བོན་ལུགས་ཀྱི་བརྡ་སྤྲོད་རིག་པའི་བསྟན་བཅོས་བྱུང་འཕེལ་སྐོར་གླེང་བ།

བསོད་ནམས་དོན་གྲུབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


[གནད་བཏུས] ང་ཚོས་བོད་ཀྱི་བརྡ་སྤྲོད་རིག་པའི་བྱུང་འཕེལ་གྱི་ལོ་རྒྱུས་ལ་ཕྱི་མིག་གིས་ལྟ་དུས། བོན་ལུགས་ཀྱི་རྗེས་འཇུག་མཁས་དབང་དག་གིས་ཀྱང་བོད་ཀྱི་བརྡ་སྤྲོད་རིག་པའི་བརྩམས་ཆོས་མི་ཉུང་བ་བརྩམས་གནང་མཛད་ཡོད་ལ། དེ་དག་གིས་ཀྱང་བོད་ཀྱི་བརྡ་སྤྲོད་རིག་པའི་འཕེལ་རྒྱས་ལ་མཛད་རྗེས་ཆེན་པོ་བཞག་ཡོད་པས། འདིར་བོད་ཀྱི་ལོ་རྒྱུས་སྟེང་བྱུང་བའི་བོན་ལུགས་ཀྱི་མཁས་པས་བརྩམས་པའི་བོད་ཀྱི་བརྡ་སྤྲོད་ཀྱི་བསྟན་བཅོས་བྱུང་འཕེལ་སྐོར་བརྗོད་སྙིང་དུ་བཟུང་ནས། དེ་དག་གི་ནང་དོན་དང་ཁྱད་ཆོས་སོགས་ལ་དབྱེ་ཞིབ་བྱས་ནས་རིག་གཞུང་ཉམས་ཞིབ་པ་དག་གི་སྤྱན་སྔར་མཁོ་འདོན་བྱེད་རྒྱུ་ནི་དཔྱད་རྩོམ་འདིའི་དམིགས་ཡུལ་དུ་སེམས་སོ། །

[གནད་ཚིག] བོན་ལུགས། བརྡ་སྤྲོད། བསྟན་བཅོས། བྱུང་འཕེལ།

བོད་ཀྱི་བརྡ་སྤྲོད་རིག་པའི་ཞིབ་འཇུག་གི་ལོ་རྒྱུས་ལ་སྤྱི་བསྡོམས་བྱས་ཚེ། ཕལ་ཆེར་བོད་རིགས་ཀྱི་མཁས་དབང་དག་གི་ཞིབ་འཇུག་དང་། ཕྱིའི་མི་རིགས་གཞན་གྱི་ཞིབ་འཇུག་གཉིས་ཀྱིས་གྲུབ་ཡོད་ལ། དུས་ཚོད་ཀྱི་སྟེང་བོད་རིགས་མཁས་དབང་དག་གི་ཞིབ་འཇུག་ནི་ཅུང་སྔ་ལ། ཕྱིའི་མི་རིགས་དག་གི་ཞིབ་འཇུག་ནི་ཅུང་འཕྱི་བ་ཡིན། ནུབ་ཕྱོགས་སུ་སྤྱི་ལོ་དུས་རབས་བཅུ་དགུ་པའི་མཇུག་ནས་མགོ་བཟུང་སྟེ་ཞིབ་འཇུག་གི་མགོ་བརྩམས་ལ། ལྷག་པར་དུ་སྐད་བརྡ་རིག་པའི་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་བོད་ཀྱི་བརྡ་སྤྲོད་རིག་པའི་ཞིབ་འཇུག་ནི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ལ། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་བོད་སྐད་ཀྱི་ཞིབ་འཇུག་ལ་ངེས་པ་དོན་གྱི་སྐལ་བཟང་གི་དུས་རབས་ཤིག་ཏུ་ཤར་ཡོང་ལ། ནང་སྒོས་སུ་བོད་སྐད་ཀྱི་བརྡ་སྤྲོད་ཞིབ་འཇུག་གི་དཔྱད་འབྲས་ཕུན་སུམ་ཚོགས་པ་བྱུང་ལ། ཞིབ་འཇུག་དཔུང་སྡེའི་སྟོབས་ཤུགས་ཀྱང་ཆེན་པོར་གྱུར་ཡོད།

ང་ཚོས་བོད་ཀྱི་བརྡ་སྤྲོད་རིག་པའི་ཞིབ་འཇུག་གི་ལོ་རྒྱུས་ལ་བསྐྱར་དྲན་བྱེད་དུས། ཆེད་མཁས་མང་ཆེ་ཤོས་ཀྱིས་སློབ་དཔོན་ཐོན་མིའི་ལུགས་ཀྱི་རྗེས་འཇུག་མཁས་དབང་དག་གིས་བརྩམས་པའི་བརྡ་སྤྲོད་པའི་གཞུང་ལ་དོ་སྣང་དང་ཐུགས་ཁུར་ཆེན་པོ་བྱེད་ལ། བོན་ལུགས་ཀྱི་རྗེས་འཇུག་པ་དག་གིས་བརྩམས་གནང་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་དག་ལ་དོ་སྣང་ཆེར་བྱས་མེད། བོད་ཀྱི་བརྡ་སྤྲོད་རིག་པའི་བྱུང་འཕེལ་གྱི་ལོ་རྒྱུས་གླེང་དུས་ཀྱང་། བོན་ལུགས་ཀྱི་མཁས་དབང་ཚོས་བརྩམས་པའི་བསྟན་བཅོས་དག་ཅུང་ཙམ་ཡང་གླེང་མེད་ལ། དེ་དག་གིས་བོད་ཀྱི་བརྡ་སྤྲོད་རིག་པ་འཕེལ་རྒྱས་ལ་ཐོན་པའི་ནུས་པ་དེའང་ཁས་ལེན་བྱེད་ཀྱིན་མེད་དེ། དོན་དངོས་སུ་ང་ཚོའི་བོད་ཀྱི་བརྡ་སྤྲོད་རིག་པའི་བྱུང་འཕེལ་གྱི་ལོ་རྒྱུས་ལ་ཕྱི་མིག་གིས་ལྟ་དུས། བོན་ལུགས་ཀྱི་རྗེས་འཇུག་མཁས་དབང་དག་གིས་ཀྱང་། བོད་ཀྱི་བརྡ་སྤྲོད་རིག་པའི་བརྩམས་ཆོས་མི་ཉུང་བ་བརྩམས་གནང་མཛད་ཡོད་ལ། སྤྱི་ལོ་དུས་རབས་བཅོ་ལྔ་པ་ནས་མགོ་བཟུང་སྟེ་བརྡ་སྤྲོད་ཀྱི་བསྟན་བཅོས་བརྩམས་གནང་མཛད་ཡོད་དེ། འཐུས་ཚབ་ཀྱི་བསྟན་བཅོས་འགའ་དྲངས་ན། སྤྱི་ལོ་དུས་རབས་བཅོ་ལྔ་པའི་སྟོད་རྒྱུད་དུ་མཉམ་མེད་ཤེས་རབ་རྒྱལ་མཚན་ལགས(1356-1415)ཀྱིས་བརྩམས་གནང་མཛད་པའི་སྒྲ་འགྲེལ་ཡིན་ལ། བསྟན་བཅོས་དེ་ནི་བོན་གྱི་སྒྲ་གདངས་དང་བརྡ་སྤྲོད་པའི་བསྟན་བཅོས་ཁྲོད་བརྩམས་ཆོས་གྲགས་ཅན་ཞིག་ཡིན། ཕྱི་བྱུང་གི་བརྡ་སྤྲོད་པའི་བསྟན་བཅོས་དང་བོན་གྱི་ཚན་ཉིད་རིག་པའི་བསམ་བློའི་ཕྱོགས་ནས་མཁས་དབང་འདིའི་དགོངས་པ་རྒྱུད་འཛིན་བྱས་ཡོད། བརྡ་སྤྲོད་རིག་པའི་ཞིབ་འཇུག་གི་ཕྱོགས་ནས་བརྩམས་ཆོས་གྲགས་ཅན་ནི་གཤེན་མཁས་ཚུལ་ཁྲིམས་རྒྱལ་མཚན(1783-1855)གྱིས་བརྩམས་པའི་བརྡ་སྤྲོད་ཉི་ཤུ་བདུན་པ①ཞེས་བྱ་བའི་བརྡ་སྤྲོད་ཀྱི་གཞུང་འདི་ཡིན་ལ། མཁས་དབང་འདི་ནས་མགོ་བཟུང་སྟེ་བོན་ལུགས་ཀྱི་ཁྱད་ཆོས་ལྡན་པའི་རང་རྐྱ་ཕེར་བའི་བརྡ་སྤྲོད་པའི་བསྟན་བཅོས་ཀྱི་དབུ་བརྙེས་སོང་ལ། ཕྱི་རྗེས་སུ་བྱུང་བའི་བོན་གྱི་བརྡ་སྤྲོད་རིག་པ་ནི་མཁས་དབང་འདིའི་རྗེས་སུ་མ་འབྲངས་པ་ཧ་ལམ་མེད་ལ། རྗེས་སུ་བསྟན་བཅོས་དེར་རང་འགྲེལ་བོད་ཀྱི་བརྡ་ཡང་དག་པར་སྦྱོར་ཚུལ་གྱི་བསྟན་བཅོས་ཉི་ཤུ་བདུན་པའི་རང་འགྲེལ་གཤེན་བསྟན་གསལ་བའི་ཉི་མ་ཟེར་བ་ཞིག་ཡོད་པར་མ་ཟད། ད་དུང་བོད་ཀྱི་བརྡའི་དུས་གསུམ་སྐུལ་ཚིག་བཞིའི་ཁྱད་པར་འབྱེད་པ་རེའུ་མིག་བློ་གསལ་དགའ་སྟོན་ཨུཏྤལ་དོ་ཤལ་ཞེས་པ་ཞིག་དང་།
དཔའ་བོའི་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བྱུང་ཚུལ་སོགས་བརྩམས་གནང་མཛད་ཡོད་ལ། དེའི་རྗེས་སུ་སྦྲ་གསར་ཀུན་བཟང་བསྟན་པའི་རྒྱལ་མཚན(1837-1904)བརྡ་དག་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ་དང་། ཨ་མདོ་ག་གྱ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའི(1897-1955)མཛད་པའི་བརྡ་སྤྲོད་སྲིད་པའི་སྒྲོན་མེ། སྨན་རི་མཁན་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན(1813-1862)གྱིས་མཛད་པའི་འབེལ་གཏམ་ཉི་འོད་གཞོན་ནུ་དང་དེའི་རང་འགྲེལ་སོགས་བྱུང་ཡོད། དེ་བས་གཤམ་དུ་དེ་དག་གི་སྐོར་ལ་དཔྱད་པ་ཕྲན་ཙམ་བཏང་ན།

དང་པོ། སྟོན་པ་གཤེན་རབ་དང་བོད་ཀྱི་ཡི་གེ །

སྤྱིར་བོད་ཀྱི་ཡི་གེའི་བྱུང་ཚུལ་ཐད་གནའ་ནས་ད་རེག་གི་བར་དུ་བཞེད་ཚུལ་མི་མཐུན་པ་གང་མང་མཆིས་ལ། ལྷག་པར་དུ་བན་བོན་བར་གྱི་བཞེད་ཚུལ་རྩ་བ་ནས་མི་མཐུན་ཏེ། བོན་ལུགས་ཀྱི་མཁས་དབང་རྣམས་ཀྱིས་སྟོན་པ་གཤེན་རབ་ནི། བོན་པོ་ཆོས་ལུགས་ཀྱི་གསར་གཏོད་མཁན་དང་། ཡི་གེའི་བྱེད་པོ་རུ་ངོས་འཛིན་གྱིན་ཡོད་ལ། བོད་ཀྱི་ཡི་གེའི་ཐོག་མའང་གཤེན་རབ་མི་བོ་ཆེས་གསར་གཏོད་མཛད་པའི་ཞང་ཞུང་གི་ཡི་གེའམ་སྨར་ཡིག་ཅེས་པ་དེ་ཡིན་པར་ཡོངས་སུ་གྲགས་ཡོད། གཤེན་རབ་མི་བོས་ཡི་གེའི་གསར་གཏོད་མཛད་པའི་སྐོར་ལ། ལྷ་རབས་ཀྱི་ངོ་བོ་ལྡན་པའི་གཏམ་རྒྱུད་ཅིག་བོན་པོ་ཆོས་ལུགས་དར་ཆེ་བའི་བོད་རིགས་དམངས་ཁྲོད་དུ་དར་ཡོད་ལ། བན་དེ་ཆོས་ལུགས་ཀྱི་རྗེས་འཇུག་པ་དག་གིས་བརྩམས་གནང་མཛད་པའི་ལོ་རྒྱུས་ཆོས་འབྱུང་ཁག་ཏུ། ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་མེ་ཏོག་སྙིང་པོའི་སྦྲང་རྩིའི་བཅུད②ལས་གཞན་ལོ་རྒྱུས་དེབ་ཐེར་གང་དུའང་གཏམ་རྒྱུད་དེ་མཐོང་དཀའ། བོད་ཀྱི་ཡི་གེའི་བྱུང་ཚུལ་སྐོར་གྱི་གནའ་བོའི་ལྷ་རབས་དེ་ལས། སྟོན་པ་གཤེན་རབ་མི་བོ་ཆེས་བདུད་ཁྱབ་པ་ལག་རིང་བཏུལ་བའི་གཏམ་རྒྱུད་དང་སྦྱར་ནས་དཔའ་བོའི་འབྲུ་ལྔ་པོ་ས་བོན་དུ་བྱས་ནས་རྩ་བའི་ཡིག་འབྲུ་སུམ་ཅུ་དང་། ཡན་ལག་གི་ཡིག་འབྲུ་བརྒྱད་དམ་བཅུ་བཅས་འཕྲུལ་ཡིག་བཞི་བཅུར་གཏན་ལ་ཕབ་སྟེ། ཡི་གེའི་སྲོལ་ཕྱེ་པའི་གཏམ་རྒྱུད་ལྟ་བུ་ཞིག་ཡོད་ལ། གཏམ་རྒྱུད་དེ་ལས་བོན་ལུགས་ཀྱི་རྗེས་འཇུག་པ་མཁས་དབང་དག་གིས་བོད་ཀྱི་ཡི་གེའི་བྱེད་པོ་ནི། སྟོན་པ་གཤེན་རབ་མི་བོ་ཆེ་ཡིན་པར་ངོས་འཛིན་གྱིན་ཡོད་པ་ཤེས་ཐུབ། ལྷག་པར་དུ་སྤྱི་ལོ་དུས་རབས་བཅུ་དགུ་པའི་ནང་དུ། བོན་གྱི་མཁས་དབང་དག་གིས་བོད་ཀྱི་ཡི་གེ་དང་བརྡ་སྤྲོད་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར་ནས། བརྡ་སྤྲོད་པའི་བསྟན་བཅོས་ཀྱང་འཕྲོ་རིམ་འཕྲོར་བརྩམས་གནང་མཛད་ནས་བོད་རིག་པའི་ཁམས་སུ་བཀྲམ་ཡོད་ལ། སྤྱི་ལོ་དུས་རབས་བཅུ་དགུ་པའི་ནང་བྱོན་པའི་བོན་གྱི་མཁས་པ་ཀུན་བཟང་རྒྱལ་མཚན་ལགས་ཀྱིས། གཤེན་རབ་མི་བོ་ཀུན་ལས་རྣམ་རྒྱལ་ཞེས། ། མཚན་མཆོག་གདུལ་བྱའི་བསོད་ནམས་དཔལ་དུ་ཤར། ། དགུང་ཟླ་གཅིག་པར་སྐུ་ཡི་གསོ་བསྐྱེད་མཛད། ། ལོ་གཅིག་བར་དུ་གཞོན་ནུ་རོལ་རྩེད་གནང་། ། དགུང་ལོ་གཅིག་ནས་ཡབ་ཀྱིས་རྒྱལ་ས་ཕུལ། ། སྲིད་གསུམ་མངའ་དབང་ཅན་ཀུན་བློན་དུ་བསྐོས། ། རྒྱལ་ཁྲིམས་དྲངས་ཤིང་ཐིག་གིས་སྟོང་ཁམས་བསྐྱངས། ། བཀའ་ཁྲིམས་བདུད་རྩིའི་གསུང་གི་ཐར་ལམ་བསྟན། ། སྟོང་གསུམ་ལན་གཅིག་ཕན་བདེའི་ལམ་ལ་བཀོད། ། འདི་དུས་ལྷ་སྲས་ཀརྨ་ལི་ཤི་ལ། །

སྐུ་གསུང་ཐུགས་སོགས་བཟོ་ཡི་རིག་གནས་བསྟན། །
སློབ་མ་འཛམ་གླིང་མཛེས་པའི་རྒྱན་དྲུག་བྱུང་། །

ཡི་གེར་མཁས་པ་ཡིག་ལྷ་འཕྲུལ་བུ་ལ། ། འཕྲུལ་ཡིག་བཞི་བཅུའི་རྣམ་དབྱེ་རྒྱས་པར་གསུངས། ། ཡི་གེའི་བྱུང་ཁུངས་ཐོག་མ་དེ་ནས་བྱུང་། ། ཞེས་བོད་ཀྱི་ཡི་གེའི་ཐོག་མ་ནི། སྟོན་པ་གཤེན་རབ་ཀྱིས་ཡིག་ལྷ་འཕྲུལ་བུ་ལ་གསུངས་ཤིང་། ཡིག་ལྷ་འཕྲུལ་བུས་འཕྲུལ་ཡིག་བཞི་བཅུའི་རྣམ་གཞག་རྒྱས་པར་བསྟན་ཚུལ་སོགས་གསུངས་ཡོད་པར་མ་ཟད། ད་དུང་ཁོས། བློན་པོ་ཐོན་མི་རྒྱ་གར་ཡུལ་དུ་བརྫངས། ། བྲམ་ཟེ་ལི་བྱིན་ཧ་རར་ལཉྪ་བསླབས། །
ལཉྪ་དཔེ་བླངས་བོད་ལ་ཡིག་སྦྱོར་བརྩམས། ། བོད་ཀྱི་སྒྲ་དོན་ཇི་བཞིན་བརྡ་མ་འཕྲོད། ། སྟོད་དུ་ཅ་ཆ་ཇ་དང་སྨད་དུ་ནི། ། ཞ་ཟ་འ་གསུམ་འཕྲུལ་ཡིག་བཞི་བཅུ་ལས། ། སྣོན་དབྲི་བྱས་ཏེ་བརྡ་སྤྲོད་བསྟན་བཅོས་མཛད། ། གནམ་རུ་སྲོང་བཙན་ཡན་ལ་བོད་ཡུལ་དུ། ། ཡི་གེ་མེད་ཅེས་ཁུངས་ལ་དགག་པ་བྱས། ། དེ་ནི་མཁས་པ་ཆེན་པོའི་གསུང་ཡིན་ཀྱང་། ། མ་བརྟགས་བབ་ཅོལ་ཚིག་ཏུ་ཟད་པར་ངེས། ། རྒྱལ་རབས་སོ་གཉིས་བར་དུ་བོན་དར་ན། ། ཡི་གེ་མེད་པས་བསྟན་པ་ཇི་ལྟར་དར། ། བོན་ལ་བརྡ་སྤྲོད་ཡི་གེ་མེད་བདེན་ཡང་། ། རྒྱལ་པོ་ཆེན་པོའི་རྒྱལ་སྲིད་སྐྱོང་པ་ལ། ། ཚིག་སྦྱོར་ཡི་གེ་མེད་པས་བྱ་ཐབས་དཀའ། །
དེས་ན་གསུང་རབ་བརྡ་སྤྲོད་སྨོས་ཅི་ཞིག །③ཅེས་པའི་གསུང་ཚིག་ཅིག་ཀྱང་འདུག དུས་རབས་བཅུ་དགུ་པའི་གྲུབ་མཐའ་རིས་མེད་ཀྱི་མཁས་དབང་ཆེན་མོ་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་ལགས་ཀྱིས་ཀྱང་། བོད་ཀྱི་ཡི་གེ་དང་པོ་སངས་རྒྱས་ཀྱིས་མཛད་དེ། མདོ་ལས། ཡི་གེ་སུམ་ཅུས་བོན་གྱི་ཁོག་ཡང་ཕུབ། ། མགོ་ཡིས་ལམ་དྲང་ཤད་ཀྱིས་མདོར་ཡང་བཅད། ། ཚིག(ཚེག)གིས་བར་ཕྱེ་མི་འཁྲུགས་གསལ་བར་སྙོམས། ། གུག་འགྲེང་ན་རོ་
ཞབས་ཀྱུ་ཡ་སྟ་ཡིས། ། སྐབས་སྦྱོར་དོན་དུ་ཡན་ལག་རྒྱས་པར་བཏགས། ། ཞེས་བོན་གྱི་མདོ་ལས་གོང་གི་ལུང་ཚིག་དེ་དྲངས་ནས་མུ་མཐུད་དུ་ལུང་ཚིག་དེར་འགྲེལ་བརྒྱབ་ཡོད་དེ། དང་པོ་ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ཏུ་བསྒྱུར། དེ་ཞང་ཞུང་ཡིག་རྒན་དུ་བསྒྱུར། དེ་སྨྲར་སྦྲག་ཏུ་བསྒྱུར། དེ་སྨྲར་ཆེ་ཆུང་དུ་བསྒྱུར། སྨར་ཆེན་དབུ་ཆེན་ནམ་གཟབ་ཏུ་བསྒྱུར། སྨར་ཆུང་འབྲུ་མར་བསྒྱུར། ཡིག་སྣ་འབྲུ་མ་ལས་བརྩམས་ཞེས་གྲགས་སོ། ། ཞེས་བཀོད་བྲིས་གནང་ཡོད་པར་མ་ཟད། ཁོས་ད་དུང་བོད་ཡིག་གི་སྲོལ་ནི་སྲོང་བཙན་གྱི་སྐུ་རིང་ལ་ལོ་ཙཱ་བ་ཐུ་མིས་མཛད་པ་སྟེ། རྒྱ་གར་གྱི་ཡི་གེ་ལ་ཅ་ཆ་ཇ་གསུམ། ཞ་ཟ་འ་གསུམ་དང་དྲུག་མེད་པས་ཟ་ཧོར་ནས་བཙལ་ཟེར་བའི་བཤད་རྒྱུན་དང་། ཡང་ཁ་ཅིག་གིས་ཨོ་རྒྱན་གྱི་ཡི་གེ་ལ་མོད་པས་དེ་ནས་བྱུང་ཟེར་བ་སོགས་ཆབ་གཅིག་ཏུ་ལུང་དྲངས་ནས་བཤད་རྒྱུན་དེ་དག་ནི་ངག་ཅོལ་ཙམ་དང་། འདྲ་འདྲ་གཅིག་རྙེད་ན་གཉིས་བཙལ་མི་དགོས་པའི་ཕྱིར་རོ་ཞེས་དགག་བཞག་མཛད་ཡོད་པར་མ་ཟད། ལོ་རྒྱུས་ཡོངས་གྲགས་ཀྱི་བཤད་རྒྱུན་གནམ་རི་སྲོང་བཙན་ཡན་ཆད་རྒྱལ་རབས་སུམ་ཅུ་རྩ་གཉིས་ལ་བོད་ལ་ཡི་གེ་མེད་པས། ཆོས་རྒྱལ་སྲོང་བཙན་རིང་ནས་ཡི་གེའི་སྲོལ་བཏོད། ཅེས་རང་བསྟན་དང་ཆོས་ཀྱི་རྒྱལ་བློན་ལ་བསྟོད་ཅིང་། བོན་ལ་སྨོད་པའི་ཐབས་ཙམ་སྟེ། ཆོས་རྒྱལ་ལ་བསྟོད་པའི་ཤུགས་ལས་ཡབ་མྱེས་གོང་མ་རྣམས་སྨ་ཕབ་པར་མ་ཤེས་པའོ། ། ཞེས་བོད་ཀྱི་ཡི་གེ་གསར་གཏོད་ཀྱི་ཐད། སངས་རྒྱས་ཆོས་ལུགས་ཀྱི་རྗེས་འཇུག་པ་རྣམས་ལ་དགག་གཞག་ནན་མོ་མཛད་ཡོད་ལ། དེ་ནི་དོན་གྱིས་ཐུབ་པའི་བསྟན་པ་དང་དེའི་རྗེས་འཇུག་པ་རྣམས་ཀྱིས་བོད་རྗེ་སྲོང་བཙན་སྒམ་པོའི་ཡར་སྔོན་ལ་བོད་ལ་ཡི་གེ་མེད་པའི་ལྟ་བར་མ་འཐད་པ་དང་། དེ་ནི་ཡབ་མེས་གོང་མ་རྣམས་ལ་སྨ་ཕབ་པའི་བཤད་རྒྱུན་ཞིག་ཏུ་ངོས་འཛིན་གྱིན་ཡོད། ཁོའི་ལྟ་བ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྔ་རོལ་ཏུ་བོན་གྱི་བསྟན་པ་རྒྱུ་འབྲས་ཀྱི་བོན་རྣམས་ཡོད་པས། བསྟན་པ་ཡོད་ན་ཡི་གེ་མེད་མི་སྲིད་པ་དང་། གཞན་རྒྱལ་པོའི་སྲིད་སྐྱོང་བ་ལའང་ཡི་གེ་མེད་ཐབས་བྲལ་བ་སོགས་ཀྱི་ཁུངས་ལུང་དྲངས་ཡོད་པར་མ་ཟད། ད་དུང་ད་ལྟའི་རྒྱ་གར་གྱི་ཡི་གེ་དང་བོད་ཡིག་རྣམས་སྒྲ་གཟུགས་བརྙན་དང་བཅས་པ་མི་མཐུན་པར་འདུག་པ། བོན་གྱི་དཔེ་རྙིང་མ་རྒྱུད་ཁྲོད་ཀྱི་ཚིག་རྒྱ་བོད་ཡི་གེ་གཏན་ནས་མི་འདྲའོ་ཞེས་པ་ལུང་འདྲེན་བྱས་ཡོད་ལ། གཞན་སློབ་དཔོན་པདྨའི་གསུང་ཞིག་ཀྱང་བཀོད་ཡོད་དེ། རྒྱ་གར་ཆོས་རྣམས་བོད་ལ་བསྒྱུར་པའི་ཚེ། །
རྒྱ་གར་ཡི་གེ་བོད་དུ་བསྒྱུར་མ་བཏུབ། ། ཀ་ཁ་སུམ་ཅུ་བོད་ལ་དཔེ་རུ་བླངས། ། ལྷ་ཡི་མཚན་རྣམས་འབྱུང་བའི་སྒྲ་ལས་དྲངས། ། སྔགས་རྣམས་མ་བསྒྱུར་རྒྱ་གར་རང་སོར་བཞག།། ཅེས་པའི་ཤོ་ལོ་ཀ་དེ་ལུང་གི་རྒྱབ་རྟེན་དུ་བྱས་ནས། བོད་ཀྱི་ཡི་གེ་ནི་གནའ་བོའི་བོད་རང་ས་ནས་བྱུང་བར་འདོད་པའི་ལྟ་བ་ཞིག་བཟུང་ཡོད།

སྤྱིར་གཤེན་རབ་མི་བོ་ཆེ་ནི་བོན་པོའི་ཆོས་ལུགས་ཀྱི་སྟོན་པ་ཡིན་ལ། ཁོང་གིས་ང་ཚོར་ནང་རིག་པ་དང་རྩོམ་རིག ཆོས་ལུགས་ཚད་མ་རིག་པ་སོགས་ཀྱི་བརྩམས་ཆོས་མི་ཉུང་བ་ཞིག་བཞག་ཡོད་པར་མ་ཟད། ད་དུང་མི་རབས་ཕྱི་མ་རྣམས་ལ་ཡི་གེ་བརྩམས་པའི་ངག་རྒྱུན་ཡང་ལྷག་ལུས་བྱུང་ཡོད་དེ། ཆེས་ཐོག་མར་ཁོང་གིས་མི་རབས་ཕྱི་མ་རྣམས་ལ་ཡི་གེ་དུང་ཕྱུར་ལྷག་གསར་གཏོད་མཛད་ལ། རྗེས་སུ་བདུད་ཀྱིས་བར་ཆད་བཟོས་པའི་དབང་གིས་དཔའ་བོ་ཡིག་འབྲུ་ལྔ་མ་གཏོགས་མ་ལུས་ལ། དཔའ་བོའི་ཡིག་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བཟོས་བྱུང་ལ། འཕྲུལ་ཡིག་བཞི་བཅུར་ལས་སྣོན་དང་དག་སྒྲིག་བྱས་པའི་དེང་གི་བོད་ཡིག་གི་གསལ་བྱེད་སུམ་ཅུ་བྱུང་བར་འདོད་བཞིན་ཡོད། སྟོན་པ་གཤེན་རབ་ཁོང་རང་ཉིད་ཀྱིས་བརྩམས་གནང་མཛད་པའི་སྐད་བརྡ་དང་ཡི་གེ
བརྡ་སྤྲོད་པའི་གཞུང་སོགས་ཀྱི་བསྟན་བཅོས་ཤིག་མིག་སྔར་རྙེད་སོན་མ་བྱུང་བས། བོན་གྱི་བསྟན་འབྱུང་ཡིག་ཆ་དང་ཆོས་གཞུང་གི་བསྟན་བཅོས་སོགས་ཀྱི་ཁྲོད་ཡོད་པའི་བཀོད་བྲིས་ཐར་ཐོར་བཙལ་བ་ལས་ཐབས་གཞན་མ་རྙེད།

གཉིས་པ། བརྡ་སྤྲོད་ཉི་ཤུ་བདུན་པ་དང་དེའི་རང་འགྲེལ་གཤེན་བསྟན་གསལ་བའི་ཉི་མ།

བསྟན་བཅོས་དེ་ནི་བོན་པོའི་མཁས་པའི་བརྩམས་པའི་བརྡ་སྤྲོད་ཀྱི་གཞུང་གྲགས་ཅན་ཞིག་ཡིན་ལ། བོན་པོའི་མཁས་པའི་བརྩམས་པའི་བརྡ་སྤྲོད་ཀྱི་གཞུང་གི་ཁྲོད་ཆེས་སྔ་ཤོས་ཀྱང་ཡིན། གཞུང་འདིའི་རྩོམ་པ་པོ་ནི་
ཚུལ་ཁྲིམས་ཕུན་ཚོགས་ཡིན་ལ། ཁོང་ནི་ཧ་ལམ་སྤྱི་ལོ་དུས་རབས་བཅོ་བརྒྱད་ཡས་མས་ཀྱི་མཁས་པ་ཞིག་ཡིན་ཏེ། བརྡ་སྤྲོད་ཉི་ཤུ་བདུན་པའི་མཇུག་བྱང་དུ་སྙིགས་མའི་འདྲེན་པ་གཤེན་སྟོན་རིན་པོ་ཆེ་མི་འགྱུར་གཙུག་ཕུད་དབང་རྒྱལ་གྱིས། འདི་བཞིན་དགོས་ཚུལ་གྱི་བཀའ་རང་ལོ་ཉེར་ལྔ་པ་མེ་ཡོས་ལོར་སྤྱི་བོར་ཕེབས་པ་དང་། སླར་ཡང་བཀའ་གསུང་ཡང་ཡང་བབས་པས་བཀའ་བཞིན་དང་དུ་ལེན་པ་ཡིད་ལ་བརྣགས་ཀྱང་། རྣམ་གཡེང་ཁོལ་པོར་འཕྱན་པ་ཟིན་པ་མེད་ཀྱི་དབང་གིས་རེ་ཞིག་ལྷོད་ཤོར་དུ་འགྱངས་ཡང་། རང་ལོ་ཉེར་དགུ་པ་ལྕགས་ལུག་ལོར་རང་ཉིད་ཀྱང་གཤེན་གྱི་བསྟན་ལ་སྲིད་ཞུ་བགྱིད་བློས་ཀུན་ནས་བསླངས་ཏེ། གང་དེའི་ཞབས་རྡུལ་སྤྱི་བོར་ལེན་པ་ཐོས་ཆུང་ཚུལ་ཁྲིམས་ཕུན་ཚོགས་ཞེས་པ་བདག་གིས་བསྡེབས་ཤིང་བརྩམས་པ་རྫོགས་སོ། ། ཞེས་བཀོད་ཡོད་པར་བརྟགས་ན། བརྡ་སྤྲོད་ཉི་ཤུ་བདུན་པ་ནི་སྤྱི་ལོ1751ལོར་བརྩམས་གནང་མཛད་པ་ཡིན་ལ། དམ་པ་ཁོང་ནི་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་གྱི་གཙང་སྟོད་དཔལ་ལྡན་དར་སྡིངས་སུ་སྐུ་འཁྲུངས་ལ། དགེ་བའི་བཤེས་གཉེན་གཤེན་སྟོན་རིན་པོ་ཆེའི་མི་འགྱུར་གཙུག་ཕུད་དབང་རྒྱལ་སོགས་ལ་བསྟེན་ནས།
བརྡ་དག་སྦྱོར་དང་སྙན་ངག་སོགས་ལ་དཔྱིས་ཕྱིན་པར་སྦྱངས་པ་མཛད་ལ། རང་ལོ་ཉེར་ལྔ་པར་དགེ་རྒན་གྱིས་བཀའ་བབས་ནས་བསྟན་བཅོས་འདི་འདྲ་ཞིག་རྩོམ་དགོས་ཚུལ་དང་། རང་ལོ་ཉེར་དགུ་པར་བརྩམས་གྲུབ་གནང་བ་ཡིན། བསྟན་བཅོས་འདིའི་ནང་དུ་བོད་ཀྱི་སྲོལ་རྒྱུན་གྱི་སུམ་རྟགས་གཉིས་ཀྱི་གཞུང་ལུགས་ཀྱི་དགོངས་དོན་ལག་ལེན་དུ་བསྟར་བ་སོགས་གླེང་བརྗོད་བྱས་མི་འདུག་པར་མ་ཟད། ད་དུང་བོད་ཀྱི་སྐད་དང་ཡི་གེའི་སྐོར་གྱི་བསྟན་བཅོས་གཞན་དག་གི་མིང་ཙམ་ཡང་གླེང་མི་འདུག འོན་ཀྱང་ཕྱི་རྗེས་ཀྱི་བོན་གྱི་མཁས་པ་ཚོས་བརྡ་སྤྲོད་ཉི་ཤུ་བདུན་པ་ནི། ཚད་མར་འཛིན་པའི་བསྟན་བཅོས་ཤིག་ཏུ་བརྩིས་ནས་ཟུར་བལྟ་དང་མ་དཔེ་བྱས་ནས་བཀོད་སྤྱོད་བྱེད་བཞིན་ཡོད་ལ། བསྟན་བཅོས་དེར་ཁྱོན་བསྡོམས་ལེའུ་གསུམ་གྱིས་གྲུབ་ལ། ལེའུ་དང་པོ་ནི་སྦྱོར་གཞིའི་ངེས་བཟུང་དང་རྣམ་གྲངས་བསྟན་ཡོད་ལ། ལེའུ་གཉིས་པ་ནི་སྦྱོར་ཚུལ་ཡི་གེའི་འཇུག་ཚུལ་བཤད་པའི་ལེའུ་ཡིན་ལ། ལེའུ་གསུམ་པ་ནི་རྣམ་དབྱེ་ཕྲད་ཀྱི་སྦྱོར་ཚུལ་རྒྱས་པར་སྟོན་བཞིན་ཡོད། གཞུང་ལུགས་འདིའི་ཁྲོད་དུ་སྒྲ་གདངས་ཀྱི་ཐད། སྲོལ་རྒྱུན་གྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་གཉིས་དང་མི་འདྲ་བར་གཤམ་གྱི་ཁྱད་ཆོས་འདི་དག་ཡོད་དེ།

གཅིག ཐོག་མར་སྒྲ་གནས་ཀྱི་གྲངས་ཀ་མི་འདྲ་སྟེ། བོད་ཀྱི་སུམ་རྟགས་ཀྱི་ཁྲོད་དུ་སྒྲ་གནས་ཀྱི་གྲངས་ནི། གསལ་བྱེད་ཉི་ཤུ་རྩ་དགུ་དང་དབྱངས་ཡིག་ལྔ་ཡོད་དེ་ཁྱོན་བསྡོམས་སྒྲ་གནས་སུམ་ཅུ་རྩ་བཞི་ཡོད་པ་དང་། བརྡ་སྤྲོད་ཉི་ཤུ་བདུན་པའི་ཁྲོད་དུ་སྒྲ་གནས་ཀྱི་ཁ་གྲངས་བཞི་བཅུ་ཡོད་ལ། བོན་གྱི་བརྡ་སྤྲོད་པའི་བསྟན་བཅོས་སོགས་སུ་བཤད་བཞིན་པའི་འཕྲུལ་ཡིག་བཞི་བཅུ་ཟེར་བ་དེ་ཡིན་ལ། འཕྲུལ་ཡིག་བཞི་བཅུའི་ཁྲོད་དུ་དབྱངས་ཡིག་བརྒྱད་དང་། གསལ་བྱེད་སུམ་ཅུ་རྩ་གཉིས་ཏེ་ཁྱོན་བསྡོམས་པས་སྒྲ་གནས་ཀྱི་གྲངས་བཞི་བཅུར་ངོས་བཟུང་ཡོད།

གཉིས། བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་ཁྲོད་དུ། སྒྲའི་སྐྱེས་གནས་དང་སྒྲ་འདོན་པའི་བྱེད་ཐབས་ཀྱི་སྔ་གཞུག་ལྟར་གསལ་བྱེད་སུམ་ཅུའི་གོ་རིམ་ལྟར་བསྒྲིགས་ཡོད་ལ། བོན་གྱི་བརྡ་སྤྲོད་ཉི་ཤུ་བདུན་པའི་ཁྲོད་དུ་ནམ་མཁའ། མེ། ས། ཆུ། རླུང་སོགས་ཀྱི་གོ་རིམ་ལྟར་འཕྲུལ་ཡིག་བཞི་བཅུའི་གོ་རིམ་ལྟར་བསྒྲིགས་ཡོད་པའམ། ཡང་ན་དཔའ་བོ་འབྲུ་ལྔ་ལས་འཕྲུལ་ཡིག་བཞི་བཅུ་བྱུང་ཚུལ་བཀོད་ཡོད་དེ། དེ་དག་རེ་རེ་རེའུ་མིག་ཏུ་བཀོད་ན།

གསུམ། སྒྲ་དྲག་ཞན་གྱི་ཆ་ནས་ཀྱང་ཆེན་པོ་དང་དྲག་པོ། འབྲིང་པོ། ཞན་པ། རྔུབ་པ་སོགས་སུ་དབྱེ་ཡོད་དེ། དེ་དག་རེའུ་མིག་ཏུ་བཀོད་ན།

བཞི། སྒྲའི་སྐྱེས་གནས་ཀྱི་ཐད་ཀྱང་བོད་ཀྱི་བརྡ་སྤྲོད་དང་མི་མཐུན་པའི་ལྟ་བ་བཏོན་ཡོད་དེ། དེ་དག་རེའུ་མིག་ཏུ་བཀོད་ན།

ལྔ། གཞན་ཡང་ཡི་གེ་བཞི་བཞིར་ཕྱེ་ནས་ཡོད་པའི་ཀློག་ཚུལ་གྱི་གོ་རིམ་རྣམས་ཐང་བབ་ཏུ་སྡེ་ཚན་བརྒྱད་དུ་ཡོད་པ་དང་། དབྱངས་ཡིག་སྟེ་སྡེ་ཚན་བརྒྱད་པོའི་ལྷག་མ་བརྒྱད་དང་བཅས་པའི་ངེས་པའི་ཐོ་ཡིག་བཞི་བཅུའི་གྲངས་ཀྱི་སྒོ་ནས་བསྟན་ཡོད་དེ། དེའི་གྲངས་དང་གོ་རིམ་ནི། ཀ་ཁ་ག་ང། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་བྷི་མྷིང་སོགས་ནི་སྡེ་ཚན་བརྒྱད་དང་། ལྷག་མ་བརྒྱད་ནི། ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨཿཥྟ་སོགས་ཏེ། བྷི་མྷིང་གཉིས་ལྷག་མ་རྣམས་དང་སྦྱར་བས་རྩ་བ་སུམ་ཅུར་དང་ཡན་ལག་བཅུ་ངོས་བཟུང་ཡོད། མདོར་བསྡུས་ན་གསལ་བྱེད་སུམ་ཅུ་སོ་གཉིས་དང་དབྱངས་བརྒྱད་དུ་ངོས་བཟུང་ཡོད་དེ། གསལ་བྱེད་སུམ་ཅུ་སོ་གཉིས་ནི་གོང་དུ་སྨྲས་པ་བཞིན། ཀ་ཁ་ག་ང་། ཅ་ཆ་ཇ་ཉ། ཏ་ཐ་ད་ན། པ་ཕ་བ་མ། ཙ་ཚ་ཛ་ཝ། ཞ་ཟ་འ་ཡ། ར་ལ་ཤ་ས། ཧ་ཨ་བྷི་མྷིང་སོགས་སུམ་ཅུའོ། ། དབྱངས་བརྒྱད་ནི། ཀྴ་ཨི་ཨུ་ཨེ་ཨོ་ཨཾ་ཨཿཥྟ་སོགས་སོ། འདི་དག་ལས་གསལ་བྱེད་དམ་ཐབས་ཀྱི་རང་བཞིན་ཕོ་ཡིག་སུམ་ཅུ་རྩ་གཉིས་དང་། དབྱངས་སམ་ཤེས་རབ་ཀྱི་རང་བཞིན་མོ་ཡིག་བརྒྱད་དུ་འདོད་དོ། །

དེ་བས་བརྡ་སྤྲོད་ཉི་ཤུ་བདུན་པ་ནི། ཞང་བོད་མཁས་པས་བརྩམས་པའི་བརྡ་སྤྲོད་པའི་བསྟན་བཅོས་ཤིག་ཡིན་ལ། མིག་སྔར་བོན་གྱི་མཁས་པས་བརྩམས་པའི་བརྡ་སྤྲོད་པའི་བསྟན་བཅོས་སྔ་ཤོས་ཡིན་ལ། དུས་རབས་ཕྱི་མའི་བོན་གྱི་བརྡ་སྤྲོད་བརྩམས་ཆོས་ཀྱི་གཞུང་ལུགས་ཀྱི་གཞི་འཛིན་སའང་ཡིན་པ་དང་། བསྟན་བཅོས་དེར་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པའི་དགོངས་དོན་ཡོངས་སུ་ལག་བསྟར་བྱས་མེད་པར། སྟོན་པ་གཤེན་རབ་མི་བོའི་བཀའ་ཆོས་དང་བོན་གྱི་མཁས་པ་དག་གི་མཛུབ་སྟོན་འོག་ཏུ་ལེགས་གྲུབ་བྱུང་བའི་བོན་གྱི་བརྡ་སྤྲོད་པའི་བསྟན་བཅོས་ཤིག་ཡིན།

གཞན་ཚུལ་ཁྲིམས་ཕུན་ཚོགས་ལ་བརྡ་སྤྲོད་པའི་བསྟན་བཅོས་གཞན་ཞིག་ཡོད་པ་ནི། བོད་ཀྱི་བརྡའི་དུས་གསུམ་སྐུལ་ཚིག་དང་བཞིའི་ཁྱད་པར་འབྱེད་པའི་རེའུ་མིག་བློ་གསལ་དགའ་སྟོན་ཨུཏྤལ་དོ་ཤལ་ཞེས་པ་དེ་ཡིན་ལ། སྤྱི་ལོ1989ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད་ལ། སྤྱི་ལོ1996ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གིས་ཀྱང་པར་དུ་བསྐྲུན་ཡོད། བསྟན་བཅོས་དེའི་ཁྲོད་དུ་བརྡ་སྤྲོད་ཉི་ཤུ་བདུན་པ་གཞིར་བཟུང་ནས་མིང་བརྡ500ལྷག་ལ། དུས་གསུམ་དང་སྐུལ་ཚིག་གི་རྣམ་གཞག་སོགས་རྒྱས་པར་བསྟན་ཡོད་པའི་བརྡ་སྤྲོད་ཀྱི་ཁྱབ་ཁོངས་བྱ་ཚིག་གི་རྣམ་གཞག་ལ་ཞིབ་འཇུག་བྱས་ཡོད་པའི་བསྟན་བཅོས་གལ་ཆེན་ཞིག་ཡིན་ནོ། །

གསུམ་པ། སྦྲ་གསར་ཚང་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་བརྡ་དག་བློ་གསལ་འཇུག་ངོགས་རིན་པོ་ཆེའི་གཏེར་ཁྱིམ།

བསྟན་བཅོས་དེ་ནི་བརྡ་སྤྲོད་ཉི་ཤུ་བདུན་པའི་རྗེས་སུ་བྱུང་བའི་བོན་གྱི་བརྡ་སྤྲོད་པའི་བསྟན་བཅོས་གལ་ཆེན་ཞིག་ཡིན་ལ། དམ་པ་དེ་ནི་སྤྱི་ལོ1837ལོར་མདོ་སྨད་ཁྲི་ཀར་སྐུ་འཁྲུངས་ཤིང་། ཕྱག་དཔེ་འདིའི་མཇུག་བྱང་དུ་བཀོད་པ་ལྟར་ན། རྩོམ་པ་པོས་དགུང་ལོ48དེེ། སྤྱི་ལོ1885ལོར་བརྡ་སྤྲོད་པའི་བསྟན་བཅོས་འདི་བརྩམས་པ་དང་། བསྟན་བཅོས་འདིའི་གཞུང་ལུགས་ཀྱི་རྨང་གཞི་ནི། བརྡ་སྤྲོད་ཉི་ཤུ་བདུན་པ་དང་གཅིག་མཚུངས་ཡིན་ལ། བརྡ་སྤྲོད་ཉི་ཤུ་བདུན་པའི་རྨང་གཞིའི་སྟེང་བོད་སྐད་ཀྱི་བརྡ་སྤྲོད་ཀྱི་ཁྱད་ཆོས་ལ་ཞིབ་འཇུག་བྱས་པའི་བསྟན་བཅོས་ཤིག་ཡིན་ལ། བསྟན་བཅོས་དེའི་འགོ་བརྗོད་དུའང་།
གསུང་རབ་དགོངས་དོན་གངས་ཅན་བོད་སྐད་དུ། ། བརྡ་སྤྲོད་ལེགས་བཤད་ཉི་ཤུ་བདུན་པ་ལས། ། ལེའུ་དང་པོའི་མིང་གཞིའི་བྱེ་བྲག་རྣམས། ། ཅུང་ཙམ་རྒྱས་པར་ཕྱེས་ཏེ་འཆད་ལ་སྤྲོ། །④ཞེས་བཀོད་ཡོད་པར་བལྟས་ནའང་ཤེས་ཐུབ་ལ། བསྟན་བཅོས་དེའི་ནང་དོན་ལ་དབྱེ་ན་སྒྲ་གདངས་དང་། མིང་བརྡ། བརྡ་སྤྲོད་གསུམ་དུ་དབྱེ་ཆོག་ལ། བསྟན་བཅོས་དེའི་ཁྱོན་བསྡོམས་པའི་བརྡ་བྱེ་བྲག་ཏུ་ཕྱེ་སྐབས་བཅུའི་བདག་ཉིད་ཅན་ཞིག་ཡིན་ཏེ།

སྐབས་དང་པོ་ནི་བསྟན་པ་སྤྱི་དང་བྱེ་བྲག་གི་ཡི་གེའི་བྱུང་ཁུངས་བཤད་ཡོད་ལ།

སྐབས་གཉིས་པ་ནི་ཐོ་ཡིག་བཞིི་ཅུའི་བྱུང་ཁུངས་དང་འཇུག་ཡུལ་བསྟན་ཡོད།

སྐབས་གསུམ་པ་ནི་སྔོན་འཇུག་ག་ཡིག་གི་འཇུག་ཚུལ་རྒྱས་པར་བསྟན་ཡོད།

སྐབས་བཞི་པ་ནི་སྔོན་འཇུག་ད་ཡིག་གི་འཇུག་ཚུལ་རྒྱས་པར་བསྟན་ཡོད།

སྐབས་ལྔ་པ་ནི་སྔོན་འཇུག་བ་ཡིག་གི་འཇུག་ཚུལ་བསྟན་ཡོད།

སྐབས་དྲུག་པ་ནི་སྔོན་འཇུག་མ་ཡིག་གི་འཇུག་ཚུལ་རྒྱས་པར་བསྟན་ཡོད།

སྐབས་བདུན་པ་ནི་སྔོན་འཇུག་འ་ཡིག་གི་འཇུག་ཚུལ་རྒྱས་པར་བསྟན་ཡོད།

སྐབས་བརྒྱད་པ་ནི་མགོ་ཅན་གྱི་བརྡ་བྱེ་བྲག་ཏུ་འཇུག་ཚུལ་བཤད་ཡོད་དེ། ར་མགོ་ཅན་་དང་། ལ་མགོ་ཅན། ས་མགོ་ཅན་སོགས་ཀྱི་སྡེ་བཤད་ཡོད་།

སྐབས་དགུ་པ་ནི་མིང་རྐྱང་སྨད་འདོགས་ཅན་གྱི་སྡེ་ཚན་བཤད་ཡོད་དེ། ཀ་ཁ་སུམ་ཅུའི་གོ་རིམ་བཞིན་བསྒྲིགས་ནས་བཀོད་ཡོད།

སྐབས་བཅུ་པ་ནི་མཚམས་སྦྱོར་ཕྲད་ཀྱི་ཐོབ་ཚུལ་སྟོན་བཞིན་པའི་སྡེ་ཚན་ཡིན།

གཤེན་མཁས་གྲུབ་ཚུལ་ཁྲིམས་རྒྱལ་མཚན་གྱིས་མཛད་པའི་བརྡ་སྤྲོད་ཉི་ཤུ་བདུན་པའི་ལེའུ་དང་པོ་མིང་གི་ཐོབ་ཚུལ་ཧ་ཅང་བསྡུས་དྲགས་པས། ཁོས་དེའི་རྨང་གཞིའི་སྟེང་མིང་གི་རིམ་པ་རྣམས་ཅུང་ཟད་རྒྱས་པར་ཕྱེས་ནས་གསར་འཇུག་པ་རྣམས་ལ་ཁྲིད་བདེ་བར་བྱས་ཡོད་པ་བསྟན་བཅོས་འདིའི་མཇུག་ཏུ་གསལ་བཤད་བྱས་ཡོད་ལ། བསྟན་བཅོས་འདིའི་ཁྱད་ཆོས་གཙོ་བོ་ནི་བོད་སྐད་ཀྱི་བྱ་ཚིག་གི་གཟུགས་འགྱུར་དང་། བྱ་ཚིག་དང་མིང་ཚིག་གི་ཁྱད་པར། བརྡ་རྙིང་དང་བརྡ་གསར་གྱི་ཁྱད་པར། ཞང་ཞུང་གི་མིང་བརྡ་དང་བོད་སྐད་ཀྱི་མིང་བརྡའི་ཁྱད་པར་སོགས་གསལ་བོར་སྟོན་བཞིན་པའི་གཞུང་ཞིག་ཡིན་ལ། སྦྲ་གསར་ཚང་གི་བསྟན་བཅོས་འདི་ནི། བོད་སྐད་ཀྱི་མིང་བརྡར་ཞིབ་འཇུག་བྱེད་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་གལ་ཆེན་ཞིག་ཡིན་ལ། དེའི་ཁྲོད་བོད་སྐད་ཀྱི་སྔོན་འཇུག་དང་མིང་གཞི། རྗེས་འཇུག་གི་གོ་རིམ་ལྟར་བསྒྲིགས་ཡོད།

བཞི་པ། བོན་ལུགས་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་གཞན་དག་གི་བྱུང་འཕེལ།

གོང་དུ་བཤད་ཟིན་པའི་བརྡ་སྤྲོད་ཀྱི་གཞུང་དེ་གཉིས་ལས་གཞན། རིག་འཛིན་ཀུན་གྲོལ་གྲགས་པས(1700-?)

མཛད་པའི་བོད་ཀྱི་བརྡ་སྤྲོད་ཀུན་སྣང་སྒྲོན་མེ།⑤སྨན་རིའི་མཁན་པོ་ཀུན་མཁྱེན་ཉི་མ་བསྟན་འཛིན(1813-1862)གྱིས་མཛད་པའི་འབེལ་གཏམ་ཉི་འོད་གཞོན་ནུ་དང་དེའི་འགྲེལ་བ།

དཔོན་སློབ་ཚུལ་ཁྲིམས་རྒྱལ་མཚན(1893-1967)གྱིས་མཛད་པའི་འབེལ་གཏམ་ཉི་འོད་གཉོན་ནུའི་རྣམ་བཤད་ཚ་ཟེར་འབུམ་ལྡན་དང་། ཨ་མདོ་ག་རྒྱ་ཁྱུང་སྤྲུལ་འཇིགས་མེད་ནམ་མཁའ་འམ་མཚན་གཞན་གཡུང་དྲུང་རྒྱལ་མཚན(1897-1955)གྱིས་བརྩམས་གནང་མཛད་པའི་བརྡ་སྤྲོད་སྲིད་པའི་སྒྲོན་མེའི་རྩ་འགྲེལ་གཉིས་དང་། གདན་ས་གཡུང་དྲུང་གླིང་གི་དཔོན་སློབ་ཀུན་བཟང་བློ་གྲོས་ཀྱིས་མཛད་པའི་ཞང་ཞུང་བོན་གྱི་འཕྲུལ་ཡིག་སྡེ་གསུམ་གྱི་རྣམ་འབྱེད་བརྡ་སྤྲོད་རྩ་འགྲེལ་དང། ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོས(1889-1975)མཛད་པའི་གངས་ཅན་བོད་ཀྱི་བརྡ་ཡང་དག་པ་སྤྲོད་པར་བྱེད་པ་གུ་གེའི་སྦྱོར་བ་དཔག་བསམ་ལྗོན་པའི་སྙེ་མ། སྐྱང་སྤྲུལ་ལུང་རྟོགས་སྐལ་བཟང་རྒྱ་མཚོས་མཛད་པའི་དག་ཡིག་ལྷ་ཆབ་འཁྱིལ་བ་སོགས་འདུག །


* བསོད་ནམས་དོན་གྲུབ། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་དུ་ཕྱག་ལས་གནང་བཞིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1