ཟླ་9ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཁྲང་ཧྲ་རུ་གཞི་རིམ་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྐོར་གྱི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་གསན་པ།
ཟླ་9ཚེས་17ཉིན་གྱི་སྔ་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧུའུ་ནན་ཞིང་ཆེན་ཁྲང་ཧྲ་གྲོང་ཁྱེར་དུ་གཞི་རིམ་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དང་། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྐོར་གྱི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཡང་གསན་པ་རེད། ཁོང་གིས་ནན་བཤད་གནང་དོན། མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་མི་དམངས་ཀྱི་རེ་འདོད་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན། ལོ་ལྔའི་འཆར་གཞི་བཟོ་འགོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ས་ཅི་ཐད་དང་འབྲེལ་བ་ཡོད་ལ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་དང་ཡང་འབྲེལ་བ་དམ་ཟབ་ཡོད་པས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཐབས་ཇུས་དམངས་ལ་འདྲི་རྒྱུ་མཐའ་འཁྱོངས་བྱ་རྒྱུ་གཉིས་གཅིག་གྱུར་ཡོང་བ་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་ལ་རྣམ་པ་སྣ་ཚོགས་ཐོག་ནས་ཐབས་འདོན་ཇུས་འདོན་བྱ་རྒྱུའི་ལྕག་སྐུལ་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམངས་ཀྱི་འདོད་འདུན་དང་དམངས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་ས་དང་མཐུན་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ཧུའུ་ནན་དུ་བརྟག་ཞིབ་གནང་རིང་བཞུགས་མོལ་ཚོགས་འདུ་ཆེད་མངགས་འཚོགས་ཤིང་། བཞུགས་མོལ་ཚོགས་འདུའི་ཐོག་ཧོང་དབྱང་གྲོང་ཁྱེར་ཁྲང་ཉིང་གྲོང་ཁྱེར་ཐ་ཧྲན་ཡའོ་རིགས་ཤང་གི་ལྟེ་བའི་སློབ་ཆུང་གི་སློབ་སྤྱི་གཞོན་པ་ཕན་ཅིའུ་རེན་དང་། ཧྲའོ་དབྱང་གྲོང་ཁྱེར་ལུང་ཧུའེ་རྫོང་གི་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཡུང་ཧུང་། ཁྲང་ཧྲ་གྲོང་ཁྱེར་ཝང་ཁྲེང་ཆུས་ཀོང་ཡོན་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ཏུང་ཧྲེ་ཀྲང་ཤའོ་ཏིང་། ཀྲུང་གོ་འཛུགས་སྐྲུན་ཅུས་ལྔ་པའི་སྤྱི་ཁྱབ་འགན་གཙང་ཀུང་སིའི་སྤུས་ཚད་དོ་དམ་པ་ཙའུ་པིན། ཁྲང་ཏེ་གྲོང་ཁྱེར་ཐའོ་ཡོན་རྫོང་གི་ཁེར་རྐྱང་ཟོག་འདྲེན་ཁ་ལོ་བ་ལུང་པིང་། ཧུའུ་ནན་རུའེ་ཐུའུ་རིག་ནུས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཀྲོའུ་པོ་ཝུན། ཤང་ཤིས་ཀྲོའུ་ཕུང་ཧོང་རྫོང་ལེའོ་ཅ་ཆའོ་གྲོང་རྡལ་ཁྲང་ཕུའུ་ཐང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གྲོང་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཙུའུ་ཧུའེ། ཧུའུ་ནན་ཆི་ཆི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་དབྱང་ཧྲུའུ་ཐིང་། ཁྲང་ཧྲ་གྲོང་ཁྱེར་གཡོད་ལུའུ་ཆུས་ཞན་ཅ་ཧུའུ་རུན་ཙེ་ཡོན་ཅང་ཧན་ཡུན་ཡུན་ཟ་ཁང་གི་སྦྱིན་བདག་ལིའུ་ཆོན། ཧུའུ་ནན་ཀྲུང་ཁྲུའུ་ཁྲིམས་རྩོད་ལས་དོན་ཁང་གི་ལས་གཉེར་ཁྲིམས་རྩོད་པ་དབྱི་ཧའོ་མིང་སོགས་གཞི་རིམ་གྱི་འཐུས་མི་10ཡིས་སྔ་རྗེས་སུ་གཏམ་བཤད་སྤེལ་ཏེ། གྲོང་གསེབ་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཡག་པོ་གཏོང་བ་དང་། ཐོན་ལས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་གཏོང་རོགས་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་བ་སོགས་སྐོར་ལ་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཞི་ཅིན་ཕིང་གིས་རེ་རེ་བཞིན་དཔྱད་པ་དང་བརྡ་ལན་གནང་བ་མ་ཟད། ད་དུང་ཚང་མ་དང་སྤེལ་རེས་གཏིང་ཟབ་ཀྱང་གནང་ཞིང་། རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད།
ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་གསུངས་དོན། དེ་རིང་ཚོགས་འདུར་ཞུགས་པའི་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མིའི་གྲས་སུ་གྲོང་གསེབ་དང་། སྡེ་ཁུལ། ཁེ་ལས་སོགས་ནས་ཡོང་བ་ཡོད་ལ་སློབ་གསོ་དང་། ཚན་རྩལ། འཕྲོད་བསྟེན། སྲིད་ཁྲིམས་སོགས་འཐབ་ཕྱོགས་ནས་ཡོང་བའང་ཡོད་པ་དང་། རིམ་ཁག་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། སྲིད་གྲོས་ཀྱི་ཨུ་ཡོན། ངལ་རྩོལ་དཔེ་བཟང་བ། དབུལ་སྐྱོར་ལས་བྱེད་པ་བཅས་ཡོད་ལ། སྤྱི་ཚོགས་རིམ་གྲས་ཀྱི་མི་སྣ་གསར་པ་དང་། ཞིང་པ་ལས་མི། མྱུར་སྐྱེལ་ཕོ་གཞོན། དྲ་ཐོག་ཚོང་ཁང་གི་སྦྱིན་བདག་སོགས་ཀྱང་ཡོད། སྒྱུར་བཅོས་དང་། འཕེལ་རྒྱས། ཐོན་སྐྱེད་བཅས་ཀྱི་འཐབ་ས་དང་པོར་ཡོད་པའི་ཁྱེད་ཚོ་ནི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཚོ་བའི་ནང་ཐད་ཀར་ཞུགས་ཀྱི་ཡོད་པ་དང་། མང་ཚོགས་དང་རྟག་ཏུ་འབྲེལ་བ་བྱེད་མང་ཤོས། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དོན་འཁྱོལ་དང་ཕན་འབྲས་ལ་མྱོང་ཚོར་ཟབ་ཤོས་བཅས་ཡོད་པས། ཁྱེད་ཚོས་བཏོན་པའི་བསམ་འཆར་དང་གྲོས་འགོ་གཞི་རིམ་གྱི་དོན་དངོས་དང་མཐུན་ཤོས་དང་མང་ཚོགས་ཀྱི་བསམ་འདུན་དང་ཉེ་ཤོས་རེད། ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་འབྲེལ་ཡོད་ཕྱོགས་ཀྱིས་ནན་ཏན་ངང་ཞིབ་འཇུག་དང་བསྡུ་ལེན་གང་ལེགས་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་གནང་དོན། ཡུན་རིང་མ་སོང་བར་ང་ཚོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་སྐོར་གྱི་བསམ་འཆར་བསྡུ་ལེན་བྱེད་སྒོ་དྲ་ཐོག་ནས་སྤེལ་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་དོ་ཁུར་ཆེན་པོ་བྱས་པ་དང་། ཞུགས་མཁན་མང་པོ་བྱུང་བ་མ་ཟད། ད་དུང་བསམ་འཆར་དང་གྲོས་འགོ་ཡང་མང་པོ་བཏོན་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་གཞིའི་གྲོས་འགོའི་ནང་གནད་དོན་དེ་དག་ལ་ལན་ཧུར་ཐག་འདེབས་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གནས་མོད། འོན་ཀྱང་གོ་སྐབས་དང་འགྲན་སློང་ཚང་མར་འཕེལ་རྒྱས་དང་འགྱུར་ལྡོག་གསར་པ་བྱུང་ཡོད། དེས་ན་ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ལ་དབྱེ་ཞིབ་བྱེད་པ་དང་། འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་ཀྱི་དུས་བབ་ཡག་པོར་གཅེས་འཛིན་བྱེད་པ། འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོ་གཙོ་རྐང་དུ་བྱེད་པ་དང་། རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཕན་ཚུན་སྐུལ་འདེད་ཀྱི་འཕེལ་རྒྱས་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་གཏོང་དགོས། དུས་ཡུན་རིང་པོའི་ནང་ཛ་དྲག་པ་དང་། དཀའ་ངལ་ཆེ་བ། ཉེན་ཁ་ཆེ་བ། ལྕི་བ་བཅས་ཀྱི་ལས་འགན་དང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ཀྱི་མདུན་དུ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་བསམ་སྤྱོད་གཅིག་མཐུན་དང་། སེམས་ནུས་གཅིག་སྒྲིལ། དཀའ་སྤྱད་འབད་འཐབ་བཅས་བྱས་ཏེ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་རྒྱལ་ཁ་ཐོབ་པ་ནི་མི་དམངས་ལ་རྒྱལ་ཁ་ཐོབ་པ་ཞིག་རེད། མི་དམངས་ནི་དཔའ་བོ་ངོ་མ་རེད།
ཞི་ཅིན་ཕིང་གིས་བསྟན་གནང་དོན། རང་རེའི་ཏང་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཏང་ཞིག་ཡིན། དེས་ན་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་མཛེས་སྡུག་ལྡན་པའི་འཚོ་བར་འཆང་བའི་མི་དམངས་ཀྱི་རེ་འདོད་དེ་ཐོག་མཐའ་བར་གསུམ་དུ་འབད་འཐབ་དམིགས་ཚད་དུ་བརྩི་དགོས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་འཕེལ་རྒྱས་ཇུས་འགོད་བྱེད་པར་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱེད་པ་དང་། འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མི་དམངས་ལ་མཉམ་སྤྱོད་ཡོང་བ་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དམངས་འཚོའི་བྱ་གཞག་ཁག་ཡག་པོ་སྒྲུབ་པ་དང་དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་ཧུར་ཐག་སེལ་དགོས། མི་དམངས་མང་ཚོགས་ཀྱིས་ཡོངས་ཁྱབ་ཏུ་སེམས་ཁུར་དང་དོ་ཁུར་བྱེད་པའི་དམངས་འཚོའི་གནད་དོན་ལ་དེ་བས་དམ་པོར་དམིགས་ཏེ། དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་ནས་རེ་རེ་བཞིན་དོན་འཁྱོལ་ལ་དམ་འཛིན་དང་ལོ་རེ་བཞིན་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་གང་ལེགས་དང་། སྔར་བས་འགན་ལེན། སྔར་བས་རྒྱུན་མཐུད་བཅས་ཡོང་བར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྨང་གཞི་བརྟན་པོ་མེད་གྱུར་ན། གནམ་ས་འགུལ་བར་ཐེ་ཚོམ་མེད། གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་སྟོབས་ཆེན་བྱེད་པ་དང་གཞི་རིམ་གྱི་སྲིད་དབང་བརྟན་སྲུང་བྱས་ཚེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩ་གཞི་ནས་བརྟན་པོ་ཡོང་ཐུབ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་གཞི་རིམ་གྱི་རྨང་གཞིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་གཞི་རིམ་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་ཐད་འབད་འཐབ་ལྷོད་མེད་བྱེད་དགོས། གྲོང་གསེབ་ཀྱི་གཞི་རིམ་ལས་དོན་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་སྟེ། གྲོང་གསེབ་ཀྱི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་སྟེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་རྒྱུར་ཆབ་སྲིད་དང་རྩ་འཛུགས་ཀྱི་འགན་ལེན་ནུས་ལྡན་བྱེད་དགོས། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་བྱེད་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་མིག་ཅན་གྱི་དོ་དམ་དང་ཞབས་ཞུར་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་རྣམ་པ་སྣ་ཚོགས་ཐོག་ནས་སྔོན་འགོག་དང་། བར་འདུམ། སེལ་བའི་ཕྱོགས་བསྡུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། འགལ་བ་དང་རྩོད་གཞི་གཞི་རིམ་དུ་སེལ་ཐུབ་པ་ཏན་ཏིག་བྱས་ནས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་གནང་དོན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་ནི་མཇུག་འགྲིལ་བ་ཞིག་མིན་པར་འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་འགོ་འཛུགས་པ་ཞིག་ཡིན། མི་དམངས་མང་ཚོགས་ལ་ཕུན་སུམ་ཚོགས་པའི་བློ་གྲོས་དང་གསར་གཏོད་ཀྱི་ནུས་པ་ཆེན་པོ་ལྡན་ཡོད། དེས་ན་རྒྱ་ཆེའི་གཞི་རིམ་གྱི་མང་ཚོགས་སྒྲིག་འཛུགས་དང་། སྐུལ་སློང་། གོང་བུ་གཅིག་སྒྲིལ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་གང་ལེགས་འཕེལ་བར་བྱེད་དགོས། ཏང་ཡོན་དང་ལས་བྱེད་པས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་མང་ཚོགས་དང་འབྲེལ་གཏུག་སྔར་བས་དམ་ཟབ་བྱེད་པ། སྲིད་གྲོས་ཀྱི་ཨུ་ཡོན་གྱིས་གནས་སའི་རིགས་ཁོངས་ཀྱི་མང་ཚོགས་ལ་དེ་བས་འབྲེལ་གཏུག་ཡག་པོ་བྱེད་པ་དང་འབྲེལ་ཞབས་འདེགས་ཀྱང་ཞུ་བ། གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པས་སྔོན་ལ་ཕྱུག་པོ་ཆགས་མཁན་གྱིས་རྗེས་ལ་ཕྱུག་པོ་ཆགས་མཁན་ལ་རོགས་རམ་བྱེད་པའི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ། རྒྱ་ཆེའི་གཞི་རིམ་མང་ཚོགས་ལ་མཐུན་སྒྲིལ་གྱིས་གོང་བུ་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་གཏོད་པར་འབད་འཐབ་ལྷོད་མེད་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ད་བར་འཕེལ་རྒྱས་བྱུང་བ་དང་ཐོབ་པའི་གྲུབ་འབྲས་ཚང་མ་གནམ་ནས་ཟགས་པ་ཞིག་མིན་ལ། མི་གཞན་གྱིས་སྦྱིན་པ་བཏང་བ་ཞིག་དེ་བས་ཀྱང་མིན་པར། དེ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཏང་གི་འགོ་ཁྲིད་འོག་དཀའ་སྤྱད་ངལ་རྩོལ་དང་། བློ་གྲོས། དཔའ་ངར་བཅས་ལ་བརྟེན་ནས་བྱུང་བ་ཞིག་ཡིན། མི་འབོར་དུང་ཕྱུར་14ཡོད་པའི་རང་རེའི་རྒྱལ་ཁབ་ཀྱི་མི་ཚང་མས་རང་ནུས་བཏོན་ན་རི་བོ་འགུལ་བ་དང་མཚོ་མོ་གཡོ་བའི་རྫོགས་མཐའ་མེད་པའི་སྟོབས་ཤུགས་ཐོན་རྒྱུ་དང་། མི་ཚང་མས་བྱ་གཞག་གཅིག་སྒྲུབ་པ་དང་ལས་དོན་གཅིག་ཡག་པོ་བསྒྲུབས་ན་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་ཐུབ། གཞི་རིམ་དང་ཐོན་སྐྱེད་ཀྱི་འཐབ་ས་དང་པོ་ནས་ཡོང་བའི་ཁྱེད་ཚོས་ལས་རིགས་ཁག་གི་ཚབ་བྱས་ཏེ་ཕུགས་བསམ་དང་འདུ་ཤེས་བརྟན་དུ་གཏོང་བ་དང་། སློབ་སྦྱོང་དང་མཐོར་གཏོང་བྱ་རྒྱུར་སྣང་ཆེན་བྱེད་པ། དཀའ་སྤྱད་འབད་འཐབ་ཧུར་ཐག་བྱེད་པ། བྱ་བ་ཆུང་ཙག་ནས་སྒྲུབ་འགོ་འཛུགས་པ། བྱ་བ་ཆུང་ཙག་བྱ་བ་ཆེན་པོར་བརྩིས་ནས་སྒྲུབ་པ། སྒྲུབ་བཞིན་པའི་བྱ་བ་ཏན་ཏན་ཏིག་ཏིག་ངང་སྒྲུབ་པ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་རང་ཉིད་ལ་དབང་བའི་ངོ་མཚར་མི་ཚེ་གཏོད་པ་བཅས་ཀྱི་ཐོག་ནས་ང་ཚོའི་བདེ་སྐྱིད་འཚོ་བ་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་དགོས།