ཟླ9པའི་ཚེས14ཉིན་གྱི་སྔ་དྲོ། ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་མགོ་མང་གྲོང་ཚོའི་རིག་གནས་ཁང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། དེ་ནི་གྲོང་ཚོའི་དབུལ་ཕོངས་དུད་ཁྱིམ་མཉམ་ལས་ཁང་གིས་སྤྱི་སྡོམ་དང་ཁེ་སྤོགས་བགོ་བཤའ་རྒྱག་པའི་མཛད་སྒོ་སྤེལ་བཞིན་པའི་སྒང་རེད། འབྲོག་པ་ཚོའི་གདོང་ལ་བདེ་སྐྱིད་དང་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་ཡོད།
2016ལོར་དབུལ་ཕོངས་དུད་ཚང་མཉམ་ལས་ཁང་རྩ་འཛུགས་བྱས་པ་ནས་བཟུང་། མགོ་མང་གྲོང་ཚོས་རིམ་རྩིས་བྱས་ན་ཁེ་སྤོགས་སྒོར་ཁྲི70ལྷག་བགོ་བཤའ་བརྒྱབ་ཟིན་པ་དང་། ཚེས14ཉིན་གྱི་སྔ་དྲོར། ཡུལ་དངོས་སུ་ཁེ་སྤོགས་སྒོར་ཁྲི51.52བགོ་བཤའ་བརྒྱབ་ཅིང་། དེའི་ཁྲོད་དུ་བསོད་ནམས་དབང་ཕྱུག་ཚང་ལ་བགོ་བཤའ་སྒོར59877.5ཐོབ་སྟེ་ཆེས་མང་བ་ཡིན། ལག་ནང་གི་དངུལ་ལོར་ལ་བལྟས་ནས་ཚང་མའི་གདོང་ལ་བདེ་སྐྱིད་ཀྱི་མེ་ཏོག་བཞད་སོང་།
2016ལོར་རྒྱལ་ཡོངས་སུ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་བརྒྱབ་པའི་དུས་འགོར། སྨད་པ་ཤང་མགོ་མང་གྲོང་ཚོར་བསྡོམས་པས་དུད་ཁྱིམ54ཡོད་པ་དང་། དེའི་ཁྲོད་དབུལ་ཕོངས་དུད་ཁྱིམ25ཡོད། མགོ་མང་གྲོང་ཚོས་དབུལ་ཕོངས་ཀྱི་མི་གྲངས་དུས་ལྟར་སྤུས་ཚད་མཐོན་པོའི་སྒོ་ནས་དབུལ་ཐར་བྱ་བར་མངོན་འགྱུར་བྱ་ཆེད། གྲོང་ཚོའི་ཏང་ཀྲི་པུའུ་ཡིས་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་བབ་བསྟུན་སྣེ་ཁྲིད་ཀྱིས་ཡང་དག་པའི་སྒོ་ནས“གནད་སྨིན་དྲུག”གི་བྱ་བའི་བླང་བྱ་དམ་པོར་བཟུང་སྟེ། ཕྱུགས་གཡར་ཕྱུགས་འཇལ་གྱི་རྣམ་གྲངས་དང་ནོར་ལུག་དུས་ཐུང་གི་གསོ་སྤེལ་སོགས་ཀྱི་རྣམ་གྲངས་གནད་སྨིན་གྱིས་བཀོད་སྒྲིག་བྱ་རྒྱུ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་རྨང་བརྟན་དམངས་ཕན་གྱི་མ་དངུལ་དང་གྲོང་ཚོའི་ཐུན་མོང་གི་མ་དངུལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། དབུལ་ཕོངས་དུད་ཁྱིམ་གྱི་སྔར་ཡོད་ཕྱུགས་ཟོག་དང་རྩྭ་ས་ཐོན་ཁུངས་སུ་བྱས་ནས་མི་དང་། རྩྭ། ཕྱུགས་བཅས་ཐོན་ཁུངས་ཆེན་པོ་གསུམ་གྱི་རྒྱུ་ཆར་སྐུལ་སྤེལ་དང་སྐུལ་སློང་བྱས་ཏེ། ཏང་འཛུགས་སྐྱོང་དམ་འཛིན་བྱེད་པར་ཤུགས་བརྒྱབ་ནས་དབུལ་སྒྲོལ་ཁྲིད་སྟོན་ལ་སྐུལ་འདེད་བྱ་རྒྱུ་དང་། ཐོན་ཁུངས་ནི་རྒྱུ་ནོར་དང་། མ་རྩ་དེ་མ་རྐང་དང་། འབྲོག་པ་རྣམས་མ་རྐང་འཇོག་མཁན་དུ་བསྒྱུར་བར་སྐུལ་འདེད་མགྱོགས་སུ་བཏང་ནས། གྲོང་ཚོ་དེའི་དམངས་ཡོངས་མ་རྐང་དུ་ཞུགས་པའི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་བྱེད་པར་རྨང་གཞི་སྔར་བས་བཏིང་སྟེ་ཉམས་མྱོང་མཁོ་འདོན་བྱས།
མགོ་མང་གྲོང་ཚོའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཡག་པོ་ཡོད་མེད་དེ་མང་ཚོགས་ཀྱི་གདོང་གི་འཛུམ་མདངས་ལ་བལྟས་པས་ཤེས།