ཞི་ཅིན་ཕིང་གིས་དམངས་གཉེར་དཔལ་འབྱོར་ལས་དོན་ཐད་མཛུབ་སྟོན་གནང་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 09-18



       ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་དུས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་བ་དང་། ཁོང་གིས། བསྒྱུར་བཅོས་སྒོ་དབྱེ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན་དུ་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་བཏང་བས། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་དོན་ལ་ཞབས་ཞུ་བསྒྲུབ་པའི་ཁྲོད་དུ་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ནི་སྤྱི་ཚོགས་རིང་ལུགས་ཁྲོམ་རའི་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་གསུངས་ཡོད།
       ཞི་ཅིན་ཕིང་གིས། གཡོ་འགུལ་སྤུ་ཙམ་མེད་པ་གཉིས་རྒྱུན་འཁྱོངས་དང་། དམངས་གཉེར་དཔལ་འབྱོར་མི་སྣར་མཐུན་སྒྲིལ་ཡག་པོ་དང་སྣེ་ཁྲིད་ཡག་པོ་བྱ་རྒྱུ་དེ་ལས་འགན་གལ་ཆེན་ཞིག་ཏུ་བརྩི་དགོས། རིམ་ཁག་ཏང་ཨུད་ཀྱིས་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། སྒོ་ཀུན་ནས་ཏང་གི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་ཡག་པོ་བཅས་བྱེད་དགོས། རིམ་ཁག་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོ་ཆུང་དང་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་སྣེ་ཁྲིད་མཐུན་སྦྱོར་ནུས་པ་འདོན་སྤེལ་བྱེད་པ་དང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མང་ཚོགས་ཚོགས་པའི་རྩ་འཛུགས་ནུས་པ་འདོན་སྤེལ་བྱེད་པ། དམངས་གཉེར་དཔལ་འབྱོར་མི་སྣས་ཏང་གི་ཀྲུང་དབྱང་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། དམངས་གཉེར་དཔལ་འབྱོར་སྐྱོན་བྲལ་ངང་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འབད་པ་ཆེན་པོས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་ཡོད་པ་རེད།
       རྒྱལ་ཡོངས་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྲོས་ཚོགས་སྤྱི་ཚེས་16ཉིན་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་ཡོད་པ་རེད།
       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་ཝང་ཡང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཡོད། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཡག་པོ་བསྒྲུབ་པའི་དོན་སྙིང་གལ་ཆེན་ཤེས་རྟོགས་གཏིང་ཟབ་ཐུབ་པ་བྱེད་དགོས་པ་དང་། ཡིད་རྟོན་དང་། མཐུན་སྒྲིལ། ཞབས་ཞུ། ཁྲིད་སྟོན། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་དང་། དམངས་གཉེར་དཔལ་འབྱོར་མི་སྣས་གཡོ་འགུལ་སྤུ་ཙམ་མེད་པ་གཉིས་ལ་གོ་བ་ཡང་དག་ལེན་རྒྱུར་ཁྲིད་སྟོན་བྱེད་པ། ལམ་ལུགས་ཀྱི་བློ་སྤོབས་བརྟན་དུ་གཏོང་བ། ཁོང་ཚོས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་གང་ལེགས་བྱེད་པ་བཅས་བྱས་ནས་མི་རིགས་བསྐྱར་དར་གྱི་སྟོབས་ཤུགས་ཆེན་པོ་གྲུབ་པ་བྱེད་དགོས་ཞེས་གསུངས་ཡོད།
       ཝང་ཡང་གིས། དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ནི་ཁྱབ་རྒྱ་ཆེན་པོ་ཞིག་ཡིན་པས་རིམ་ཁག་འཐབ་ཕྱོགས་གཅིག་གྱུར་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་གཏོགས་ཚན་པས་ཏང་ཨུད་ཀྱི་འགོ་ཁྲིད་འོག་རང་འགན་རང་འཁུར་དང་ཇུས་ཤུགས་མཉམ་འདོན་བྱེད་དགོས། དམངས་གཉེར་དཔལ་འབྱོར་མི་སྣས་རང་ངོས་ཀྱི་སློབ་སྦྱོང་དང་རང་ངོས་ཀྱི་སློབ་གསོ། རང་ངོས་མཐོར་གཏོང་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་སྐུལ་སློང་བྱེད་དགོས་པ་དང་། མི་སྒེར་གྱི་གྲུབ་འབྲས་ནི་གཅིག་ནས་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་བྱུང་བ་དང་གཉིས་ནས་རླབས་ཆེའི་དུས་རབས་དང་རླབས་ཆེའི་བྱ་གཞག རླབས་ཆེའི་ཏང་བཅས་ལས་བྱུང་བ་ཞིག་ཡིན་པ་ངེས་ཤེས་གསལ་པོ་ཐུབ་པ་བྱེད་པ་དང་། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ཀྱི་ངོས་འཛིན་དང་། བསམ་བློའི་ངོས་འཛིན། བརྩེ་དུང་གི་ངོས་འཛིན་བཅས་གཅིག་མཐུན་ཡོང་བ་བྱེད་དགོས། དམངས་གཉེར་དཔལ་འབྱོར་མི་སྣས་རྒྱལ་ཁབ་ལ་བཅངས་པའི་བརྩེ་དུང་ཟབ་ཏུ་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས་པ་དང་། ཐོན་ལས་ཐོག་ནས་རྒྱལ་ཁབ་ཀྱི་དྲིན་ལན་འཇལ་བ་དང་། དངོས་ལས་ཐོག་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་འགན་འཁྲི་འཁུར་བ། ཁེ་ལས་མཁས་པའི་སྙིང་སྟོབས་དང་བཟོ་པའི་སྙིང་སྟོབས་དར་སྤེལ་གཏོང་བ། གཟི་བརྗིད་བྱ་གཞག་དང་གནད་འཕིགས་དབུལ་སྐྱོར་ནང་ཧུར་ཐག་ཞུགས་པ། རྒྱལ་གཅེས་ལས་བརྩོན་དང་། ཁྲིམས་སྲུང་གཉེར་སྐྱོང་། ལས་གཏོད་ལས་སྐྲུན། སྤྱི་ཚོགས་ཀྱི་དྲིན་གསོ་བཅས་ཀྱི་དཔེ་སྟོན་གཏོད་དགོས། དམངས་གཉེར་དཔལ་འབྱོར་གྱི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་བྱེད་དགོས་པ་དང་། བྱང་ཚད་མཐོར་གཏོང་དང་གྲུབ་གཞི་ལེགས་སྒྲིག ནུས་པ་འདོན་སྤེལ་བཅས་དམིགས་ཡུལ་དུ་བཟུང་ཏེ་ཕྱོགས་བསྡུས་དཔྱད་དཔོག་ལས་དོན་ལེགས་བཅོས་བྱེད་པ་དང་། གཞོན་ནུའི་མི་རབས་གསོ་སྐྱོང་བྱ་རྒྱུར་མཐོང་ཆེན་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱི་གོང་འཕེལ་གནས་ཚུལ་དང་རེ་འདུན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་། བློ་སེམས་གཅིག་སྒྲིལ་ངང་ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། ཁེ་ལས་ནས་མིག་སྔའི་དཀའ་གནད་ལ་ངོས་འཛིན་ཡང་དག་དང་ཁྱད་བསད་བྱ་རྒྱུར་རོགས་རམ་བྱེད་པ་དང་གོང་འཕེལ་གཏོང་བའི་སེམས་ཤུགས་འཕེལ་བ་བྱེད་དགོས། སྲིད་ཚོང་གཙང་སྐྱོང་གི་འབྲེལ་བ་འཛུགས་པའི་བླང་བྱ་ལྟར། སྲིད་གཞུང་དང་ཁེ་ལས་བར་སྤེལ་རེས་གྲོས་མོལ་བྱེད་པའི་ལམ་ལུགས་འཛུགས་པ་དང་། དམངས་གཉེར་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོབ་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་བ། ལས་བྱེད་པས་རང་འགུལ་ངང་ལས་དོན་བསྒྲུབ་པ་དང་། ཞབས་ཞུ་བསྒྲུབ་རྒྱུར་དང་དོད་བྱ་རྒྱུ་སྐུལ་སློང་བྱེད་དགོས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཚོང་ཚོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ཚོང་ཚོགས་སྒྲིག་འཛུགས་གསོ་སྐྱོང་དང་གོང་འཕེལ་ཧུར་ཐག་གཏོང་དགོས་ཞེས་གསུངས་ཡོད་པ་རེད།
       ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཡའུ་ཆོན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་ཀྱང་གནང་ཡོད། ཁོང་གིས། རིམ་ཁག་འཐབ་ཕྱོགས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། ཚད་མཐོའི་འགན་འཁུར་བའི་ཐོག་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ། གཙོ་གནད་ལས་འགན་ལ་དོ་ཁུར་བྱེད་པ། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། དུས་རབས་གསར་པའི་དམངས་གཉེར་དཔལ་འབྱོར་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།
       ཀྲུང་དབྱང་དྲ་བའི་བདེ་འཇགས་དང་ཆ་འཕྲིན་ཅན་གཞུང་ལས་ཁང་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་། ཀྲེ་ཅང་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའུ། ཀོང་ཏུང་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་འགན་འཁུར་བློ་མཐུན། འབྲེལ་ཡོད་དམངས་གཉེར་ཁེ་ལས་མཁས་པའི་འཐུས་མི་བཅས་ནས་སྤེལ་རེས་དང་གཏམ་བཤད་གནང་ཡོད།
       རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི་ཀའོ་ཡུན་ལུང་གྲོས་ཚོགས་ལ་ཞུགས་ཡོད་པ་རེད།
       གྲོས་ཚོགས་དེ་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པའི་ཐོག་ནས་འཚོགས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་གྱིས་ཚོགས་ར་གཙོ་བོར་གྲོས་ཚོགས་ལ་ཞུགས་ཡོད། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེའི་ཏང་ཨུད་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། བཟོ་ཚོང་མཉམ་འབྲེལ་ཚོགས་པའི་འགན་འཁུར་བློ་མཐུན་ནས་ཁག་སོ་སོར་ཡན་ལག་ཚོགས་རའི་གྲོས་ཚོགས་ལ་ཞུགས་གནང་ཡོད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1