་གྲས་སུ་ཚུད་དུ་བཅུག་པ་རེད། ཤུལ་བཞག་རིག་གནས་གཉིས་པོ་ལས་གཅིག་གིས་ནི་ཨ་ཚི་ཐེ་ཁུ་རིག་གནས་དང་སི་ཕན་རིག་གནས། དེ་མིན་དེང་རབས་རིག་གནས་གསུམ་གྱི་ཁྱད་ཆོས་གཅིག་བསྡུས་བྱས་ཏེ་མེག་སི་ཁོ་གྲོང་ཁྱེར་གྱི་ལྟེ་གནས་གྲུབ་པར་བྱས་ཡོད་ལ། ཅིག་ཤོས་ནི་གྲོང་ཁྱེར་གྱི་ལྟེ་བ་དང་སྤྱི་ལེ་ཉེར་བརྒྱད་མཚམས་སུ་ཡོད་པའི་ཆུ་མོད་ཕ་སའི་རྒྱལ་ཁབ་ཏེ་ཧོ་ཆིས་མེ་ཨར་ཁི་ཡིན་པ་རེད།  སྤྱི་ལོ་1987ལོར། ཧོ་ཆིས་མེ་ཨར་ཁི་འཛམ་གླིང་གི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་ཐོའི་ནང་ཚུད། འཛམ་གླིང་ཤུལ་བཞག་ཨུ་ཡོན་ལྷན་ཚོགས་ཀྱི་གདེང་འཇོག་ལྟར་ན། འདིར་གནའ་བོའི་མེག་སི་ཁོ་ཡི་འཛུགས་སྐྲུན་གྱི་རྣམ་པ་སོར་འཇོག་པ་ནི། མིས་བཟོས་སྐྱེལ་འདྲེན་གཙང་པོ་དང་གླིང་ཕྲན་མོད་པས་ཨ་ཚི་ཐེ་ཁི་མིའི་གནའ་བོའི་འཚོ་བ་དངོས་དེའི་བཀྲག་མདངས་མ་ཉམས་པར་བྱས་ཏེ། ས་གནས་མིས་འཚོ་གནས་ཀྱི་དོན་དུ་ཁོར་ཡུག་ལ་སྲུང་སྐྱོང་རབ་དང་རིམ་པ་བྱས་པའི་རྐྱེན་གྱིས་ཡིན་སྲིད། འཛམ་གླིང་གཟུགས་འདས་ཤུལ་བཞག་ཨུ་ཡོན་ལྷན་ཚོགས་ཀྱིས་མི་དང་རང་བྱུང་གི་འཆམ་མཐུན་མཉམ་གནས་ཀྱི་ཤུལ་དངོས་ལ་མཐོང་ཆེན་བྱེད་པའི་སྐབས་སུ་ཆུ་མང་པོའི་ཕ་ཡུལ་འདིས་ཁྱད་ཆོས་ལྡན་པའི་ཐོག་ནས་རང་བྱུང་གི་མི་ཚུལ་མཛེས་སྡུག་ཕྱི་རུ་ངོམ་པས་ཀུན་གྱིས་དོ་སྣང་བྱུང་། ངག་རྒྱུན་ལྟར་ན། དུས་རབས་བཅུ་བཞི་བའི་སྐབས་སུ་ཨ་ཚི་ཐེ་ཁི་མིས་དཀའ་ངལ་གདོང་གིས་བསུས་ཏེ་མེག་སི་ཁོ་དཀྱིལ་དབུས་མཐོ་སྒང་དུ་ཡོང་བ་དང་། ལྷས་ལུང་བསྟན་བཞིན་མཐོ་སྒང་གི་རི་ཁུག་ཐ་སི་ཁི་ཁི་གཙང་པོའི་ཉེ་འགྲམ་དུ་མེ་ཏོག་དབང་ལག་གི་སྟེང་དུ་སྦྲུལ་ཆེན་བཟུང་བའི་རྒོད་པོ་ཞིག་ཡོད་པ་མཐོང་སྟེ། གཞི་རྒྱ་ཆེ་བའི་ཨ་ཚི་ཐེ་ཁི་བཙན་རྒྱལ་རིང་ལུགས་ཀྱི་རྒྱལ་ས་ཐི་ཨོ་ཐི་ཏིས་ཐི་ལན་འཛུགས་སྐྲུན་བྱས། དེ་ནི་ཕྱིས་སུ་མེག་སི་ཁོ་ཡི་རྒྱལ་ས་མེག་སི་ཁོ་གྲོང་ཁྱེར་དུ་ངོས་འཛིན་བྱས་པ་ཡིན། དེ་ལྟར་ཐོག་མའི་གྲོང་ཁྱེར་གྱི་རྨང་གཞི་བསྐྲུན་པ་ནས་ས་གཤིས་མཉེན་ཤུགས་ལྡན་པས་འཚོ་བ་རོལ་བར་སྟབས་བདེ་མིན་པ་དང་། ཆུ་བོ་ཡང་མོད་པས་ཨ་ཚི་ཐེ་ཁི་མིས་རང་ཉིད་ཀྱི་བསམ་བློའི་སྟོབས་ཤུགས་དང་འཆར་ཡན་གྱི་བློ་སྒོ་ལ་བརྟེན་ནས་གསར་གཏོད་ཀྱི་འདུན་པ་བྱུང་། ཁོ་ཚོས་བརླན་གཤེར་ཆེ་བའི་གནས་སུ་ཆུ་བོའི་བཞུར་ལམ་བསྐྲུན་པ་དང་། ས་རྒོད་ཐམས་ཅད་ཞིང་སར་བསྒྱུར་བ། དུམ་བུ་དུམ་བུ་བྱས་ཏེ་སྤུངས་གསོག་རྒྱག་པ།  ཆུ་འགག་སོ་སོའི་ཆུ་བེད་བཟོ་སྐྲུན་ཐམས་ཅད་སྦྲེལ་དུ་བཅུག་པ་སོགས་བྱས་ཏེ་བཞུར་རྒྱུན་གཅིག་པའི་གཙང་པོའི་བཞུར་རྒྱུན་ཞིག་གིས་བསྐོར་བའི་གྲོང་ཁྱེར་ཆེན་པོ་ཞིག་འཛུགས་སྐྲུན་བྱས་པ་ཡིན་ནོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1