ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་9ཚེས་19ཉིན། དྲ་སྦྲེལ་སྟེགས་བུ་TikTokཡིས་ཚེས་19ཉིན་གསལ་བསྒྲགས་སྤེལ་དོན། དེའི་ཀུང་སི་མ་གཞི་སྟེ་ཚེག་ཁྱིམ་འཕར་ལྡིང་དང་ཨ་རིའི་ཨོ་རའེ་ཁའོ་དང་ཝོར་མ་ཀུང་སི་གཉིས་ཀྱི་དབར་རྩ་དོན་རང་བཞིན་གྱི་ངོས་འཛིན་གཅིག་མཐུན་བྱུང་བ་དང་། ཕྱོགས་གསུམ་པོས་དེར་བརྟེན་ནས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པའི་མཉམ་ལས་གྲོས་མཐུན་གང་མགྱོགས་སུ་འཇོག་རྒྱུ་ཡིན་ཟེར།
གསལ་བསྒྲགས་ནང་རྩ་དོན་རང་བཞིན་གྱི་ཐུན་མོང་ངོས་འཛིན་དེ་གྲོས་གཞི་ཞིག་ཏུ་བརྩིས་ནས་ཨ་རིའི་སྲིད་གཞུང་ལ་སྤྲད་པ་དང་། TikTokཡིས་ཕྱོགས་གསུམ་གྱི་རྩ་དོན་རང་བཞིན་གྱི་ཐུན་མོང་ངོས་འཛིན་གྱིས་ཀུང་སི་མ་འོངས་པར་ཨ་རིར་གཉེར་སྐྱོང་དང་འཕེལ་རྒྱས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད། TikTokཡིས་ཨ་རིའི་འཛད་སྤྱོད་མཁན་དུང་ཕྱུར་1ཚུད་པའི་གོ་ལ་ཧྲིལ་པོའི་འཛད་སྤྱོད་པར“བདེ་འཇགས་དང་ཁོང་ཡངས་ཀྱི་སྟེགས་བུ”ཞིག་མུ་མཐུད་མཁོ་འདོན་བྱེད་འདོད་ཡོད།
ཉིན་དེར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཝ་ཧྲིང་ཐོན་ནས་ཁོ་རང་TikTokདང་ཨོ་རའེ་ཁའོ་དང་ཝོར་མ་ཀུང་སིའི་མཉམ་ལས་ཇུས་གཞིར་“རྩ་དོན་ཐོག”མོས་མཐུན་ཡོད་ཅེས་བཤད། ཨ་རིའི་ཚོང་དོན་པུའུ་ཡིས་དེ་མ་ཐག་བསྟན་དོན། དེ་གོང་ཁྱབ་བསྒྲགས་བྱས་པའི་TikTokམཉེན་ཆས་ཨ་རིའི་མངའ་ཁོངས་ནང་གི་ཉེར་སྤྱོད་ཚོང་ཁང་ནས་ཕབ་ལེན་དང་གསར་སྒྱུར་བྱ་རྒྱུའི་གཏན་འབེབས་ཕྱིར་བསྣུར་ནས། ས་གནས་དེ་གའི་དུས་ཚོད་ཚེས་20ཉིན་གྱི་ནམ་གུང་ནས་ཚེས་27ཉིན་གྱི་ནམ་གུང་བར་ཕྱིར་བསྣུར་ཡོད།
ཀྲུང་གོའི་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་ཚེས་19ཉིན་བཤད་རྒྱུར། ཨ་རི་ཕྱོགས་ཀྱིས“རྒྱལ་ཁབ་བདེ་འཇགས”ལ་ཁ་གཡར་ནས་སྒུལ་བདེའི་ཉེར་སྤྱོད་བྱ་རིམ་WeChatདང་TikTokའབྲེལ་ཡོད་ཉོ་ཚོང་བྱེད་མི་ཆོག་པ་བྱེད་པ་དང་། འབྲེལ་ཡོད་ཁེ་ལས་ཀྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་ནས་རྒྱུན་ལྡན་གྱི་ཚོང་རའི་སྒྲིག་ལམ་དཀྲུགས་ཏེ་ཀྲུང་གོ་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་བཙན་པོ་དབང་ཡོད་ཀྱི་བྱ་སྤྱོད་དོར་ནས་འཕྲལ་དུ་ནོར་འཁྲུལ་གྱི་བྱེད་སྟངས་མཚམས་བཞག་སྟེ་དྲང་གཞག་དང་ཕྱི་གསལ་ནང་གསལ་གྱི་རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། གལ་ཏེ་ཨ་རི་ཕྱོགས་ཀྱིས་རང་འདོད་ཁེར་སྒྲུབ་བྱས་ན། ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ་ཀྲུང་གོའི་ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།
http://tibet.people.com.cn/15824704.html