[གནད་བཏུས] དེ་ཡང་སློབ་གསོ་དང་ལ་རྒྱ། རིག་གནས་བཅས་ལ་ནང་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་གཏན་ཚིགས་ཀྱི་འབྲེལ་བ་དམ་པོ་ཞིག་མཆིས་ཤིང་། སློབ་གསོ་ནི་མི་རྣམས་ཀྱིས་རྒྱུན་མི་ཆད་པར་རང་ཉིད་ཀྱིས་ཤེས་བྱ་ཐག་གཅོད་པ་དང་། བཀོལ་སྤྱོད་བྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་མཐོ་རུ་འདེགས་པའི་ཚེ་སྲོག་གི་གོ་རིམ་ཞིག་ཡིན་པ་དང་། ལ་རྒྱ་ནི་མི་གཞན་གྱིས་བཙན་འཕྲོག་བྱེད་ས་མི་འགྲོ་བའི་འོས་འགན་དང་འགན་འཁྲི། ཁེ་དབང་བཅས་ཡིན་ནོ། ། ལ་རྒྱ་ནི་མིའི་ཚེ་སྲོག་གི་གོ་རིམ་ཡོངས་རྫོགས་ལ་ཁྱབ་ཡོད་ཅིང་། ལ་རྒྱ་ནི་མི་རྣམས་ཀྱིས་ཚེ་སྲོག་ལ་གོ་བ་ཟབ་མོ་བླངས་པ་ལས་བྱུང་བ་ཡིན་ལ། བརྩེ་དུངས་དང་རྣམ་འགྱུར། རིན་ཐང་། བྱ་སྤྱོད། གོམས་ལུགས་བཅས་ཕྱོགས་བསྡུས་ཀྱི་མཚོན་སྟངས་ཤིག་ཀྱང་ཡིན། མིའི་ཁེ་དབང་ནི་རང་ཉིད་ཀྱི་འོས་འགན་དང་འགན་འཁྲི་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་པ་ཡིན་སྟབས། སློབ་གསོ་ཡིས་རིག་གནས་གཞིར་འཛིན་དགོས་ལ། མི་སྒེར་གྱི་ལུས་སེམས་ཀྱི་ཡུལ་དུས་དགོས་མཁོ་ལ་བསྟུན་བཞིན་རིག་གནས་ལ་ཞིབ་གཟིགས་གནང་སྟེ། མིའི་ལ་རྒྱ་འཛུགས་དགོས་པ་ཡིན། དེའི་ཕྱིར། མིའི་ལ་རྒྱ་མངོན་འགྱུར་བྱ་རྒྱུ་ནི་སློབ་གསོའི་རྩ་བའི་ལས་འགན་ཡིན་ནོ། །
[གནད་ཚིག] སློབ་གསོ། ལ་རྒྱ། རིག་གནས། སློབ་གསོའི་གཞུང་ལུགས།
ལ་རྒྱའི་ཕྱོགས་ནས་བཤད་ན། སློབ་གསོས་ཁུར་དུ་ལེན་དགོས་པ་ནི་སྤྱི་ཚོགས་ཚད་ལྡན་བྱེ་བྲག་ཅན་དུ་གཏོང་བའི་ལས་འགན་ཡིན་པར་མ་ཟད། ལྷག་པར་དུ་མི་རང་ཉིད་ཀྱིས་ལ་རྒྱ་དེ་ངོས་འཛིན་པ་དང་འཛུགས་པར་འགན་འཁུར་དགོས་པ་ཡིན།
སློབ་གསོ་ནི་མིས་རང་ཉིད་ཤེས་རྟོགས་དང་རང་བྱུང་ཤེས་རྟོགས། སྤྱི་ཚོགས་ཤེས་རྟོགས་བྱེད་དགོས་པས་མི་ཚད། མ་འོངས་འབྱུང་འགྱུར་གྱི་ལས་དབང་ལ་ཇུས་འགོད་བྱེད་པའི་བརྒྱུད་རིམ་ཞིག་ཡིན། དེའི་སྲོག་ཤིང་གི་ནང་དོན་ནི་ལ་རྒྱ་ངོས་འཛིན་དང་། དེ་ལས་བྱུང་བའི་རང་ཉིད་ལ་གོ་བ་ལེན་པ་དང་སྤྱི་ཚོགས་འགུལ་སྐྱོད་ཀྱི་རིན་ཐང་བསྐྲུན་པ་དེ་ཡིན། མིའི་ཤེས་རྟོགས་ཀྱི་གྲུབ་ཚུལ་ནི་ཧ་ཅང་རྙོག་འཛིང་ཆེ་བའི་མ་ལག་ཅིག་ཡིན་པ་དང་། དཔྱོད་ལྡན་མཁས་པ་མང་པོས་དེ་ལ་གཏིང་ཟབ་སྒོས་ཞིབ་འཇུག་བྱས་མྱོང་། ཨ་མེ་རི་ཁའི་མཁས་པ་པུའུ་ལོ་ན(JeromeSeymourBruner སྤྱི་ལོ1915—སྤྱི་ལོ2016བར)ལགས་ཀྱིས། སེམས་ཁམས་རིག་པའི་ཕྱོགས་ནས་ཤེས་རྟོགས་ཀྱི་གྲུབ་ཚུལ་ལ་འགྲེལ་བཤད་གནང་བ་དང་། མི་བུ་སྒེར་གྱིས་ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་ཤེས་རྟོགས་བྱེད་པའི་བརྒྱུད་རིམ་སྟེང་ནས། ཤེས་རྟོགས་ཀྱི་གྲུབ་ཚུལ་ནི་ཕྱི་རོལ་ཡུལ་གྱི་བྱ་དངོས་ཏེ། ཤེས་ཚོར་ནས་རིགས་དགར་བའི་བར་གྱི་སྤྱིར་བཏང་གི་རྣམ་པ་ཞིག་ཡིན་པ་ཞིབ་བརྗོད་བྱས་ཤིང་། དེ་ནི་མིའི་ཉམས་མྱོང་ཆགས་པའི་གོ་རིམ་ལས་གྲུབ་པའི་འདུ་ཤེས་གྲུབ་ཚུལ་ཞིག་སྟེ། ཆགས་ཟིན་པའི་ཤེས་རྟོགས་ཉམས་མྱོང་གི་ཆོས་ཉིད་ཅིག་ཡིན་པ་དང་། དོན་སྙིང་ག་གེ་མོ་ཞིག་ལས་གྲུབ་པའི་དཔེ་དབྱིབས་རྣམ་པ་ཞིག་གམ“ཚོར་ཤེས་ཀྱི་རིགས་ཆ་ཚང་ཞིག”རེད།①ཨོ་སུའུ་པེ་ཨེར
(DavidPawlAusubel སྤྱི་ལོ1918—སྤྱི་ལོ2008བར)གྱིས་གོམ་གང་མདུན་སྤོས་ཀྱིས་འདི་ཉིད་བྱེ་བྲག་ཅན་དུ་བཏང་ནས། དོན་སྙིང་ལྡན་པའི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་ཏུ་བསྒྱུར་ཏེ། སློབ་མའི་ཀླད་པའི་ནང་གི་སྙིང་བསྡུས་རང་བཞིན་དང་གསལ་ཚད་། བརྟན་པོའི་རང་བཞིན་དང་དབྱེ་འབྱེད་ཆོག་པའི་རང་བཞིན་དེའི་རང་བྱུང་གི་ཁྱད་གཤིས་བཅས་ནན་གྱིས་བསྟན་པ་མ་ཟད། དེ་བཀོལ་ནས་ཤེས་རྟོགས་ཀྱི་གྲུབ་ཚུལ་འདི་ཉིད་སློབ་སྦྱོང་གི་ཁྲོད་དུ་བཀོལ་ཆོག་པའི་རང་བཞིན་ནི། སློབ་སྦྱོང་ལེགས་འགྲུབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པར་འགྲེལ་བ་སྟེ།②ཞིབ་འཇུག་འདི་དག་ནི་སློབ་གསོ་ལ་མཚོན་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན། འོན་ཀྱང་། ཁོ་ཚོ་ཚང་མས་སློབ་སྦྱོང་གི་བརྒྱུད་རིམ་ཐོག་ནས་ཤེས་རྟོགས་ཀྱི་གྲུབ་ཚུལ་ལ་བགྲོ་གླེང་བྱེད་པ་རེད། གལ་ཏེ་ང་ཚོས་རིག་གནས་ཀྱི་མཐོང་རྒྱ་ནས་མིའི་བསམ་བློའི་སྒྲིག་གཞི་ལ་བགྲོ་གླེང་བྱེད་པ་ཡིན་ན། འདིས་སྔར་ལས་ལྷག་པར་སློབ་གསོའི་བརྒྱུད་རིམ་ཁྲོད་ནང་དོན་ཧྲིལ་བོའི་བཀོད་སྒྲིག་ལ་འགྲེལ་བཤད་གསར་པ་རྒྱག་ཐུབ་ངེས་ཡིན།
གུས་པས་རིག་གནས་ཀྱི་གཞི་རྩའི་གྲུབ་ཚུལ་དང་མིའི་བསམ་བློའི་གྲུབ་ཚུལ་གཉིས་ལྟོས་ཟླ་ཡིན་པས། དེ་ནི་ནང་ནས་ཕྱི་ལ་རིམ་པ་བཞིན་བྱུང་བ་སྟེ།“དད་མོས་ཀྱི་རིམ་པ→རིན་ཐང་གི་རིམ་པ→བྱ་སྤྱོད་གོམས་སྲོལ་གྱི་རིམ་པ→ལམ་ལུགས་དང་སྒྲིག་གཞིའི་རིམ་པ”བཅས་རིམ་པ་བཞི་རུ་གྲུབ་འདུག་པར་སྙམ།
དད་མོས་ནི་མི་རྣམས་ཀྱིས་ཚེ་སྲོག་ལ་བཏབ་པའི་མཐར་ཐུག་གི་དྲིས་ལན་ཡིན་ཞིང་། དེ་ལས་མི་ཚེ་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ་ཆགས་པ་མ་ཟད། ལུས་ཁམས་ལས་བརྒལ་བའི་མི་གཤིས་ཀྱི་དགོས་མཁོ་ཡང་བྱུང་བ་ཡིན། རིམ་པ་གཉིས་པ་ནི་དེའི་དགོས་མཁོ་ལས་བྱུང་བའི་རིན་ཐང་འདུ་ཤེས་ཡིན་ཞིང་། དེ་བྱ་དངོས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་ལ་མཁོ་བའི་དོན་སྙིང་ཡོད་མེད་བརྡར་ཤ་གཅོད་པར་བཀོལ་བ་དང་། དེར་མ་ཟད་འདི་ལས་ཚེ་སྲོག་གི་དགོས་མཁོ་སྐོང་ཆེད། དངོས་པོའི་བྱ་སྤྱོད་དང་བསམ་པའི་བྱ་སྤྱོད་སྣ་ཚོགས་བྱུང་བ་རེད། མིའི་སྤྱི་ཚོགས་ཀྱི་ཁྱད་ཆོས་དབང་གིས། མིའི་བྱ་སྤྱོད་ཡོད་ཚད་དེ་དང་མཐུན་པའི་རྩ་འཛུགས་ཀྱི་སྒྲིག་གཞི་ནང་དུ་ཚུད་དེ་ཚོད་འཛིན་ཐེབས་ཡོད། ཁྱིམ་ཚང་ནི་ཆེས་ཆུང་བའི་རྩ་འཛུགས་ཀྱི་སྒྲིག་གཞི་ཡིན་པ་དང་།སྲིད་གཞུང་ནི་ཆེས་ཆེ་བའི་རྩ་འཛུགས་ཀྱི་སྒྲིག་གཞི་ཡིན། རང་བྱུང་གི་རྩ་འཛུགས་ཀྱི་སྒྲིག་གཞི་ལ་ཁྱིམ་ཚང་དང་ཁྱིམ་རྒྱུད། མཐུན་ཚོགས་སོགས་ཡོད་པ་དང་། རྗེས་གྲུབ་ཀྱི་རྩ་འཛུགས་ཀྱི་སྒྲིག་གཞི་ལ་དགོན་པ་དང་ཆོས་ཚོགས། སྲིད་གཞུང་། སློབ་གྲྭ། སྨན་ཁང་། ཕན་བདེ་ཁང་།ཁེ་ལས། ཁྲིམས་ར་སོགས་ཡོད། སྤྱི་ཚོགས་ཁྲོད་ཀྱི་རྩ་འཛུགས་ཀྱི་སྒྲིག་གཞི་ཡོད་ཚད་ཀྱི་དམིགས་ཡུལ་དང་དགོངས་དོན། འདུ་ཤེས། སྒྲིག་སྲོལ་དང་སྒྲིག་གཞིའི་གྲུབ་སྟངས་བཅས་ནི། དེའི་སྤྱི་ཚོགས་ཀྱི་ཁོངས་མི་ཐུན་མོང་གི་ཚེ་སྲོག་ལྟ་ཚུལ་དང་འཇིག་རྟེན་ལྟ་ཚུལ། ལས་རིགས་ཀྱི་ལྟ་ཚུལ། བྱ་སྤྱོད་གོམས་གཤིས་ལ་སོགས་པའི་ཕྱིའི་རྣམ་པ་ཡིན། དོན་དངོས་སུ་རྒྱུ་རྐྱེན་གང་ལའང་རག་མ་ལས་པའི་བལྟོས་མེད་ཀྱི་དངོས་པོའི་རིག་གནས་ཤིག་མེད་ལ། བལྟོས་མེད་ཀྱི་བསམ་པའི་རིག་གནས་དང་ལམ་ལུགས་ཀྱི་རིག་གནས་ཤིག་ཀྱང་མེད་པ་རེད། དངོས་པོའི་གྲུབ་འབྲས་ཁྲོད་དུ་ཚང་མར་བསམ་པའི་རིག་གནས་འདུས་ཡོད་ཅིང་། བསམ་པའི་རིག་གནས་གང་ཡང་རུང་བ་ཞིག་གི་ཁྲོད་ན་ཡང་ཚང་མར་དེར་མཐུན་གྱི་དངོས་པོའི་རྣམ་པ་ཡོད་པས་ན། ལམ་ལུགས་དང་སྒྲིག་གཞི་ཚང་མ་ནི་དངོས་པོ་དང་བསམ་བློ་ཕན་ཚུན་བྱེད་ནུས་བཏོན་པའི་མཇུག་འབྲས་ཡིན་ཞིང་། དེ་དང་འདྲ་བར། ལམ་ལུགས་དང་སྒྲིག་གཞི་ནི་དེའི་དངོས་པོ་དང་བསམ་བློའི་རིམ་པའི་བརྟན་པའི་རྣམ་པ་ཡང་རེད། མི་ནི་རིག་གནས་ཀྱི་ཐོན་དངོས་ཡིན་པ་དང་། རིག་གནས་གཏིང་རིམ་གྱི་གྲུབ་ཚུལ་ཁྲོད་ཚེ་སྲོག་ལ་གོ་བ་བླངས་པའི་ཁྱད་པར་ཆུང་ཆུང་དེས། ཐད་ཀར་རིག་གནས་ལོངས་སུ་སྤྱོད་པའི་མི་དེའི་ལ་རྒྱའི་གོ་བ་ལེན་ཚུལ་ལ་ཤུགས་རྐྱེན་ཐེབས་བཞིན་ཡོད་དོ། །
རིག་གནས་ཀྱི་གྲུབ་ཚུལ་དང་ཕན་ཚུན་དོ་མཉམ་པ་ནི། མིའི་སེམས་ཁམས་བསམ་བློའི་གྲུབ་ཚུལ་ཡིན་ལ། དེ་ཡང་ཐོག་མར་དད་མོས་དང་། དེ་ནས་རིན་ཐང་དང་། དེའི་འཕྲོ་ནས་བྱ་སྤྱོད་དང་གོམས་སྲོལ་ཡིན་པ་རེད། གྲུབ་ཚུལ་རིམ་པ་འདི་གསུམ་གྱིས་ཆགས་པའི་དཔེ་དབྱིབས་ལས། བྱེ་བྲག་གི་མི་བུ་སྒེར་གྱིས་མི་ཞིག་ཡིན་པའི་ཆ་ནས་ངེས་པར་བརྩི་སྲུང་བྱ་དགོས་པའི་གཞི་རྩའི་དྲང་བདེན་དང་ལམ་སྲོལ་དེ་ཉིད་གྲུབ་ཅིང་། དེ་རང་ཉིད་གཅུན་པའི་འདུ་ཤེས་ཀྱི་ནང་དོན་དུ་གྱུར་ཡོད། མི་བུ་རེ་རེ་དངོས་ཡོད་ཀྱི་འཇིག་རྟེན་དུ་བྱོན་པ་ནས་བཟུང་རྒྱུན་མི་ཆད་པར་ཚེ་སྲོག་གི་དྲིས་ལན་འཚོལ་བ་སྟེ། སྐྱེས་ཚེ་གང་ནས་ཡོང་བ་དང་། འཆི་ཚེ་གང་དུ་འགྲོ་བ་ཡིན་པ་སོགས་དྲི་བ་འདི་ཉིད་མི་སྟེ་ཚེ་གང་བོར་འགྲོགས་ཤིང་། དེའི་དྲིས་ལན་ནི་དད་མོས་ལས་མ་འདས་སོ། ། ཚེ་སྲོག་གི་དྲིས་ལན་ནི་རང་བྱུང་ཁམས་སམ་ཡང་ན་རང་བྱུང་ཁམས་ལས་འདས་པའི་ཁུངས་ནུས་ག་གེ་མོ་ཞིག་ལས་འབྱུང་ངེས་ཏེ། རིག་གནས་མི་འདྲ་བ་ལ་དྲིས་ལན་ཡང་མི་འདྲ་བ་རེ་ཡོད་པ་རེད། དེའི་འབྱུང་རྐྱེན་ནི་མི་དང་རང་བྱུང་གི་བརྗེ་རེས་ལས་བྱུང་བ་ཡིན་ཞིང་།རང་བྱུང་ཁོར་ཡུག་མི་འདྲ་བའི་མི་རྣམས་ལ་དྲིས་ལན་ཡང་མི་འདྲ་བ་རེ་ཐོབ་པ་ཡིན། ཚེ་སྲོག་གི་མཐར་ཐུག་གི་དྲིས་ལན་དེ་ལ་མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་ཁ་གསབ་ལས་སྣོན་བརྒྱབ་པར་མ་ཟད། ངོ་མཚར་ཅན་དུ་བཏང་ནས། དེའི་རིག་གནས་ལོངས་སུ་སྤྱོད་པའི་ཁོངས་མི་རེ་རེ་ཐུན་མོང་གིས་ཁས་བླངས་ཏེ། དེ་ཉིད་མི་རིགས་གོང་བུ་གཅིག་ཏུ་འགྲིལ་བྱེད་ཀྱི་སྒུལ་ཤུགས་དང་།ཐུན་མོང་གི་བྱ་སྤྱོད་ཆགས་པར་བྱེད་པའི་རིན་ཐང་གི་གཞི་འཛིན་སར་གྱུར་ཡོད། མི་རྣམས་སྐྱེ་བ་ཉིད་ནས། ཚེ་སྲོག་གི་དྲིས་ལན་ལས་བྱུང་བའི་སྤྱི་ཚོགས་ཐུན་མོང་གི་ཚོགས་པ་འདིའི་ཁྲོད་དུ་གནས་ཡོད་པ་དང་། དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་ཐམས་ཅད་དེའི་ཚེ་སྲོག་གི་དྲིས་ལན་གྱི་ཚད་གཞིའི་འོག་ཏུ་ཡོད་པ་ཡིན་ལ། ངང་ངམ་ཤུགས་ཀྱིས་དེའི་ཤུགས་རྐྱེན་ཐེབས་ནས་དྲིས་ལན་འདི་ཤུགས་ཇེ་དྲག་ཏུ་བཏང་ཡོད་ཅིང་།(མཁས་པའི་ཁྱུ་མཆོག་ཧ་ཅང་ཉུང་ཤས་ཤིག་གིས་དེ་ལ་དོགས་འདྲི་འདོན་པར་མ་ཟད། དེའི་དྲིས་ལན་འཚོལ་བ་ལས་བརྒལ་བ་རྣམས་ཕུད།)སློབ་གསོའི་བྱེད་ནུས་ཀྱང་འདི་ཡིན་ནོ། ། ཚེ་སྲོག་གི་དྲིས་ལན་གྱིས་ཐད་ཀར་མིའི་འཇིག་རྟེན་ལྟ་བ་ཆགས་པར་སྒྲིག་སྦྱོང་བྱེད་ཀྱིན་ཡོད་ལ། མིས་བྱ་དངོས་ལ་བརྡར་ཤ་གཅོད་པའི་དུས་དང་བར་སྟོང་ལ་ཚད་བཀག་བཟོས་ཡོད། མི་རེ་རེས་གོ་བ་བླངས་པའི་ཚེ་སྲོག་གི་དུས་དང་བར་སྟོང་གི་ཚད་བཀག་ནི། དེས་བྱ་དངོས་ཡོད་ཚད་ལ་བརྡར་ཤ་གཅོད་པ་དང་བསམ་གཞིག་གཏོང་བའི་གཞི་གནས་ཡིན་ཞིང་། དེ་ནི་རང་ཉིད་ཀྱི་རིན་ཐང་གྲུབ་པའི་འབྱུང་རྩ་ཡིན་ལ། ལ་རྒྱའི་ཁྲོད་ཀྱི་རང་སྤྲད་ཀྱི་ཐོབ་ཐང་དང་རང་ཉིད་ཀྱི་འོས་འགན་ལ་གོ་བ་ལེན་པའི་གཞི་འཛིན་ས་ཡང་ཡིན།
རིན་ཐང་ནི་བྱ་དངོས་གཉིས་བར་གྱི་འབྲེལ་བའི་ཐད་ཀྱི་དོན་སྤྱི་ཡིན་ལ། དེའི་ངོ་བོ་ནི་ཕྱི་རོལ་ཡུལ་གྱིས་གཙོ་ཡུལ་དེའི་དགོས་མཁོ་སྐོང་བའམ་ཉེ་བར་བཅར་བ། ཡང་ན་གཅིག་མཐུན་ཡོང་བ་བྱ་རྒྱུ་དེ་ཡིན། འདིར་བསྟན་པའི་གཙོ་ཡུལ་ནི་མི་ཡིན་ལ། ཕྱི་རོལ་ཡུལ་ནི་མི་དེ་ལ་དོན་སྙིང་ངེས་ཅན་གང་རུང་ཞིག་ཡོད་པའི་ཕྱི་རོལ་ཡུལ་གྱི་བྱ་དངོས་དེ་ཡིན། སྔོན་ཆད་ང་ཚོས་རིན་ཐང་གླེང་མོལ་བྱེད་སྐབས་སུ། དོ་སྣང་ཆེར་བྱེད་པ་ནི་ཕྱི་རོལ་ཡུལ་ཡིན་ཏེ། ཕྱི་རོལ་ཡུལ་དེས་གཙོཡུལ་གང་དེར་ཐོན་པའི་དོན་སྙིང་སྐོར་ཡིན་པ་ལས། གཙོ་ཡུལ་རང་ཉིད་ལ་ཅི་དགོས་པ་དེའི་སྐོར་གླེང་མོལ་བྱེད་ཀྱིན་མེད། རིན་ཐང་གི་གྲུབ་ཆ་གཙོ་བོ་ཡིན་པའི་ཆ་ནས། ང་ཚོས་སེམས་ཁུར་བྱེད་དགོས་པ་ནི་གཙོ་ཡུལ་ལ་དགོས་པའི་གནས་ཚུལ་དང་དེའི་ཡོང་ཁུངས་ཡིན་པ་རེད། བྱེད་དགོས་པའི་ཞིབ་འཇུག་གི་གནད་ཀྱང་གཙོ་བོ་ནི་སེམས་ཁམས་རིག་པའི་ཕྱོགས་སུ་གཅིག་བསྡུས་བྱས་འདུག་ཅིང་། སེམས་ཁམས་རིག་པ་བས་དགོས་མཁོ་ལ་རང་ཉིད་ཀྱིས་འགྲེལ་བཤད་བརྒྱབ་ཡོད་མོད། འོན་ཀྱང་མང་ཆེ་བ་ནི་མ་སི་ལོ་ཡི་དགོས་མཁོའི་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་ནས་རྒྱ་བསྐྱེད་པ་ཞིག་སྟེ། ནམ་ཡང་དངོས་པོའི་དགོས་མཁོ་དེ་ཆེས་མདུན་ཕྱོགས་སུ་འཇོག་པ་རེད། དོན་དངོས་སུ་མིའི་དགོས་མཁོ་དེ་སླ་མོ་སྟབས་བདེའི་དངོས་པོ་ནས་བསམ་པའི་བར་གྱི་སྐས་རིམ་ལྟར་བསྒྲིགས་ཡོད་པ་མ་ཡིན་པར། དངོས་པོའི་དགོས་མཁོ་དང་བསམ་པའི་དགོས་མཁོ་ནི་ནམ་ཡང་མཉམ་གཅིག་ཏུ་སྦྲགས་ནས་ཡོད་པས། མིའི་འཚར་ལོངས་དང་བསྟུན་ནས་བསམ་པའི་གྲུབ་ཆ་དེ་རིམ་བཞིན་ཇེ་ལྕིར་འགྲོ་བ་དང་། ཐད་ཀར་དངོས་པོའི་འདོད་པ་ལ་ཚོད་འཛིན་བྱེད་ཀྱིན་ཡོད། དེ་བཞིན་དུ་བསམ་པའི་དགོས་མཁོ་ཡོད་ཚད་ཀྱང་དེ་དང་མཐུན་པའི་བབ་བསྟུན་གྱི་ཕྱི་རོལ་མཚོན་ཚུལ་རེ་ཡོད་པ་རེད། ང་ཚོས་བལྟས་ན། རིན་ཐང་གི་གཙོ་ཡུལ་ཡིན་པའི་མིའི་དགོས་མཁོ་ནི་ཐོག་མར་ཚེ་སྲོག་ལ་གོ་བ་བླངས་པའི་སྟེང་ནས་བྱུང་བ་ཡིན། ཕྲུ་གུའི་དུས་སྐབས་སུ། ཚེ་སྲོག་གི་དྲིས་ལན་ད་དུང་གྲུབ་མེད་ཅིང་། དེའི་དགོས་མཁོའི་གནས་ཚུལ་ནི་ལུས་ཁམས་རང་གི་གདོད་ནུས་ཀྱི་རྨང་གཞིའི་སྟེང་དུ་ཨ་མའི་ཁྲིད་སྟོན་ཟུར་ལྟ་བྱེད་པ་ཡིན། དེ་བས་བྱིས་པའི་དུས་ཀྱི་དགོས་མཁོ་ནི་ལུས་ཁམས་ཀྱི་དགོས་མཁོ་རྐྱང་རྐྱང་ཙམ་མ་ཡིན་པར། རིག་གནས་ཀྱི་བླང་བྱའི་འོག་གི་ལུས་ཁམས་ཀྱི་དགོས་མཁོ་ཡིན་པ་རེད། སློབ་གསོ་རྒྱ་བསྐྱེད་པ་དང་བསྟུན་ནས། རིག་གནས་ཁྲོད་ཀྱི་ཚེ་སྲོག་གི་དྲིས་ལན་དེ་འཚོ་བའི་བར་སྟོང་གི་མཚོན་རྟགས་སྣ་ཚོགས་དང་རྒན་རབས་པའི་འཇམ་ཁྲིད་ལ་བརྟེན་ནས་རིམ་བཞིན་མིའི་སེམས་ཁམས་སུ་ཞུགས་ནས། རང་ཉིད་ཀྱི་ཚེ་སྲོག་གི་དྲིས་ལན་དང་མཐུན་པའི་གཙོ་ཡུལ་གྱི་དགོས་མཁོ་དེ་བྱུང་བར་མ་ཟད། དེ་ལ་བརྟེན་ནས་ཕྱིའི་བྱ་དངོས་ཀྱིས་རང་ཉིད་ལ་དོན་སྙིང་ཅི་ཡོད་བརྡར་ཤ་གཅོད་པ་དང་། རང་ཉིད་ཀྱིས་གོ་བ་བླངས་པའི་ཚེ་སྲོག་གི་དུས་དང་ཡུལ་གྱི་དོན་སྙིང་དེ་བྱ་སྤྱོད་ཀྱི་དད་སེམས་དང་དམིགས་ཡུལ་དུ་འགྱུར་བ་ཡིན། དེར་བརྟེན། བྱེ་བྲག་མི་བུ་སྒེར་གྱི་རིན་ཐང་འདུ་ཤེས་ནི། དེས་ཚེ་སྲོག་གི་དོན་སྙིང་ལ་ཇི་ལྟར་གོ་བ་བླངས་པའི་སྟེང་ནས(དད་མོས)བྱུང་བ་རེད།
དད་མོས་ལས་དགོས་མཁོ་བྱུང་བ་དང་། དེ་ནས་ཕྱོགས་གཉིས་ཀྱི་བསམ་བློའི་གཞི་རྒྱུ་ཆགས་པ་སྟེ། གཅིག་ནི་བརྩེ་དུངས་ཀྱི་ཉམས་ལེན་ཡིན་པ་དང་། གཉིས་ནི་ཕྱིའི་བྱ་དངོས་ཤན་འབྱེད་པའི་ཚད་གཞི་སྟེ་རིན་ཐང་ཡིན། བརྩེ་དུངས་ནི་མིས་རང་སྟེང་གི་དགོས་མཁོ་ཚིམ་པའི་མྱོང་ཚོར་དེ་ཡིན་པས། གལ་ཏེ་རང་ཉིད་ཀྱི་དགོས་མཁོར་ཡིད་ཚིམ་པ་བྱུང་ཚེ། དགའ་སྤྲོ་ལྡན་པའི་ཚོར་བ་འབྱུང་བ་དང་། གལ་ཏེ་རང་ཉིད་ཀྱི་དགོས་མཁོར་ཡིད་ཚིམ་མ་ཐུབ་ཚེ། རེ་ཐག་ཆད་པའམ་སྡུག་བསྔལ་གྱི་མྱོང་ཚོར་འབྱུང་ངེས་ཡིན། ཁེར་གཙང་གི་ལུས་ཁམས་ཀྱི་དགོས་མཁོ་ཚིམ་མིན་གྱི་ཉམས་ལེན་ནི་བློ་ཁ་ཡིན་པ་དང་། བློ་ཁ་ནི་ཡུན་ཐུང་བ་དང་། བརྩེ་དུངས་ནི་རྗེས་དཔག་ཞུགས་པའི་ཅུང་གཏན་འཇགས་ཀྱི་དགོས་མཁོ་ལས་བྱུང་བ་ཡིན་པས། ཅུང་བརྟན་པོ་ཞིག་ཡིན།
བརྩེ་དུངས་དང་རིན་ཐང་ནི་ནམ་ཡང་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་གནས་ཡོད་པ་ཡིན། རིན་ཐང་ནི་བྱ་སྤྱོད་ཀྱི་དོན་སྙིང་ལ་བརྡར་ཤ་གཅོད་པ་དང་སྔོན་དཔག་བྱེད་པ་ཡིན་ཞིང་། བརྩེ་དུངས་ནི་བྱ་སྤྱོད་སྤེལ་མགོ་ཚུགས་པར་མ་ཟད། རྒྱུན་འཁྱོངས་བྱེད་པའི་སྟོབས་ཤུགས་ཀྱང་ཡིན། བྱ་སྤྱོད་རང་ངོས་ནས་རང་ཉིད་ཀྱི་དགོས་མཁོ་ཚིམ་པར་བྱེད་ཐུབ་མིན་དེ་ནི་རིན་ཐང་གི་བྱེད་ནུས་ཡིན། བྱ་སྤྱོད་དང་དེའི་མཇུག་འབྲས་ཀྱིས་རང་ཉིད་ལ་དགའ་སྣང་ཁྱེར་ཡོང་ཐུབ་མིན་འདི་ནི་བརྩེ་དུངས་ཡིན། འོན་ཀྱང་། མིའི་སྤྱི་ཚོགས་རང་བཞིན་གྱིས་དེའི་བྱ་སྤྱོད་ཀྱི་ཚོགས་སྤྱིའི་རང་བཞིན་ཐག་གཅོད་པ་ཡིན་ལ། ཚོགས་སྤྱིས་ཁས་ལེན་པའི་བྱ་སྤྱོད་ཁོ་ན་ནི་ད་གཟོད་སྤྱི་ཚོགས་ཡིད་ཚིམ་པ་ལས། དེ་ལས་ལྡོག་ན་སྤྱི་ཚོགས་ཀྱི་བཀག་འགོག་ཐེབས་སྲིད་པ་ཡིན།
བསམ་བློའི་ཕྱི་རིམ་ནི་ཚོགས་སྤྱིའི་ཀུན་སྤྱོད་དང་སྤྱི་ཚོགས་མི་ཆོས་སྐོར་གྱི་ཤེས་བྱའི་གྲུབ་ཚུལ་ཡིན་ཞིང་།དེས་མིའི་ནང་སེམས་ཀྱི་གཏིང་རིམ་གྱི་རིན་ཐང་དང་བརྩེ་དུངས། དགོས་མཁོ་བཅས་ལ་མཐུན་སྦྱོར་དང་ཚོད་འཛིན་གྱི་ནུས་པ་ཐོན་བཞིན་ཡོད། ཧྥེ་ལོ་དབྱི་ཏི་ཡིས། དེ་ལ་བདག་ལས་བརྒལ་བ་ཞེས་བརྗོད། ཡིན་ནའང་། སྤྱི་ཚོགས་ཀྱི་མི་ཆོས་འདི་རིགས་ཀྱང་མི་རབས་ནས་མི་རབས་བར། མི་བུ་སྒེར་དང་མི་བུ་སྒེར་བར་གྱི་བསམ་བློའི་གཏིང་རིམ་གྱི་དད་མོས་དང་དགོས་མཁོ། བརྩེ་དུངས། རིན་ཐང་བཅས་སྤེལ་རེས་བྱས་རྗེས་སུ་རིམ་བཞིན་ཆགས་པའི་རིག་གནས་ཐུན་མོང་གི་རིན་ཐང་འདུ་ཤེས་ཡིན་པ་མ་ཟད། སྤྱི་ཚོགས་མི་ཚོགས་ཀྱི་ཐུན་མོང་གི་རེ་འདུན་གྱི་རིན་ཐང་གནས་ཐིག་གཏན་འཁེལ་ཡང་ཡིན་པ་རེད། དེའི་སྲོག་ཤིང་གི་ནང་དོན་ནི་དུས་དང་ཡུལ་ཏེ་ཕྱོགས་གཉིས་ནས་མངོན་ཡོད། ཡུལ་གྱི་ཐད་ནས་བལྟས་ན། མི་དང་མིའི་བར་དུ་འདྲ་མཉམ་དང་རིམ་པ་སྟེ་རྣམ་པ་རིགས་གཉིས་ཡོད་པ་དང་། དུས་ཀྱི་སྟེང་ནས་བལྟས་ན། འདས་མ་ད་གསུམ་གྱི་འབྲེལ་བར་གོ་བ་ཇི་ལྟར་ལེན་རྒྱུ་དེ་ཡོད། འདི་ནི་རིག་གནས་ཀྱི་འཇིག་རྟེན་ལྟ་ཚུལ་དེ་བྱེ་བྲག་གི་མི་སྒེར་གྱི་སྟེང་གི་ཕྱི་རོལ་ཡུལ་གྱི་ཚུར་སྣང་ཡིན་པ་སྟེ། ད་ལྟ་དུས་ཐོག་ཏུ་བདེ་བར་རོལ་དམ། ཡང་ན་ད་ལྟ་དེ་མ་འོངས་པའི་ཡུལ་དུས་ཁྲོད་དུ་འཇོག་པའི་འཁོར་སྐྱོད་ལེགས་པོ་བྱེད་པ་དེ་ཡིན། འདི་ནི་མི་བུ་སྒེར་དེ་ཉིད་དེའི་རིག་གནས་རིན་ཐང་གིས་བཞེངས་སྐྲུན་བྱས་པར་བརྟེན་ནས་མངོན་པའི་ལ་རྒྱའི་རྣམ་པ་ཡིན་པར་མ་ཟད། མི་སྒེར་དང་མི་རིགས་དང་ཐ་ན་རྒྱལ་ཁབ་ཀྱི་སྤྱིའི་བྱང་ཚད་དེ་བྱེ་བྲག་གི་སྤྱི་ཚོགས་ཀྱི་བྱ་སྤྱོད་ནང་གི་ཕྱིའི་མཚོན་ཚུལ་ཞིག་ཀྱང་ཡིན།རིག་གནས་ནི་འདི་ལྟར་དད་མོས་དང་དགོས་མཁོ། བརྩེ་དུངས། རིན་ཐང་བཅས་ལ་བརྟེན་ནས་རྒྱུན་ཆད་མེད་པར་འཕེལ་འགྱུར་བྱུང་བ་རེད། འཇར་མན་གྱི་མཁས་པ་ཧྲི་ཝ་ཀེ་ལི(སྤྱི་ལོ1957ལོ་ནས་ད་ལྟའི་བར)ལགས་ཀྱིས། ཚེ་སྲོག་གི་སྲོག་ཤིང་དུ་གྱུར་པའི་རིག་གནས་ལ་འགྲོ་བ་མིའི་རིགས་ཀྱི“ཐུན་མོང་གི་འབྱུང་རྩ”
ཞེས་བརྗོད་པ་དང་། ཏག་ཏག་འབྱུང་རྩ་འདི་ཉིད་ལ་བརྟེན་ནས། འགྲོ་བ་མིའི་རིགས་ཀྱིས“གཞན་གྱི་མིག་ལམ་དུ་རང་ཉིད་མཐོང་ཐུབ་པ་བྱུང་ཞིང་། འགྲོ་བ་མིའི་རིགས་མཉམ་གཅིག་ཏུ་སྦྲེལ་ཐུབ་པ་བྱུང་བ་རེད”③འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ནི་དེ་ལྟར་ཡིན་ལ། མི་སྒེར་གྱི་བསམ་བློའི་འགྱུར་ལྡོག་ཀྱང་དེ་ལྟར་ཡིན་པས། བརྒྱུད་རིམ་འདི་ཉིད་ནི་དུས་མཚུངས་སུ་སློབ་གསོའི་བརྒྱུད་རིམ་ཡང་ཡིན་པ་རེད།མི་བུ་སྒེར་གྱི་བསམ་བློའི་བློ་སྦྱོང་གི་མཐའ་འབྲས་དེ“ལ་རྒྱའི”ཐོག་ནས་མངོན་པར་མཚོན་པ་དང་། སྤྱི་ཚོགས་ཡར་ཐོན་བྱུང་བའི་ཆུ་ཚད་ནི་དཔལ་ཡོན་དར་བའི་སྟེང་ནས་མཚོན་པ་རེད། སྤྱི་ཚོགས་ཀྱི་དཔལ་ཡོན་ནི་སྤྱི་ཚོགས་ཀྱི་ཁོངས་མི་ཡོད་ཚད་ཀྱི་ལ་རྒྱའི་སྤྱིའི་མཚོན་ཚུལ་ཡིན་པ་དང་། བྱེ་བྲག་ཁོངས་མི་སྒེར་གྱི་ལ་རྒྱ་མེད་ན་སྤྱི་ཚོགས་ཀྱི་དཔལ་ཡོན་ཡང་གནས་ཐབས་མེད།ཡིན་ནའང་མི་བུ་སྒེར་གྱི་ལ་རྒྱའི་ཆུ་ཚད་དང་རིགས་དབྱིབས་ནི། སློབ་གསོའི་མཐར་ཐུག་གི་དམིགས་འབེན་ཡིན། ཡང་གཅིག་བཤད་ན། མིའི་ལ་རྒྱ་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ནི། སློབ་གསོའི་ལས་འགན་ཡོངས་རྫོགས་ཡིན་པ་དང་། དེ་ལ་གང་ཞིག་ནི་མི་ཡིན་པ་དང་། གང་ཞིག་ནི་ཚེ་སྲོག་ཡིན་པ། གང་ཞིག་ནི་འོས་འགན་ཡིན་པ། གང་ཞིག་ནི་འགན་འཁྲི་ཡིན་པ་བཅས་མི་རྣམས་ལ་ཤེས་སུ་བཅུག་ན། ད་གཟོད་རང་ཉིད་ཀྱི་ཁེ་དབང་དེ་ཤེས་ཐུབ་པ་ཡིན། བྱེ་བྲག་ཏུ་བཤད་ན། སློབ་གསོའི་གཞི་རྩའི་ལས་འགན་འགའ་ཡོད་དེ། གཅིག་ནི་མིའི་ལ་རྒྱར་ཞིབ་འཇུག་བྱེད་སྐབས་ཚེ་སྲོག་འདྲ་མཉམ་གྱི་གོ་བ་ལ་གཞིག་དགོས་སམ། ཡང་ན་རིམ་པའི་གོ་བ་ལ་གཞིག་དགོས་པ་ཡིན། གཉིས་ནི་མི་རྣམས་ལ་ཚེ་སྲོག་གི་དོན་སྙིང་ཤེས་སུ་འཇུག་པ་དང་། སྲོག་ཆགས་ཀྱི་གདོད་ནུས་ལས་ཡོངས་སུ་བརྒལ་བའི་མིའི་རྗེས་དཔག་གི་འཇིག་རྟེན་དང་། ཡངས་ཤིང་རྒྱ་ཆེ་བའི་ཡུལ་དུས་ཀྱི་བློ་རྒྱ་འཛུགས་པར་བྱེད་དགོས། གསུམ་ནི་མིའི་ལུས་ཕུང་གི་དགོས་མཁོ་ལས་བརྒལ་བའི་བརྩེ་དུངས་ཀྱི་རྨང་གཞི་དང་། རིན་ཐང་གི་འདུ་ཤེས་ཆགས་པར་རོགས་རམ་བྱ་དགོས། བཞི་ནི་དངོས་ཡོད་ལ་གདོང་གཏད་དེ་དཀྱེལ་ཡངས་པའི་བློ་ཁོག་ཆེན་པོ་དང་། དེའི་རིན་ཐང་འདུ་ཤེས་དེ་མི་ཚུལ་ལྡན་ཞིག་བྱེད་པ་དང་། ལས་དོན་ཚུལ་མཐུན་དུ་སྒྲུབ་པའི་བྱ་སྤྱོད་ཀྱི་ནུས་པར་བསྒྱུར་ནས། རང་ཉིད་མི་ཞིག་ཡིན་པའི་ངོས་ནས་དགོས་ངེས་ཀྱི་འོས་འགན་དང་། སྤྱི་ཚོགས་ཀྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས་ཁུར་དུ་ལེན་དགོས་པའི་འགན་འཁྲི་དེ་རྟོགས་པར་མ་ཟད། ད་དུང་དེའི་འོས་འགན་དང་འགན་འཁྲིར་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་ཐོབ་པར་བྱེད་དགོས།
སློབ་གསོའི་ལས་འགན་དང་པོ་ནི་མིའི་ཚེ་སྲོག་གི་དོན་སྙིང་ལ་ཞིབ་འཇུག་བྱེད་པར་མ་ཟད། མི་རྣམས་ལ་ཤེས་སུ་འཇུག་རྒྱུ་དེ་ཡིན། སློབ་གསོས་མི་གཤིས་ནི་ཅི་ཞིག་ཡིན་པ་བགྲོ་གླེང་བྱེད་དགོས་ཏེ། གནའ་ནས་ད་བར་གྱི་མི་གཤིས་ཀྱི་རིགས་པའི་གཞུང་ལུགས་བགྲོ་གླེང་གྲོས་བསྡུར་བྱེད་དགོས་པ་དང་། འདྲ་མཉམ་དང་དྲང་བདེན་གྱི་ནང་དོན་དང་གཞི་འཛིན་ས་བཅས་ལ་བགྲོ་གླེང་བྱེད་དགོས། མི་གཤིས་ཟེར་བའི་གྲུབ་ཆ་འདིའི་ཤེས་བྱ་ནི། མཚན་ཉིད་རིག་པའི་ཁྱབ་ཁོངས་སུ་གཏོགས་པ་ཡིན། དེའི་རྐྱེན་གྱིས་མཚན་ཉིད་རིག་པ་ནི་སློབ་གསོའི་རྨང་གཞི་ཡིན་པ་དང་།
ཤེས་བྱ་གཞན་དག་གི་སྟེགས་བུའང་ཡིན་པ་རེད། མི་གཤིས་ཀྱི་ཤེས་བྱ་སྣ་མང་ཕུན་སུམ་ཚོགས་པ་དང་། མཚན་ཉིད་རིག་པ་དང་མི་ཆོས་རིག་པ། མཛེས་དཔྱོད་རིག་པ། སེམས་ཁམས་རིག་པ། སྤྱི་ཚོགས་རིག་པ་སོགས་ནས་གསོག་འཇོག་བྱས་ཡོད་ཅིང་། དེ་ནི་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་ལྟ་ཚུལ་བཙུགས་ནས། སྤྱིར་བཏང་གི་སྲོག་ཆགས་ལས་བརྒལ་བའི་བརྩེ་དུངས་དང་རིན་ཐང་ཆགས་པར་བྱེད་པ། མི་སྒེར་གྱིས་རང་བབ་ཀྱི་འོས་འགན་ལ་གོ་བ་ལེན་ཚད་མཐོ་རུ་བཏེགས་ནས། སྤྱི་ཚོགས་ཀྱི་མི་ཆོས་འཛུགས་སྐྱོང་ལ་སྲ་ཞིང་མཁྲེགས་པའི་ཤེས་བྱའི་རྨང་གཞི་བརྟན་པོ་ཞིག་གདིང་དགོས་པ་ཡིན།
སློབ་གསོའི་ལས་འགན་གཉིས་པ་ནི། སློབ་མར་རོགས་རམ་བྱས་ནས་རང་ཉིད་ནང་དུ་ཚུད་པའི་སྤྱི་ཚོགས་དང་། ཐ་ན་འགྲོ་བ་མིའི་རིགས་ཀྱི་དངོས་ཡོད་དང་མ་འོངས་འབྱུང་འགྱུར་གྱི་དགོས་མཁོ་དང་མཐུན་པའི་བརྩེ་དུངས་དང་། རིན་ཐང་ལྟ་ཚུལ་འཛུགས་པར་བྱེད་པ་དང་། རང་ཉིད་ཀྱི་དངོས་ཡོད་ཁྲོད་ཀྱི་འོས་འགན་དང་འགན་འཁྲི། ཁེ་དབང་བཅས་ལ་ཞིབ་ལྟ་བྱེད་པ་དང་།སྤྱི་ཚོགས་ཀྱི་འཇིག་རྟེན་མི་ཆོས་ཀྱི་བླང་བྱ་དེ་འདྲ་མཉམ་དང་དྲང་བཞག་ཡིན་མིན་ལ་ཞིབ་ལྟ་བྱེད་པ་དང་།སྤྱི་ཚོགས་འཁོར་སྐྱོད་ཀྱི་རྣམ་པ་དང་དམིགས་འབེན་དེ་མ་འོངས་པ་དང་མཐུན་མིན་ལ་ཞིབ་ལྟ་བྱེད་དགོས། དེའི་ཕྱིར། སློབ་གསོའི་ནང་དོན་གྱི་གདམ་ག་དང་བཀོད་སྒྲིག་ཐད། ཕྱོགས་གཅིག་ནས་སློབ་མའི་བསམ་བློའི་གྲུབ་ཚུལ་གྱི་རིམ་པ་གཞིར་བཟུང་ནས། ལུས་སེམས་གཉིས་ཀ་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་ཟུང་འབྲེལ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ད་དུང་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་དཔལ་ཡོན་གྱི་རྣམ་པ་མི་འདྲ་བ་གཞིར་བཟུང་ནས། རང་ས་གནས་དེའི་རིག་གནས་ཀྱི་ཁྱད་ཆོས་ལ་གཞི་རྐང་ཚུགས་ཏེ། སྤྱི་ཚོགས་ལས་གྲུབ་པའི་གཞི་རྩའི་རྩ་བའི་རིགས་པ་དང་ཆོས་ཉིད་དག་མངོན་པར་བྱེད་པ་དང་། ཚན་རིག་དང་ཤེས་བྱར་བརྟེན་ནས་སློབ་མ་ཚོར་རང་ཉིད་ཀྱི་འོས་འགན་དང་འགན་འཁྲི། ཁེ་དབང་བཅས་ལ་གོ་བ་ལེན་རོགས་བྱས་ཏེ། རང་ཉིད་ཀྱི་ལ་རྒྱ་ཟམ་མི་ཆད་པར་འཛུགས་སྤེལ་བྱ་དགོས།
སློབ་གསོའི་ལས་འགན་གསུམ་པ་ནི། བྱེ་བྲག་གི་རིག་གཞུང་ཚན་ཁག་གི་ཤེས་བྱ་བཀོལ་ནས། དེའི་འཇིག་རྟེན་ལྟ་ཚུལ་དང་མི་ཚེའི་ལྟ་ཚུལ། བརྩེ་དུངས། རིན་ཐང་བཅས་རང་ཉིད་ཀྱི་སྤྱི་ཚོགས་བྱེད་སྒོའི་ཁྲོད་སྤྱོད་རྒྱུ་དེ་ཡིན། སྤྱི་ཚོགས་ཁྲོད་ཀྱི་མི་བུ་རེ་རེའི་མི་ཞིག་བྱེད་པ་དང་བྱ་བ་སྒྲུབ་པའི་དམིགས་ཡུལ་དང་། རྣམ་འགྱུར། ནུས་པ། བྱེད་ཐབས་བཅས་རང་ཉིད་དང་ཚོགས་སྤྱི་ལ་འབྲེལ་བ་ཡོད་པ་དང་། མི་གཞན་གྱི་ཁེ་ཕན་ལ་ཧ་གོ་བ་དང་ཐག་གཅོད་བྱེད་པར་འབྲེལ་བ་ཡོད་པར་མ་ཟད། མ་འོངས་པའི་སྤྱི་ཚོགས་ལའང་འབྲེལ་བ་ཡོད་པའི་དོན་སྙིང་དེ་རེད། བརྩེ་སེམས་རྒྱ་ཆེན་པོ་དང་ཁོག་རྒྱ་ཡངས་པོ་ཡོད་དགོས་པ་ལས་གཞན། ད་རུང་བྱེ་བྲག་གི་ནུས་པར་དངོས་སུ་བརྟེན་ནས་ལག་ཏུ་བསྟར་རྒྱུ་དེ་དགོས་པས། བྱེ་བྲག་གི་རིག་གཞུང་ཚན་ཁག་གི་ཤེས་བྱའི་ཁྲོད་དུ་འདུས་པའི་མི་ཆོས་ཀྱི་སྤྱི་ཚོགས་རིག་གནས་དང་། རང་བྱུང་གི་རྩ་བའི་རིགས་པའི་ཤེས་བྱ་བཀོད་སྒྲིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེ་སྟེ། སློབ་གསོས་ཤེས་བྱའི་གནས་རེ་རེ་དེ(རང་བྱུང་ཚན་རིག་གི་ཤེས་བྱ་དང་མི་ཆོས་ལ་འབྲེལ་བའི་སྤྱི་ཚོགས་ཚན་རིག་གི་ཤེས་བྱ་གང་ཡིན་རུང)ཚེ་སྲོག་བར་འབྲེལ་བ་དང་དོན་སྙིང་ཅི་ཡོད་ལ་འགྲེལ་བཤད་བརྒྱག་དགོས། ཤེས་བྱ་ཡོད་ཚད་ཁོང་དུ་ཆུད་པར་བྱ་རྒྱུ་ནི་སློབ་གསོའི་དམིགས་ཡུལ་ངོ་མ་མིན་ལ། སློབ་གསོའི་རྩ་བའི་དམིགས་ཡུལ་ནི་མི་གཤིས་མཐོར་འདེགས་གཏོང་བ་དང་།
རང་ཉིད་ཀྱི་འོས་འགན་ཤེས་ཤིང་། སྤྱི་ཚོགས་ཀྱིས་སྤྲད་པའི་འགན་འཁྲིར་གོ་བ་བླངས་པར་མ་ཟད། རང་ཉིད་ཀྱི་འོས་འགན་དང་འགན་འཁྲི་ལ་བརྟེན་ནས་ཡོད་འོས་པའི་ཁེ་དབང་མངོན་འགྱུར་བྱ་རྒྱུ་དེ་ཡིན། རིག་གཞུང་ཚན་ཁག་གི་ཤེས་བྱའི་སློབ་ཁྲིད་དེ་མི་གཤིས་ཀྱི་སློབ་གསོའི་སྟེང་དུ་འཇོག་མི་རུང་སྟེ། བྱེ་བྲག་གི་རིག་གཞུང་ཚན་ཁག་གི་ཤེས་བྱ་ནི་མི་གཤིས་མངོན་འགྱུར་བྱེད་པའི་ལག་ཆ་ཙམ་ཡིན། །
* དཔལ་ལྡན་ཉི་མ། སི་ཁྲོན་དགེ་འོས་སློབ་ཆེན་གྱི་སློབ་གསོ་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་མཛུབ་སྟོན་དགེ་རྒན་ཡིན།
* ཀ་རིང་ཚེ་སྐྱོང་། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དུ་རྩོམ་སྒྲིག་ལོ་ཙཱའི་ཕྱག་ལས་གནང་བཞིན་ཡོད།
① 布鲁纳著 邵瑞珍译 教育过程[M]
文化教育出版社 1982:65
② 施良方 学习论[M]人民教育出版社 2001:222
③ 施瓦德勒 著 贺念 译 论人的尊严———人格的本源与生命的文化[M]人民出版社 2017:174