ཝང་དབྱང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-17



    ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གསར་འགྱུར་ལྟར་ན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཉེ་ཆར་མཚོ་སྔོན་དུ་རྟོག་ཞིབ་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་དང་། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པ་འགོ་འཛུགས་གྲབས་ཡོད་པའི་ལོ་རྒྱུས་ཀྱི་དུས་མཚམས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་ཡིན་པས། དེར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་བོད་འབྲེལ་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པ། དོན་དངོས་ནས་འགོ་བཙུགས་ཏེ་གསར་གཏོད་རང་བཞིན་གྱི་ལས་དོན་སྤེལ་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱེད་པ་དང་། བོད་ལྗོངས་དང་། བོད་འབྲེལ་ཁུལ་དང་རྫོང་བཅས་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

    ཚེས་14ནས་15ཉིན་བར། ཝང་དབྱང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ་ཕེབས་ནས། མི་རིགས་སློབ་འབྲིང་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ས་ཚིགས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཁུལ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་སོགས་སུ་ཟབ་ཞུགས་བྱས་ནས་གནས་ཚུལ་རྒྱུས་ལོན་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུད་ཀྱིས“ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པའི་གནས་ཚུལ་གྱི་སྙན་ཞུར་ཉན། ཝང་དབྱང་གིས་ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱི་བོད་འབྲེལ་ལས་དོན་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་“ཚོགས་འདུ་ཐེངས་བདུན་པའི་”དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་ནི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ། གོམ་སྟབས་རྗེས་མའི་ལས་དོན་ལེགས་པར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཡང་ཡིན། ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ནས་སློབ་སྦྱོང་དང་ཞིབ་བསྡུར་གཏིང་ཟབ་བྱས་ཏེ་མ་ཡིག་སྦྱངས་དགོས་ལ་རྩ་བའི་རིགས་པ་ཡང་རྟོགས་དགོས་ཤིང་། དེ་འདྲ་ཡིན་པ་ཤེས་ལ་དེ་འདྲ་ཡིན་ལུགས་ཀྱང་ཤེས་པར་བྱས་ཏེ། དགོངས་དོན་གྱི་ངོ་བོ་དང་སྲོག་ཤིང་གི་དོན་གནད་ངོ་མ་ཤེས་ཐབས་བྱེད་དགོས། རྣམ་པ་སྣ་ཚོགས་དང་སྣ་མང་ཕུན་སུམ་ཚོགས་པའི་དྲིལ་བསྒྲགས་དང་བསྒྲགས་བཤད་སྤེལ་ནས། མང་ཚོགས་ཀྱིས་ཉན་འདོད་པ་དང་ཉན་ཤེས་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་སྤྱད་དེ་གསལ་འགྲེལ་བྱས་ཏེ། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྲོད་དུ་ཚོགས་འདུའི་དགོངས་དོན་མི་སེམས་སུ་འཇགས་པར་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཚད་གཞིར་བསྡུར་ནས་དོན་དངོས་དང་ཟུང་འབྲེལ་སྒོས་ཞན་ཆ་འཚོལ་ཞིབ་དང་། ལས་ཀའི་ལས་འགན་ཞིབ་ཕྲ་བཟོ་བ་དང་། ལས་ཀའི་རྩིས་ཁྲ་བཟོ་བ། དུས་བཀག་ལྟར་རྩིས་ཐོ་ཞིབ་བཤེར་དང རྩིས་བརྒྱབ་རྩིས་སུབ་ཐུབ་པ་བཟོ་དགོས་པ། ཞིབ་ཕྲའི་ལས་དོན་གཟབ་ནན་དང་བརྟན་པོའི་ངང་སྤེལ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་པོའི་རང་བཞིན་རྒྱུན་འཁྱོངས་བྱེད་པ། ལེགས་སྒྲིག་དངོས་འབྲེལ་བྱེད་དགོས་པའི་སྲིད་ཇུས་ལ་ཕྱོགས་མང་པོ་ནས་རིགས་པས་ཁུངས་སྐྱེལ་དང་། གཏན་འཁེལ་བྱས་རྗེས་ལག་བསྟར་བྱེད་དགོས། 


   ཝང་དབྱང་གིས། ཏང་ཀྲུང་དབྱང་གིས་བོད་ལྗོངས་དང་། བོད་འབྲེལ་ཁུལ་རྫོང་བཅས་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བར་དམིགས་ནས། ལས་འགན་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་བྱས་ཡོད་པས། ལས་ཀ་འདི་དག་ལ་རྩེ་རིམ་གྱི་ཇུས་འགོད་དང་གཞི་རིམ་གྱི་འཚོལ་ཞིབ་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་དགོས་ཏེ། རྒྱུན་མི་ཆད་པར་ཤུགས་རྒྱག་པ་དང་སྙིང་རུས་གཏན་འཁྱོངས། ངེས་པར་དུ་ཉིན་ལྟར་བྱས་རྗེས་འཇོག་པ་བྱེད་དགོས། དེ་ལྟར་བྱས་ཚེ་གཞི་ནས་ཆུ་ཡུར་གཤོང་ཐུབ།  བོད་འབྲེལ་ལས་དོན་ཁྲོད་ཀྱི་མི་རིགས་ཆོས་ལུགས་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་གནས་བབ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། ཡུན་རིང་གི་ཐབས་ཇུས་མང་ཙམ་འདོན་པ་དང་རྩ་བ་བརྟན་ཚུགས་ཀྱི་བྱེད་ཐབས་མང་ཙམ་སྤྱད་ནས། ཡུན་རིང་བདེ་འཁོད་དང་འབྲེལ་བ་ཡོད་པའི་གཏིང་རིམ་གྱི་འགལ་བ་དང་གནད་དོན་མང་ཙམ་ཐག་གཅོད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་བྱེད་པའི་ཐད་བྱས་རྗེས་ངོ་མ་འཇོག་པ་དང་ཕན་འབྲས་དངོས་ཐོན་ཐབས་བྱས་ནས ། ཉམས་མྱོང་སྔར་ལས་མང་བ་འཚོལ་ཞིབ་དང་གསོག་འཇོག་དགོས་ཤིང་། སྤྱོད་གོ་ཆོད་པའི་སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་ཕྱོགས་བསྡོམས་ནན་ཏན་བྱས་ཏེ། ས་གནས་དེ་གའི་དོན་དངོས་དང་འཚམ་པའི་དེང་རབས་ཅན་གྱི་བཅོས་སྐྱོང་མ་ལག་ཆ་ཚང་ཞིག་ཆགས་པ་བྱས་ཏེ་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་རྣམ་པ་སྲུང་སྐྱོང་ཡག་པོ་བྱེད་དགོས། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། སྣོད་བཅུད་སྤུས་ཚད་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྒྲིག་བཀོད་ཞིང་ལས་དང་། ལུང་གཞུང་དཔལ་འབྱོར། ཡུལ་སྐོར་ཐོན་ལས་བཅས་བརྟན་པོའི་ངང་འཕེལ་རྒྱས་གཏོང་དགོས། དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་མང་ཚོགས་དེ་བས་མང་བ་རིམ་བཞིན་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱེད་དགོས།

    ཝང་དབྱང་མཚོ་སྔོན་དུ་བཞུགས་རིང་། མགོ་ལོག་ཁུལ་སྲིད་གྲོས་ལས་ཁུངས་ལ་བསྐྱོད་ཅིང་། སྲིད་གྲོས་དང་། འཐབ་ཕྱོགས་གཅིག་གྱུར། ཆོས་ལུགས་ལས་དོན་བཅས་ཀྱི་ལས་བྱེད་ལས་བཟོ་བར་འཚམས་འདྲི་གནང་ནས། “ཚོགས་འདུ་ཐེངས་བདུན་པའི”དགོངས་དོན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

http://tibet.cpc.people.com.cn/15824221.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1