བློ་རྩ་བརྟན་པོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། ཉིའུ་གཡོད་དུ་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་75པ་འགོ་ཚུགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེ་ཀུའུ་ཐེ་ལེ་སི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་75པའི་ཀྲུའུ་ཞི་འོར་ཁན·པོ་ཙི་ཁར་གྱིས། འཇིགས་སྐུལ་དང་འགྲན་སློང་མང་པོར་ཁ་གཏད་གཅོག་པ་དང་ལྷག་དོན་དུ་ཏོག་གསར་རིམས་ནད་གོ་ལ་ཧྲིལ་པོར་མཆེད་པའི་དུས་མཚམས་སུ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་རྩ་བརྟན་པོས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ཕྱོགས་རྐྱང་རིང་ལུགས་བཀག་འགོག་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་ལ་གདེང་ཚོད་ཡོད་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།
ཀུའུ་ཐེ་ལེ་སིས་འགོ་ཚུགས་མཛད་སྒོའི་ཐོག འདི་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་གཏན་དང་མི་འདྲ་བའི་ལོ་ཞིག་རེད། ཏོག་གསར་རིམས་ནད་ལ་འགོག་རྒོལ་ནུས་ལྡན་བྱ་ཆེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཕྲོད་བསྟེན་མ་ལག་ལ་ཤུགས་སྣོན་དང་། སྨན་བཅོས་ཐོན་ཁུངས་དང་རིམས་འགོག་སྨན་ཁབ་གསར་སྤེལ་དང་དྲང་གཞག་བགོ་འགྲེམས་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། རིམས་ནད་ཀྱི་ཐད་ཀའི་ཤུགས་རྐྱེན་ལ་ཁ་གཏད་སྔར་བས་ལེགས་པ་གཅོག་དགོས། རྒྱལ་སྤྱིའི་མ་ལག་ཁྲོད་སྒྲིག་ལམ་ལ་བརྟེན་པའི་ཕྱོགས་མང་རིང་ལུགས་དང་དེ་བཞིན་མཉམ་ལས་ཀྱི་ལས་སྟེགས་གཙོ་བོ་ཞིག་གི་ངོས་ནས་འཛམ་གླིང་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་བ་ཆེན་པོ་བཅོལ་ཡོད། དེར་བརྟེན་དུས་རབས་21པར་དེ་བས་དྲ་རྒྱ་ཅན་དང་ཁོག་ཡངས་རང་བཞིན་གྱི་ཕྱོགས་མང་རིང་ལུགས་ཧུར་ཐག་འཛུགས་སྐྱོང་བྱེད་པར་འབད་བརྩོན་དགོས་ཞེས་བརྗོད།
ད་དུང་ཀུའུ་ཐེ་ལེ་སིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དང་ཕ་རི་སིའི་གནམ་གཤིས་གྲོས་ཆོད་ལ་མུ་མཐུད་སྐུལ་འདེད་གཏོང་བའི་རྨང་གཞིའི་ཐོག་རིམས་ནད་རྗེས་ཀྱི་གྲ་སྒྲིག་སྣ་ཚོགས་ཡག་པོ་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱིས་ཞི་བདེ་དང་བདེ་འཇགས་དང་། དམག་མི་ཉུང་འཕྲི། འགྲོ་བ་མིའི་ཐོབ་ཐང་། ཕོ་མོ་འདྲ་མཉམ་སོགས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་རབ་དང་རིམ་པའི་ཐད་མུ་མཐུད་ལས་དོན་སྤེལ་གྱི་ཡིན་ཞེས་བརྗོད།
པོ་ཙི་ཁར་གྱིས་ཤིས་ཚིག་སྒྲོན་སྐབས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་རྩ་བརྟན་པོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱས་ཏེ《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དགོངས་དོན་ལ་བརྟེན་ནས་མིའི་རིགས་ལ་ཐུན་མོང་ཐོག་འཕྲད་པའི་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་དགོས་ཞེས་བརྗོད།
གཞན་ཡང་། པོ་ཙི་ཁར་གྱིས་དེ་ཉིན་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་74པའི་མཇུག་འགྲིལ་མཛད་སྒོའི་ཐོག མི་ཁག་གཅིག་གིས་ཏོག་གསར་རིམས་ནད་སྤྱད་དེ་ཕྱོགས་རྐྱང་བྱེད་སྤྱོད་ལ་དག་འབུད་བྱས་ནས་སྒྲིག་ལམ་ལ་བརྟེན་པའི་རྒྱལ་སྤྱིའི་མ་ལག་ཉམས་ཞན་དུ་གཏོང་གི་ཡོད་ཅེས་བརྗོད་པ་དང་། ཁོང་གིས“རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་ཁེར་རྐྱང་གི་སྒོ་ནས་རིམས་ནད་ལ་ཁ་གཏད་གཅོག་མི་ཐུབ། ཕྱོགས་རྐྱང་རིང་ལུགས་ཀྱིས་རིམས་ནད་སྔར་བས་ཚབས་ཆེ་རུ་གཏོང་སྲིད། དེ་ལྟར་བྱས་ན་ང་ཚོ་ཐུན་མོང་གི་དམིགས་ཚད་དང་ཐག་ཇེ་རིང་དུ་འགྲོ་སྲིད”ཅེས་བརྗོད།
དེ་རྗེས་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག པོ་ཙི་ཁར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་75པས་ཏོག་གསར་རིམས་ནད་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་བརྗོད་དོན་གཙོ་བོར་བྱས་པའི་དམིགས་བསལ་གྱི་ཚོགས་འདུ་ཐེངས་གཉིས་འཚོག་རྒྱུ་དང་། སྐབས་གསར་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཛ་དྲག་ངང་སྔོན་ལ་སྒྲུབ་པའི་དོན་ཚན་གྱི་གྲས་ཤིག་ནི་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པ་དེ་རེད་ཅེས་བརྗོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་75པ་འགོ་ཚུགས་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ཚུད་པའི་རིམ་པ་མཐོ་བའི་ཚོགས་འདུ་ཐེངས་མང་འཚོག་རྒྱུ་ཡིན་ཞིང་། ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་འོག་རྒྱལ་ཁབ་ཁག་གི་སྲིད་དོན་མི་སྣ་གལ་ཆེན་གྱིས་གཏམ་བཤད་བརྙན་འབེབས་བྱེད་པའི་ཐབས་ལམ་ནས་འདི་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་ལ་ཞུགས་རྒྱུ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གྲོས་ཞིབ་དང་། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་པའི་སྒྲིག་གཞི་གཙོ་བོ་ཞིག་ཡིན་ཞིང་། དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཡོངས་ལས་མཉམ་དུ་གྲུབ་པ་ཞིག་རེད། ཚོགས་ཆེན་གྱིས་ལོ་ལྟར་གྱི་ཟླ་9པ་ནས་ཟླ་12བར་རྒྱུན་གཏན་ཚོགས་འདུ་འཚོག་གི་ཡོད། རྒྱུན་གཏན་ཚོགས་འདུར་སྤྱིར་བཏང་དུས་མཚམས་གཉིས་ལ་དབྱེ་བ་སྟེ། དུས་མཚམས་གོང་མ་ནི་སྤྱིར་བཏང་རང་བཞིན་གྱི་རྩོད་གླེང་གི་དུས་མཚམས་ཡིན་པ་དང་། དུས་མཚམས་རྗེས་མ་ནི་ཚོགས་ཆེན་གྱི་གྲོས་ཞིབ་གྲོས་རིམ་ནང་འཇུག་པའི་གྲོས་དོན་ཁག་གི་དུས་མཚམས་ཡིན་པ་རེད།
http://tibet.people.com.cn/15824520.html