ཉེ་བའི་ལོ་ཤས་རིང་མཛོད་དགེ་རྫོང་གིས་ཐོན་ལས་དར་སྤེལ་དང་སྐྱེ་ཁམས་གཞིས་འཚམ། ཡུལ་སྲོལ་དཔལ་ཡོན། ནུས་ལྡན་ལེགས་བཅོས། འཚོ་བ་འབྱོར་ལྡན་བཅས་ཀྱི་སྤྱི་ཁོག་བླང་བྱ་ལྟར། མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྲུན་བྱས་པས། རྫོང་ཡོངས་ཀྱི་གྲོང་སྡེའི་རྣམ་པར་རིམ་གྱིས་འཕོ་འགྱུར་གསར་བ་བྱུང་།
ཉེ་ཆར་གསར་འགོད་པ་ཆོས་རྗེ་ཡུལ་ཚོའི་རྒྱ་རྗེས་སྡེ་བར་བསྐྱོད་པ་ན། མིག་ལམ་དུ་མངོན་པ་ནི་ཡུལ་སྡེའི་མཛེས་སྡུག་གི་རྣམ་པ་དང་ཞིང་ཁར་སྡེ་དམངས་སྟོན་སྡུད་ལ་བྲེལ་བའི་རྣམ་པ་ཡིན་ལ། ཞིང་བའི་ར་སྐོར་གྱི་སྡོང་གྲིབ་འོག་དང་བདེ་གཡེང་ཐང་ཆེན་ནས་བྱིས་པ་རྣམས་རྩེད་འཇོ་ལ་རོལ་ཞིང་། སྣུམ་ལམ་རེ་རེ་སྡེ་འདབས་སུ་འཐེན་པས། གང་སར་ཡར་ངོས་ཟླ་ལྟར་འཕེལ་བའི་རྣམ་པ་མངོན།ཆོས་རྗེ་ཡུལ་ཚོའི་མཛེས་སྡུག་ནི་སྡེ་བའི་རྣམ་པ་མཛེས་པ་ཙམ་མིན་པར། ད་དུང་ཡུལ་སྲོལ་དཔལ་ཡོན་ལྷག་ཏུ་མཛེས། ས་གནས་དེའི་མང་ཚོགས་ཀྱིས་བཤད་པ་ལྟར་ན། སྔོན་ཆད་སྡེ་ལམ་འབར་འབུར་ཆེ་ཞིང་འཚོ་བའི་གད་སྙིགས་གང་སར་སྤུངས་ཤིང་། དགོང་མོར་མུན་ནག་ཆེ་ལ་བཙོག་ཆུ་གང་སར་འདོན་བཞིན་ཡོད། ཡུལ་སྡེ་དར་སྤེལ་བྱས་པ་ནས་བཟུང་སྡེ་བ་སོ་སོའི་རྨང་གཞིའི་སྒྲིག་ཆས་ཇེ་བཟང་ནས་ཇེ་བཟང་དུ་འགྱུར་ཞིང་། ཏང་ཨུ་དང་སྲིད་གཞུང་གི་དྲིལ་སྒྲོག་ལས་དོན་སོ་སོའང་གནད་ལ་ཁེལ་བས། སྡེ་དམངས་ཀྱི་ཁོར་སྲུང་འདུ་ཤེས་དང་གཙང་སྦྲའི་འདུ་ཤེས་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད་ཟེར།
ཆོས་རྗེ་ཡུལ་ཚོའི་ཡུལ་སྡེ་དར་སྤེལ་ལམ་བུ་ནི་མཛོད་དགེ་རྫོང་གི་མཚོན་བྱེད་ཙམ་རེད། རྗེས་སོར་རང་རྫོང་གིས་ཡུལ་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་ཁྲོད། གྲོང་རྡལ་4དང་ཡུལ་ཚོ་1དང་སྡེ་བ་42སུ་ཐོན་ལས་དང་རྨང་གཞིའི་སྒྲིག་ཆས། སྐྱེ་ཁམས་ཁོར་སྲུང་། ཡུལ་སྲོལ་དཔལ་ཡོན། ཡུལ་སྡེ་ལེགས་བཅོས་བཅས་དར་སྤེལ་ལས་སྒོ་ཆེན་མོ་ལྔ་ལག་བསྟར་བྱས་ཏེ། ཡུལ་སྡེ་དར་སྤེལ་གྱི་མ་དཔེ་གསར་སྐྲུན་གྱིས་མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་ཆེར་གཏོང་བར་འབད་ངེས་རེད།