མཚོ་སྔོན་ཡུལ་ཤུལ་གྱི“རེ་བའི་ཁྱིམ་གཞིས”ཀྱིས་དབང་སྐྱོན་མི་སྣར་རོགས་རམ་བྱས་ནས་རང་མགོ་ཐོན་པར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-07


     ཟླ་9ཚེས་2ཉིན། “དང་ཐོག དབང་སྐྱོན་མི་སྣ་མང་པོས་མི་དང་འབྲེལ་བ་མི་བྱེད་ཅིང་། ཉིན་གང་སེམས་སྐྱོ་པོས་ཁ་རོག་སྡོད་ཀྱི་ཡོད། ཡིན་ནའང་། ‘རེ་བའི་ཁྱིམ་གཞིས’ནང་ཞུགས་རྗེས། ཁོང་ཚོའི་འཚོ་བ་རང་མགོ་ཐོན་པའི་ནུས་པ་ཇེ་ཆེར་ཕྱིན་པ་དང་། ཁ་ཤས་ཀྱིས་ཐ་ན་རང་བརྟེན་ལས་གཏོད་བྱེད་བཞིན་ཡོད་པས་གསར་དུ་ཞུགས་པའི་དབང་སྐྱོན་མི་སྣར་སྐུལ་མ་ཆེན་པོ་ཐེབས་ནས། བྱེད་སྒོའི་ནང་ཧུར་ཐག་ཞུགས་པ་དང་། ལས་གཏོད་བྱས་ནས་ཁྱིམ་ཚང་སྐྱོང་བཞིན་ཡོད།” ཅེས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུངས་པར་རྨས་སྐྱོན་ཕོག་མཁན་གྱི་རེ་བའི་ཁྱིམ་གཞིས་གསར་གཏོད་མཁན་ཕུན་ཚོགས་དབང་རྒྱལ་གྱིས་ཚོར་སྣང་ཟབ་མོའི་ངང་ཕྱི་དྲན་བྱེད་བཞིན་བརྗོད།
     ཕུན་ཚོགས་དབང་རྒྱལ་ནི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ནང་ཆེན་རྫོང་ནས་ཡིན་ཞིང་། དེ་སྔོན་མཚོ་སྔོན་གྱི་ས་ཆ་དེ་རང་གི་ཡུལ་སྐོར་སྣེ་ཤན་པ་ཞིག་རེད། 2011ལོར། ཁོང་གློ་བུར་དུ་ཐོན་པའི་རླངས་འཁོར་དོན་རྐྱེན་ཞིག་ནང་ཚབས་ཆེའི་ལུས་སྨད་ཞ་བ་ཆགས། སྐབས་དེར་ཁོང་ལ་གདམ་ག་གཉིས་ཡོད་པ་སྟེ། ཁྱིམ་དུ་ལོག་ནས་ཕ་མར་བརྟེན་ཏེ་འཚོ་བ་སྐྱེལ་རྒྱུ་དང་། ཡང་ན་སློབ་སྦྱོང་བྱས་ནས་ཟབ་སྦྱོང་བྱ་རྒྱུ་དེ་རེད།
     ཁྲེན་ཏུའུ་རུ་བདེ་ཐང་སླར་གསོའི་སྦྱོང་བརྡར་བྱས་རྗེས། ཁོང་གིས་བློ་ཐག་ཆོད་པས་ཕ་མས་ཁྱིམ་དུ་ལོག་རྒྱུའི་རེ་བ་གཏོན་པ་དང་ལེན་མ་བྱས་པར་དར་མའི་མཐོ་རྒྱུགས་ནང་ཞུགས་པ་རེད། དེ་རྗེས་སི་ཁྲོན་གྱི་ལས་རིགས་སློབ་གླིང་ཞིག་ཏུ་ལོ་གསུམ་མཐོང་ཚོར་བརྒྱུད་བསྒྲགས་ཆེད་ལས་སློབ་སྦྱོང་བྱས་པ་རེད།
     2016ལོར་ཁོང་ལ་འཇའ་མན་དུ་བརྗེ་རེས་སློབ་སྦྱོང་བྱེད་པར་བསྐྱོད་པའི་གོ་སྐབས་ཐོབ་པ་དང་། 2017ལོར་ཁོང་སླར་ཡང་ཨ་རིར་སློབ་སྦྱོང་ཟབ་སྦྱོང་བྱེད་པར་བསྐྱོད་པ་རེད།
     སློབ་སྦྱོང་མཐར་ཕྱིན་ནས་ཕྱིར་ལོག་པའི་ཕུན་ཚོགས་དབང་རྒྱལ་གྱིས་ཁོང་གིས་སྦྱངས་པའི་བདེ་ཐང་སླར་གསོའི་ཤེས་བྱ་དང་ཟུང་འབྲེལ་བྱས་ནས། 2014ལོར་དབྱར་སྒར་བཙུགས་པ་རེད། “ལོ་ལྟར། ང་ཚོས་ཀྲུང་གོའི་ས་གནས་ཁག་ནས་ཉམས་མྱོང་ཕུན་སུམ་ཚོགས་པའི་དབང་སྐྱོན་མི་སྣ་ཡུལ་ཤུལ་རྩྭ་ཐང་དུ་གདན་དྲངས་ནས། ཁོང་ཚོའི་ཉམས་མྱོང་ཡུལ་ཤུལ་གྱི་དབང་སྐྱོན་མི་སྣ་དང་མཉམ་སྤྱོད་བྱེད་ཀྱི་ཡོད།”ཅེས་ཕུན་ཚོགས་དབང་རྒྱལ་གྱིས་བཤད།
     དབྱར་སྒར་དུ་ཞུགས་པའི་དབང་སྐྱོན་མི་སྣ་ཇེ་མང་དུ་ཕྱིན་པ་དང་བསྟུན་ནས། དབང་སྐྱོན་མི་སྣ་མང་ཆེ་བའི་འཚོ་བ་རང་མགོ་ཐོན་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཕུན་ཚོགས་དབང་རྒྱལ་གྱིས་ཚང་མ་རང་ཁ་རང་གསོ་ཡོང་བ་དང་ལས་གནས་ཐོག་ཕྱིར་ལོག་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
     2018ལོར་ཕུན་ཚོགས་དབང་རྒྱལ་གྱིས་ཡུལ་ཤུལ་ཁུལ་དམངས་སྲིད་ཅུས་ཀྱི་སྤྱི་ཚོགས་རྩ་འཛུགས་ཁོའོ་ཡི་འོག་ཏུ“རེ་བའི་ཁྱིམ་གཞིས”དངོས་སུ་ཐོ་འགོད་བྱས་ནས་བཙུགས་པ་དང་།  སྔར་ཡོད་ཀྱི་དབྱར་སྒར་ཕུད། “རེ་བའི་ཁྱིམ་གཞིས”ཀྱིས་ད་དུང་རྐུབ་སྟེགས་འཁོར་ལོ་ཅན་གྱི་ལན་ཆིའུ་སྤོ་ལོའི་རུ་ཁག་དང་། རྐུབ་སྟེགས་འཁོར་ལོ་ཅན་གྱི་ཞབས་བྲོ་རུ་ཁག  མཉམ་གཞས་ཚོགས་པ། བཀག་ཆ་མེད་པའི་ཕྱིར་སྐྱོད་སོགས་སྒྲིག་འཛུགས་བྱས་པ་མ་ཟད། ཁོངས་མིར་ལག་ཤེས་གསོ་སྦྱོང་ཡང་བྱས་པ་དང་། ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་མཁན་གྱི་ཁོངས་མིར་ཟླ་རེར་ཡོང་འབབ་སྒོར་1500ཙམ་ཡོད།
     “‘རེ་བའི་ཁྱིམ་གཞིས’བཙུགས་པས་ཕྱོགས་གཅིག་ནས་དབང་སྐྱོན་མི་སྣའི་འཚོ་བ་རང་མགོ་ཐོན་པའི་ནུས་པ་ཇེ་མཐོར་གཏོང་བ་དང་། གཞན་ཡང་། ཁོང་ཚོར་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དངུལ་གསོག་ཐུབ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།” ཕུན་ཚོགས་དབང་རྒྱལ་གྱིས། ཁོང་གིས་ཡུལ་ཤུལ་ཁུལ་དུ་མུ་འབྲེལ་བཟའ་བཏུང་ཁང་བཙུགས་པ་དང་། “རེ་བའི་ཁྱིམ་གཞིས”ཀྱི་ཁོངས་མི་མང་པོའི་བྱ་གཞག་གསོན་ཉམས་དོད་པ་ཞིག་ཡོད་ཅེས་བརྗོད།  

     ཕུན་ཚོགས་དབང་རྒྱལ་གྱིས་འདི་ལོའི་ལོ་སྨད་དུ་ང་ཚོས་ཡུལ་ཤུལ་ཁུལ་གྱི་ནང་ཆེན་རྫོང་དང་ཆུ་དམར་ལེབ་རྫོང་དུ“རེ་བའི་ཁྱིམ་གཞིས”གཉིས་འཛུགས་རྒྱུ་ཡིན། “འབྱུང་འགྱུར་ང་ཚོས་ད་དུང་མཚོ་སྔོན་དང་སི་ཁྲོན་སོགས་ས་ཁུལ་དུ‘རེ་བའི་ཁྱིམ་གཞིས’ལྟ་བུའི་སྒྲིག་གཞི་དེ་བས་མང་བ་འཛུགས་རྩིས་ཡོད། དབང་སྐྱོན་མི་སྣ་དེ་བས་མང་བས་འཚོ་བ་རང་མགོ་རང་ཐོན་དང་རང་སྟོབས་རང་སྤེལ་ཡོང་རྒྱུར་རོགས་རམ་བྱ་རྒྱ་ཡིན”ཞེས་བཤད།




http://tibet.people.com.cn/15823140.html 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1