སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་པའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ཆེན་པོ་བྱུང་།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 09-15
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚན་རིག་པའི་བཞུགས་མོལ་ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། འཛམ་གླིང་གི་ཚན་རྩལ་མདུན་གྲལ་དང་དཔལ་འབྱོར་གྱི་གཡུལ་ས་གཙོ་བོ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་བཅས་ལ་ཁ་ཕྱོགས་ཏེ། ཚན་རིག་ལག་རྩལ་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་གོང་དུ་སྤེལ་དགོས་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཚན་རིག་ལས་རིགས་ཀྱི་ཁྱབ་ཁོངས་ཁྲོད་ནས་ཚུར་སྣང་ཆེན་པོ་བྱུང་། ཚང་མས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་ནས་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་རྒྱུ་དང་། གསར་གཏོད་ཀྱི་གདེང་ཚོད་ཇེ་བརྟན་དུ་བཏང་ནས་རང་རྒྱལ་འདི་ཉིད་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཅིག་ཏུ་འཛུགས་སྐྲུན་བྱེད་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས་ཟེར།
བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་ཅིང་། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་ཚིས་ལེགས་བཅོས་བྱེད་པར་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་ཚན་རིག་ལག་རྩལ་གྱིས་ཐག་གཅོད་བྱེད་པའི་ཇུས་གཞི་ཧ་ཅང་མཁོ་བས། གསར་གཏོད་ཀྱི་སྒུལ་ཤུགས་ཨང་དང་པོ་འདི་སྔར་ལས་ཇེ་ཆེར་གཏོང་དགོས་ཟེར།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་གཅིག་རྗེས་གཉིས་མཐུད་ངང་བྱུང་ཡོད། ཞི་ཅིན་ཕིང་གིས་བསྟན་དོན། རྒྱ་ཆེའི་ཚན་རྩལ་ལས་དོན་པས་འཛམ་གླིང་གི་ཚན་རྩལ་མདུན་གྲལ་ལ་ཁ་ཕྱོགས་པ་དང་དཔལ་འབྱོར་གྱི་གཡུལ་ས་གཙོ་བོར་ཁ་ཕྱོགས་པ། རྒྱལ་ཁབ་ཀྱི་དགོས་མཁོ་གལ་ཆེན་ལ་ཁ་ཕྱོགས་པ། མི་དམངས་ཀྱི་ཚེ་སྲོག་བདེ་ཐང་ལ་ཁ་ཕྱོགས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་ལག་རྩལ་གྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་ཟམ་མི་ཆད་པར་གོང་དུ་སྤེལ་དགོས་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཚན་རྩལ་གསར་གཏོད་ཀྱི་སྐྱེ་ཁམས་ཇེ་ལེགས་སུ་གཏོང་བ་དང་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་འཕེལ་བར་བྱས་ནས། རྒྱ་ཆེའི་ཚན་རིག་མཁས་ཅན་དང་ཚན་རྩལ་ལས་དོན་པར་འཇོན་ཐང་ངོམས་པའི་གར་སྟེགས་བསྐྲུན་དགོས་ཟེར། སྤྱི་ཁྱབ་ཧྲུའུ་ཅིས་རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་དང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སློབ་གསོ་གསར་གཏོད་བྱ་རྒྱུ་སོགས་ཕྱོགས་དྲུག་གི་ཐད་ནས་བཏོན་པའི་བླང་བྱ་ཞིབ་ཕྲས་ཀྱང་ཚན་རིག་པར་སྐུལ་ལྕག་ཆེན་པོ་ཐེབས།
ཞི་ཅིན་ཕིང་གིས་བསྟན་དོན། ཚན་རིག་གི་གྲུབ་འབྲས་དེ་བསམ་པའི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། རྒྱ་ཆེའི་ཚན་རྩལ་དོན་གཉེར་བས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། རང་འགུལ་ངང་ལོ་རྒྱུས་ཀྱི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་རྒྱུའི་རེ་བ་ཡོད། རང་སོ་སོའི་ཚན་རིག་དོན་གཉེར་བྱ་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་བསྐྲུན་པའི་རྒྱལ་ཁབ་ཀྱི་བྱ་གཞག་རླབས་ཆེན་ནང་སིམ་འདྲེས་ཡོང་བར་བྱེད་དགོས་ཟེར།