[གནད་བཏུས] དཔྱད་རྩོམ་འདིར་སློབ་ཆུང་སློབ་མར་དབྱར་དགུན་གནང་གི་ལས་བྱ་བཀོད་སྒྲིག་བྱེད་སྟངས་ལས་མངོན་པའི་གནད་དོན་འགའ་བརྗོད་པ་བརྒྱུད་དེ། སློབ་ཆུང་སློབ་མའི་ལུས་སེམས་གཉིས་ཀྱི་བདེ་ཐང་ལ་ཚད་ལྡན་གྱི་ལས་བྱ་ཞིག་ཇི་ལྟར་བཀོད་སྒྲིག་བྱེད་དགོས་པའི་སྐོར་གྱི་བསམ་ཚུལ་འགའ་ལུང་རིགས་དཔེ་གསུམ་གྱི་སྒོ་ནས་བཏོན་ཡོད།
[གནད་ཚིག] སློབ་ཆུང་སློབ་མ། ལས་བྱ། གནད་དོན།
དང་པོ། སློབ་ཆུང་སློབ་མའི་དབྱར་དགུན་གནང་གི་ལས་བྱ་མང་དྲགས་པའི་རྒྱུ་རྐྱེན་སྐོར།
གཅིག དགེ་རྒན་གྱིས་ལས་བྱར་བཟུང་བའི་ངོས་འཛིན་ཐད་ཀྱི་ནོར་བ།
སྤྱིར་ལས་བྱ་ནི་དགེ་རྒན་གྱིས་སློབ་མའི་སྦྱངས་འབྲས་ལ་རྒྱུས་ལོན་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་ལ། དགེ་རྒན་མི་ཉུང་བ་ཞིག་གིས་སློབ་མའི་ལས་བྱ་བརྒྱུད་དེ་སྦྱངས་འབྲས་ཐད་ཀྱི་གྲུབ་འབྲས་ཚད་འཇལ་བྱེད་ཀྱིན་ཡོད། འོན་ཀྱང་དགེ་རྒན་མི་ཉུང་བ་ཞིག་གིས་སློབ་མར་ཟླ་གནང་གི་ལས་བྱ་དང་། ལྷག་པར་དབྱར་དགུན་གནང་གི་ལས་བྱ་བཀོད་སྒྲིག་བྱེད་སྟངས་ཐད་གནད་དོན་མི་ཉུང་བ་ཞིག་འབྱུང་གི་ཡོད་ཅིང་། གནད་དོན་དེ་དག་ནི་རང་རྒྱལ་སློབ་གསོ་སྤྱིའི་འགྲོ་ཕྱོགས་ཤིག་གམ་ལམ་ལུགས་ཤིག་སྟེ། རྒྱུགས་སྤྲོད་སློབ་གསོའི་ལམ་ལུགས་ལས་བྱུང་བར་འདོད་དེ། ལས་བྱ་བཀོད་སྒྲིག་བྱེད་པ་ནི། སློབ་མའི་སྦྱངས་འབྲས་མཐོར་འདེགས་སུ་གཏོང་བའི་རྒྱུ་རྐྱེན་ཉག་གཅིག་ཏུ་བསམས་ནས། ལས་བྱ་བཀོད་སྒྲིག་བྱས་པ་ཇི་ལྟར་མང་ན་དེ་ལྟར་ལེགས་པར་བསམ་བཞིན་ཡོད①པས། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་མང་པོ་ཞིག་གིས་རྒྱུགས་སྤྲོད་ལམ་ལུགས་ཀྱི་སློབ་གསོའི་འགྲོ་ཕྱོགས་ཁོ་ན་གཙོར་བཟུང་སྟེ། སློབ་མར་ལས་བྱ་མང་པོ་བཀོད་སྒྲིག་བྱེད་པ་དང་། ལས་བྱ་མང་པོ་བཀོད་སྒྲིག་བྱས་པ་ལས། སློབ་མའི་སྦྱངས་འབྲས་ཤིན་ཏུ་ལེགས་པ་ཞིག་འཐོབ་པའི་རེ་བ་བྱེད་ཀྱིན་ཡོད། འོན་ཀྱང་དོན་དམ་དུ་ལས་བྱ་བཀོད་སྒྲིག་བྱེད་སྟངས་འདི་ནི། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ལས་བྱ་བཀོད་སྒྲིག་ཐད་ཀྱི་བླང་བྱ་དང་འགལ་ཡོད་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་མཁན་མང་པོས། སློབ་མའི་སྦྱངས་འབྲས་ཐད་ཞིབ་འཇུག་དང་ཚོད་ལྟ་སོགས་བྱས་པའི་འབྲས་བུ་ལའང་། ལས་བྱ་མང་པོ་བཀོད་སྒྲིག་བྱས་ཡོད་པའི་སློབ་མ་ཞིག་ལས། ལས་བྱ་ཅི་ཡང་བཀོད་སྒྲིག་བྱས་མེད་པའི་སློབ་མ་དེའི་སྦྱངས་འབྲས་མངོན་གསལ་གྱིས་ལེགས་པ་སྤྱི་བསྡོམས་བྱས་ཡོད་ཅིང་། གཞན་ཨ་རིའི་སློབ་གསོ་པ་གྲགས་ཅན་ཧ་ལི་སི•ཁུའུ་པའེ“哈利斯•库柏” ཡིས། ལོ་གང་མང་ལ་སློབ་མའི་ལས་བྱ་བཀོད་སྒྲིག་ཐད་ཀྱི་གནད་དོན་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་པ་ལས། དབྱར་དགུན་གནང་གི་སྐབས་སུ་ལས་བྱ་བཀོད་སྒྲིག་བྱེད་པ་དེས། སློབ་མའི་འགན་འཁྲིའི་བསམ་པ་ཡར་རྒྱས་སུ་འགྲོ་བར་དྲང་ཕྱོགས་ཀྱི་ཕན་ནུས་མང་པོ་ཡོད་ཀྱང་། གྲངས་འབོར་མང་དྲགས་པའི་ལས་བྱས་སློབ་མར་ལྡོག་ཕྱོགས་ཀྱི་ནུས་པ་མི་ཉུང་བ་ཞིག་འབྱུང་བཞིན་ཡོད་པ་ར་སྤྲོད་བྱས་ཡོད། ད་དུང“ལས་བྱའི་གྲངས་འབོར་ཇེ་མང་དུ་ཕྱིན་པ་དེས་སློབ་མའི་ཁུར་པོ་ཇེ་ལྕིར་གྱུར་ཏེ་དགོས་ངེས་ཀྱི་ངལ་གསོའི་དུས་ཚོད་སོགས་མེད་པར་བཟོས་པས། བྱིས་པ་རྒྱུན་ལྡན་ལྟར་འཚར་ལོངས་འབྱུང་བར་ཤུགས་རྐྱེན་ཐེབས།” ② ཞེས་བཤད་པ་ལྟར། དེང་དུས་ཀྱི་སློབ་ཆུང་སློབ་མའི་དགེ་རྒན་མང་པོ་ཞིག་གིས། ཆོས་ཉིད་འདི་དག་རྩ་བ་ནས་དོར་ཏེ་སློབ་མའི་སྐར་འབྲས་ཁོ་ནར་དམིགས་ཏེ། ལས་བྱའི་གྲངས་འབོར་རིམ་བཞིན་ཇེ་མང་དུ་གཏོང་བཞིན་པ་འདིས། ཁོ་ཚོར་ལས་བྱའི་གྲངས་འབོར་ལས་ཐོབ་པའི་སྦྱངས་འབྲས་ལེགས་པོ་ཞིག་འཐོབ་རྒྱུ་ཕར་ཞོག ཐ་ན་དེ་ལས་ལྡོག་སྟེ་ལོ་ཆུང་བྱིས་པའི་ལུས་སེམས་གཉིས་ཀྱི་བདེ་ཐང་ཕྱོགས་ལའང་གནོད་པ་ཤིན་ཏུ་ཆེ་བས། གནད་དོན་འདི་དག་ནི་དགེ་རྒན་རྣམས་ཀྱིས་ཟླ་གནང་དང་། ལྷག་པར་དབྱར་དགུན་གནང་གི་ལས་བྱར་བཟུང་བའི་རིན་ཐང་ལྟ་བའི་ཐད་ཀྱི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པར་སེམས་སོ། །
གཉིས། སྤྱི་ཚོགས་ཀྱི་སྤྱིའི་འགྲོ་ཕྱོགས་ལས་སློབ་མའི་ལས་འགན་ཇེ་ལྕིར་གྱུར་པ།
རང་རྒྱལ་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་པ་དང་བསྟུན། བོད་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་བསམ་བློར་འགྱུར་བ་ཐེབས་ཏེ། སྔོན་ཆད་ཀྱི་རྙིང་ཧྲིལ་དུ་གྱུར་པའི་བསམ་བློ་དག་རིམ་བཞིན་དོར་ཏེ། བྱིས་པའི་སློབ་གསོར་སྔར་ལས་ལྷག་པའི་མཐོང་ཆེན་བྱེད་བཞིན་ཡོད། ཁོ་ཚོས་རང་ཉིད་ཀྱིས་མྱང་མ་ཐུབ་པའི་སློབ་གསོའི་ཐད་ཀྱི་རེ་བ་ཡོད་ཚད་བྱིས་པའི་སྟེང་བཅོལ་ཏེ། བྱིས་པར་ལུས་སེམས་གཉིས་ཀྱི་གནོན་ཤུགས་སྤྲད་པ་དང་། གཞན“སྤྱི་ཚོགས་ཀྱིས་མི་ལ་བཏོན་པའི་རེ་བ་ནི། དོན་དངོས་སུ་སྤྱི་ཚོགས་འཕེལ་རྒྱས་ཀྱིས་སློབ་གསོར་བཏོན་པའི་རེ་བ་དང་། སློབ་མའི་སྤུས་ཚད་དང་འཇོན་ནུས་ལ་བཏོན་པའི་རེ་བ་ཡིན།”③ སྤྱི་ཚོགས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་མི་རྣམས་ཀྱི་འཚོ་བའི་ཕྱོགས་གང་ཐད་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བྱུང་བ་ལས། མིའི་སྤུས་ཚད་དང་འཇོན་ནུས་ཐད་ཀྱི་ཚད་གཞི་ཇེ་ཆེར་ཕྱིན་པས། དགེ་རྒན་གྱིས་དུས་རྒྱུན་གྱི་སློབ་ཁྲིད་ལས་གཞན། དབྱར་དགུན་གནང་གི་དུས་སུའང་མཐའ་གཅིག་ཏུ་སློབ་མའི་སྦྱངས་འབྲས་ཁོ་ནར་དམིགས་ནས་ལས་བྱ་མང་པོ་བཀོད་སྒྲིག་བྱེད་པ། ཁྱིམ་བདག་རྣམས་ཀྱིས་ཀྱང་རང་གི་བྱིས་པ་རྣམས་མི་འཇོན་ནུས་ཅན་ཞིག་ཏུ་འགྱུར་བར་དམིགས་ཏེ། དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་དེ་སློབ་མར་ཁྱིམ་ཚང་གི་དགེ་རྒན་གདན་འདྲེན་བྱེད་པ་སོགས་ཀྱིས། སློབ་མའི་ལས་འགན་སྔར་ལས་ཇེ་ལྕིར་བཏང་བས་སློབ་མར་རང་དབང་གི་འཚར་ལོངས་འབྱུང་བའི་ཁོར་ཡུག་ཅིག་བསྐྲུན་ཐུབ་མེད་པ་འདི་ནི། སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་འཕེལ་རྒྱས་སུ་སོང་བ་ལས་སྤྲད་པའི་གནོན་ཤུགས་ཤིག་ཡིན་ནོ། །
གཉིས་པ། སློབ་ཆུང་སློབ་མའི་དབྱར་དགུན་གནང་གི་ལས་བྱའི་བཀོད་སྒྲིག་ཐད་ཀྱི་གནད་དོན་སྐོར།
སྤྱིར་གོང་དུ་བཤད་པ་བཞིན། དེང་དུས་ཀྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་མང་པོ་ཞིག་གིས། སློབ་མར་དབྱར་དགུན་གནང་གི་ལས་བྱ་བཀོད་སྒྲིག་བྱེད་སྐབས་གནད་དོན་མི་ཉུང་བ་ཞིག་འབྱུང་བཞིན་ཡོད། ལྷག་པར་སློབ་ཆུང་ཁ་ཤས་ཀྱི་དགེ་རྒན་མི་ཉུང་བ་ཞིག་གིས། སློབ་མའི་དབྱར་དགུན་གནང་གི་ལས་བྱ་ནི། སློབ་སྐབས་རྗེས་མའི་བསླབ་ཚན་གྱི་ནང་དོན་ཧྲིལ་བོ་བློར་འཛིན་དགོས་པའི་ལས་བྱ་བཀོད་སྒྲིག་བྱེད་སྟངས་ཤིག་ཆགས་ཡོད། དེ་ནི་ཆེས་ཚད་ལྡན་མིན་པའི་ལས་བྱ་བཀོད་སྒྲིག་བྱེད་སྟངས་ཤིག་རེད་སྙམ། སྤྱིར་སློབ་སྐབས་རྗེས་མའི་བསླབ་ཚན་གྱི་ནང་དོན་ཧྲིལ་བོ་བློར་འཛིན་པ་ནི། དགེ་རྒན་ཚོའི་འགན་ཁུར་ཇེ་ཡང་དང་སློབ་མའི་སྦྱངས་འབྲས་ཡར་རྒྱས་ཕྱོགས་ལ་ཕན་འབྲས་ཅུང་ཙམ་རེ་ཡོད་མོད། འོན་ཀྱང་དེའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་དྲང་ཕྱོགས་ཀྱི་ཤུགས་རྐྱེན་ལས་ལྡབ་འགྱུར་གྱིས་ཆེ་བ་རེད། གལ་སྲིད་སློབ་མའི་སློབ་སྐབས་རྗེས་མའི་བསླབ་དེབ་ཀྱི་ནང་དོན་ཧྲིལ་བོ་བློར་བཟུང་ཚར་ཡང་། དེའི་ནང་དོན་ལ་གོ་བ་ཅི་ཡང་ལོན་མེད་པར་བཙན་གྱིས་བློར་འཛིན་དགོས་པ་མ་ཟད། ཁོ་ཚོས་བོད་རྒྱ་དབྱིན་གསུམ་གྱི་བསླབ་ཚན་སོ་སོའི་ནང་དོན་ཡོད་ཚད་བློར་འཛིན་དགོས་པ་འདིར་དུས་ཚོད་ངེས་ཅན་ཞིག་དགོས་པས། འདིས་སློབ་མའི་ངལ་གསོའི་དུས་ཚོད་ལ་རྩ་བ་ནས་འགན་ལེན་དང་ཁག་ཐེག་མེད་པ་བཟོས་ཡོད། ཁོ་ཚོའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་ལྷག་པར་ལུས་སེམས་བདེ་ཐང་ངང་འཚར་ལོངས་འབྱུང་རྒྱུར་གནོད་པ་ཤིན་ཏུ་ཆེ། མདོར་ན་དགེ་རྒན་གྱིས་སྦྱངས་འབྲས་ཁོ་ནར་དམིགས་ནས་ཚད་ལྡན་མིན་པའི་ལས་བྱ་བཀོད་སྒྲིག་བྱེད་པ་འདི་ནི། དེང་དུས་ཀྱི་སྤུས་ཚད་སློབ་གསོའི་འགྲོ་སྟངས་དང་འགལ་ཡོད་པར་མ་ཟད། གྲངས་འབོར་མང་དྲགས་པ་དང་བསླབ་དེབ་ཀྱི་ནང་དོན་ལས་ཅི་ཡང་འཕྲོས་མེད་པའི་ལས་བྱ་བཀོད་སྒྲིག་བྱེད་སྟངས་ཀྱིས། སློབ་མའི་བསམ་གཞིག་གི་ནུས་པ་མེད་བརླག་ཏུ་བཏང་སྟེ། སློབ་མར་ཆུང་དུས་ནས་བཙན་གྱིས་བློར་འཛིན་པའི་སློབ་སྦྱོང་གི་བྱེད་ཐབས་ཤིག་ཀྱང་རང་བཞིན་གྱིས་ཆགས་ཡོང་གིན་ཡོད་པས། འདི་ནི་བོད་ཁུལ་གྱི་སློབ་གསོ་སྤྱིའི་གནད་དོན་ཞིག་རེད་བསམ་མོ། །
སྤྱིར་རང་ཉིད་ཀྱིས་ལོ་མང་པོར་སློབ་ཆུང་སློབ་མར་འབྲེལ་འདྲིས་བྱས་པའི་ཉམས་མྱོང་དང་རྒྱལ་ཁབ་ཕྱི་ནང་གི་སློབ་གསོའི་བཅོས་སྒྱུར་སོགས་ལས། སློབ་ཆུང་སློབ་མར་དབྱར་དགུན་གནང་གི་ལས་བྱ་ཚད་དང་མཐུན་པ་ཞིག་བཀོད་སྒྲིག་བྱེད་དགོས་ཚེ། བསླབ་དེབ་ཀྱི་ནང་དོན་ཁྲོད་ལས་བྱའི་གྲངས་འབོར་ཉུང་བ་ལ་ཚད་དང་ལྡན་པའི་གཞི་རྩའི་སྟེང་། གཅིག་ནས་སློབ་ཆུང་སློབ་མའི་ཀླད་ཤུགས་ནུས་པ་སྐྱེད་སྲིང་བྱེད་ཐུབ་པའི་སྐོར་གྱི་ལས་བྱ་བཀོད་སྒྲིག་བྱེད་དགོས། དཔེར་ན། སློབ་མས་ལག་ལེན་དངོས་བརྒྱུད་དེ་ཀླད་ཤུགས་ནུས་པ་དང་གསར་གཏོད་ཀྱི་ནུས་ཤུགས་སྐྱེད་སྲིང་བྱེད་ཐུབ་པའི་ལས་བྱ་བཀོད་སྒྲིག་བྱས་ཚེ་འོས་པར་བསམ་པར་མ་ཟད། འདི་ལྟ་བུའི་ལས་བྱ་ནི་སློབ་མའི་དགའ་ཕྱོགས་དང་མཐུན་ལ། སློབ་ཆུང་སློབ་མའི་མི་མངོན་པའི་ནུས་པའང་བག་ཉལ་གྱི་འདུ་ཤེས་གསར་སྤེལ་བྱེད་པ་དང་། གཉིས་ནས་སློབ་ཆུང་སློབ་མའི་ཀུན་སྤྱོད་སློབ་གསོ་དང་འབྲེལ་བའི་ལས་བྱ་བཀོད་སྒྲིག་བྱེད་དགོས་ཏེ། གང་ཞིག་གསེར་གྱི་རི་ལ་བརྟེན་གྱུར་ན། ། དེ་ཡི་འདབས་ཆགས་ཐམས་ཅད་གསེར་དུ་འགྱུར། ། ཞེས་པ་ལྟར། མི་བུ་གང་ཞིག་གི་མི་གཞིའི་ཀུན་སྤྱོད་ཡག་པོ་ཞིག་ཆགས་རྒྱུ་ནི་ཆེས་གཙོ་བོ་ཡིན་ཏེ། གལ་ཏེ་མི་གཞིའི་ཀུན་སྤྱོད་ལ་ཡ་ཡོ་ནོར་འཁྲུལ་བྱུང་ཚེ། མི་དེར་སློབ་སྦྱོང་དང་རྒྱུགས་འབྲས་སོགས་ཅི་འདྲའི་ལེགས་པ་ཡོད་ཀྱང་། དེ་ནི་རྩ་བ་དུག་ཏུ་གནས་པའི་མྱུ་གུ་སྔོན་པོ་ཇི་བཞིན་འགྱུར་བས། སློབ་ཆུང་སློབ་མར་དབྱར་དགུན་གནང་གི་ལས་བྱ་བཀོད་སྒྲིག་བྱེད་སྐབས་ཀྱང་། མཐའ་གཅིག་ཏུ་སྦྱངས་འབྲས་ཁོ་ནར་དམིགས་ནས་བསླབ་དེབ་ཀྱི་ནང་དོན་ཧྲིལ་བོ་བློར་འཛིན་པ་དང་།
བསླབ་དེབ་ཀྱི་ནང་དོན་ཐེངས་མང་པོར་འབྲི་རྒྱུ་སོགས་བཀོད་སྒྲིག་བྱེད་པ་ལས། དབྱར་དགུན་གནང་གི་དུས་ཚོད་བེད་སྤྱད་ནས་ཕ་མར་བསྙེན་བཀུར་བྱེད་པ་དང་། ཆེ་བཀུར་ཆུང་བྱམས་སོགས་མི་གཞི་ཡག་པོ་ཞིག་འཁྱོངས་དགོས་པའི་སྐོར་གྱི་ལས་བྱ་སོགས་བཀོད་སྒྲིག་བྱས་ཚེ་དེ་བས་ཀྱང་འོས་པར་སྙམ། གསུམ་ནས་སློབ་ཆུང་སློབ་མའི་རྒྱུད་ཚོད་དང་བསྟུན་ཏེ་ཚད་ལྡན་གྱི་ལས་བྱ་བཀོད་སྒྲིག་བྱེད་དགོས་ཏེ། སློབ་མ་སོ་སོའི་རྒྱུད་ཚོད་དང་བསྟུན་ནས་སློབ་སྦྱོང་གི་སྦྱངས་འབྲས་ཅུང་བཟང་ཤོས་ལ། དེའི་རྒྱུད་ཚོད་དང་བསྟུན་ནས་ལས་བྱ་བཀོད་སྒྲིག་བྱེད་པ་དང་།
རིམ་བཞིན་རྒྱུད་ཚོད་འབྲིང་ཤོས་དང་རྒྱུད་ཚོད་ཅུང་ཟད་ཞན་པ་སོགས་སློབ་མ་སོ་སོའི་རྒྱུད་ཚོད་དང་བསྟུན་ཏེ། འོས་འཚམ་གྱི་ལས་བྱ་ཞིག་བཀོད་སྒྲིག་བྱས་ཚེ། སློབ་མར་ལས་བྱའི་གྲངས་འབོར་མང་དྲགས་པའི་གནོན་ཤུགས་མེད་པས། སྦྱངས་འབྲས་ཡར་རྒྱས་ཕྱོགས་སུའང་ཕན་པ་བླ་ལྷག་ཡོད་པར་འདོད་དོ། །
* ཕག་མོ་མཚོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི2018ལོའི་རབ་འབྱམས་ཞིབ་འཇུག་སློབ་མ་ཡིན།
① 候丽娜 减负增效背景下中小学课后作业问题初探 [J] 大连教育学院学报2012(4)
②崔相录等著 素质教育指要 [M] 北京大学出版社 1995:65
③ གཅན་རོང་བསྟན་འཛིན། སློབ་གསོ་ཐབས་ལམ་རྣམ་བཤད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015:242