སྒྲུང་ཐུང་དང་གཏམ་རྒྱུད་ཀྱི་ཁྱད་པར། —— དམའ་གསུམ་སྐད་ཡིག་སློབ་དེབ་སྟོད་སྨད་ཆའི་སྒྲུང་གཏམ་གྱི་སྡེ་ཚན་དག་གཞིར་བཟུང་བ།

པདྨ་དབང་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


[གནད་བཏུས] རྩོམ་འདིར་དམའ་འབྲིང་ལོ་རིམ་གསུམ་པའམ། ལོ་རིམ་དགུ་པའི་སྐད་ཡིག་སློབ་དེབ་སྟོད་སྨད་ཆ་ལས་སྒྲུང་གཏམ་གྱི་སྡེ་ཚན་གསུམ་གྱི་སྒྲུང་ཐུང་དགུ་དཀྱུས་སུ་བཟུང་ནས། རེ་རེའི་དབྱེ་ཞིབ་ལ་འཕྲོས་བཤད་ཀྱི་འཁྲུལ་སེལ་གང་འཚམ་བྱས་ཡོད་ཐོག སྒྲུང་གཏམ་དང་གཏམ་རྒྱུད་ཀྱི་ཁྱད་པར་ཡང་ཞོར་དུ་གླེང་ཡོད།

[གནད་ཚིག] དམའ་གསུམ་སྐད་ཡིག་སློབ་དེབ། དཔེ་གཞིའི་སློབ་ཚན། གཏམ་རྒྱུད། སྒྲུང་ཐུང་།

ལྗོངས་ཞིང་ལྔའི་མཉམ་བཀོལ་གྱི་དམའ་འབྲིང་ལོ་རིམ་གསུམ་པའམ། ལོ་རིམ་དགུ་པའི་སྐད་ཡིག་སློབ་དེབ་སྟོད་ཆ་དང་སྨད་ཆ་གཉིས་ལ་ཐུན་མོང་དུ་ཁྱོན་སྡེ་ཚན་བདུན་རེ་ཡོད་པ་དང། སྟོད་ཆའི་སྡེ་ཚན་བདུན་པ་ནི་སྒྲུང་གཏམ་གྱི་སྡེ་ཚན་རེད། དེར་དཔེ་གཞིའི་སློབ་ཚན་ལ་དགེ་རྒན་གྱིས་ངེས་ཁྲིད་བྱ་དགོས་ཤིང་སློབ་མས་ཀྱང་ངེས་སྦྱོང་བྱ་དགོས་པའི་སློབ་ཚན“བདག་གི་གཞོན་ནུའི་ལོ་རབས”①དང“བདག་གི་ཁུ་བོ་ཡུ་ལེ”②གཉིས་དང་། དགེ་རྒན་གྱིས་འཁྲིད་མི་དགོས་ཤིང་སློབ་མ་སྒེར་ངོས་ནས་བལྟས་ན་ཆོག་པའི་རང་ཀློག་སློབ་ཚན“སོ་ནམ་པ་དང་རྒྱལ་པོ་གཏུམ་པོ”③བཅས་རེད། སྨད་ཆའི་སྡེ་ཚན་གཉིས་པ་དང་སྡེ་ཚན་བདུན་པ་གཉིས་ནི་སྒྲུང་གཏམ་གྱི་སྡེ་ཚན་ཡིན་པ་དང། སྡེ་ཚན་གཉིས་པའི་དཔེ་གཞིའི་སློབ་ཚན་ལ་དགེ་རྒན་གྱིས་ངེས་ཁྲིད་བྱ་དགོས་ཤིང་སློབ་མས་ངེས་སློབ་བྱ་དགོས་པའི་སློབ་ཚན“མའེ་ཇིའི་ལེགས་སྐྱེས”④དང“གཙུག་གཡུ”⑤གཉིས་དང་། དགེ་རྒན་ནས་འཁྲིད་མི་དགོས་ཤིང་སློབ་མ་སྒེར་ངོས་ནས་བལྟས་ན་ཆོག་པའི་རང་ཀློག་སློབ་ཚན“དཔེ་ཚབ་སྤྲོད་པ”⑥བཅས་དང་། སྡེ་ཚན་བདུན་པའི་དཔེ་གཞིའི་སློབ་ཚན་ལ་དགེ་རྒན་གྱིས་ངེས་ཁྲིད་བྱ་དགོས་ཤིང་སློབ་མས་ངེས་སློབ་བྱ་དགོས་པའི་སློབ་ཚན“ཁུང་དབྱི་ཅི”⑦དང“བུ་མོ་མ་ཧཱ་མ་ཡ”⑧གཉིས་དང་། དགེ་རྒན་གྱིས་འཁྲིད་མི་དགོས་ཤིང་སློབ་མ་སྒེར་ངོས་ནས་བལྟས་ན་ཆོག་པའི་རང་ཀློག་སློབ་ཚན“མི་དོན་ཕུག་རོན་གྱིས་དཔྱད་པའི་གཏམ་རྒྱུད”⑨བཅས་སོ། ། འདི་ལྟར་སྡེ་ཚན་གསུམ་ལ་སྤྱི་བསྡུས་བྱས་ཤིང་ནང་གསེས་སུ་སྒྲུང་གཏམ་དགུ་ལ་རྣམ་པར་དབྱེ་བའི་གསུམ་ཚན་དགུ་ཡི་རྣམ་གཞག་ཅན་དུ་བཟོས་ཡོད་པའི་དོན་གྱི་སྙིང་བོ་ནི་འདི་ལྟར་ཡིན་པར་བསམ་སྟེ། དམའ་འབྲིང་སློབ་དེབ་ལ་སྒྲུང་གཏམ་བདམས་པའི་དགོས་དམིགས་ནི་གཅིག་ཏུ་སློབ་མ་ཚོར་སྒྲུང་གཏམ་སྐོར་གྱི་རྨང་གཞིའི་ཤེས་བྱའམ་རྒྱུན་ཤེས་ངོ་སྤྲོད་པ་དང་།གཉིས་སུ་རྒྱུན་ཤེས་དེ་དག་ལ་དངོས་དཔེ་སྒྲུང་གཏམ་དྲངས་ནས་གོ་བ་ལོན་པ་ཇེ་གསལ་དང་ཇེ་བརྟན་དུ་གཏོང་བ། གསུམ་དུ་སློབ་མ་བྱེ་བྲག་པ་སོ་སོ་ནས་དེ་འཚམ་གྱི་སྒྲུང་གཏམ་འོས་མོ་རེ་ལད་འབྲི་བྱ་ཤེས་རྒྱུ་ནི་མཐར་ཐུག་གི་ཉིང་དགོས་ཡིན་ནོ། །
དང་པོ། སྒྲུང་གཏམ་གྱི་རྨང་གཞིའི་ཤེས་བྱ་ངོ་སྤྲོད་ཐུང་ངུ་།
གོང་གི་སྡེ་ཚན་གསུམ་དུ་བགོས་པའི་སྒྲུང་གཏམ་དགུ་པོ་ཡོངས་སུ་བསླབས་སྦྱངས་བྱས་རྗེས་འདི་འདྲའི་སྤྱི་བསྡོམས་བྱ་ཆོག་སྟེ། གཅིག སྒྲུང་གཏམ་གྱི་གོ་དོན། རྡོ་རྗེ་རིན་ཆེན་གྱིས་བརྩམས་པའི《རྩོམ་རིག་གཞུང་ལུགས་གནད་བསྡུས》སུ།“སྒྲུང་རྩོམ་ནི་ཚིག་སྦྱོར་ཕུན་སུམ་ཚོགས་པར་སྤེལ་བ་དང་སྒྱུ་རྩལ་གྱི་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་མི་སྣའི་སྣང་བརྙན་གསར་སྐྲུན་དང་། དོན་གྱི་བྱུང་རིམ་མུ་འབྲེལ་དུ་བཀོད་སྒྲིག་དང་ཁོར་ཡུག་གི་རྣམ་པ་རིས་སུ་ཐོན་པར་འབྲི་བ་བཅས་ཀྱི་སྒོ་ནས། སྤྱི་ཚོགས་འཚོ་བའི་སྣང་ཚུལ་རྒྱ་ཆེར་མཚོན་པའི་རྩོམ་ལུས་ཀྱི་རྣམ་པ་རྒྱ་ཆེ་བ་ཞིག་ཡིན”⑩ཞེས་པ་ལ། དམའ་འབྲིང་སློབ་མར་ཁ་གཏད་ནས་ངག་ཏུ་སྐྱོར་སླ་ཞིང་ཡིད་ལ་འཛིན་བདེ་བའི་སྟབས་བདེེ་སླ་མོ་ཅན་དུ་བཏང་ན། མི་སྣའི་སྣང་བརྙན་འབྲི་བཞེངས་བྱེད་པ་ལྟེ་བར་བཟུང་ནས་བྱུང་རིམ་ཆ་ཚང་དང་། ཁོར་ཡུག་འཕྱོར་འབྲི་བྱས་པ་བརྒྱུད་སྤྱི་ཚོགས་འཚོ་བ་མཚོན་པའི་རྩོམ་ལུས་ཤིག་ཡིན་ཞེས་པའོ། ། གཉིས། སྒྲུང་གཏམ་གྱི་ཁྱད་ཆོས། ཡང་དེབ་དེ་རུ།“ཀ མི་སྣའི་སྣང་བརྙན་ཕྱོགས་ཡོངས་ནས་ཕྲ་ཞིབ་རང་མཚན་ཅན་དུ་སྐྲུན་པ། ཁ། གཏམ་རྒྱུད་ཀྱི་བྱུང་རིམ་གྱི་བཀོད་པ་བདེ་བླག་ཏུ་སྒྲིག་ཅིང་སྦྱོར་བ། ག ཁོར་ཡུག་རིས་སུ་ཐོན་པར་འབྲི་དགོས།”ཞེས་ཁྱད་ཆོས་ལ་ཕྱོགས་གསུམ་ནས་སྤྲོས་ཡོད་ཅིང། ཡིན་ཡང་། ང་ཚོས་གོང་གི་དམའ་འབྲིང་སློབ་དེབ་ཀྱི་སློབ་ཚན་དགུ་པོ་རྨང་གཞི་བྱས་ཏེ་གླེང་ན། ཕྱོགས་ལྔ་རུ་བསྡུ་ཆོག་སྟེ། ཀ མི་སྣའི་སྣང་བརྙན་མངོན་གསལ་དོད་པ། ཁ། དོན་གྱི་བྱུང་རིམ་ཆ་ཚང་བ། ག ཁོར་ཡུག་འཕྱོར་འབྲི་བདེན་དངོས་ཆེ་བ། ང་། བརྗོད་གཞི་དགོངས་དོན་གཏིང་ཟབ་པ། ཅ། བློས་བསླངས་ཀུན་རྟོག་ཞིབ་ཚགས་ཆེ་བ་བཅས་སོ། ། གསུམ། སྒྲུང་གཏམ་གྱི་རྩ་བའི་གྲུབ་ཆ། ཀ མི་སྣ། ཁ། བྱུང་རིམ། ག ཁོར་ཡུག་བཅས་ཡིན། དེར་མི་སྣ་ལ་མཚོན་ན་སྣང་བརྙན་བཞེངས་སྐྲུན་བྱ་བ་གཙོ་བོ་ཡིན་ཞིང་བཞེངས་ཐབས་ལ་རྣམ་པ་ལྔ་རུ་བསྡུ་ཆོག་སྟེ། བྱ་སྤྱོད་དང་སྐད་ཆའམ་ཁ་བརྡ། སེམས་ཁམས། བྱད་གཟུགས། ཉམས་འགྱུར་རམ་རྣམ་འགྱུར་བཅས་ལ་བརྟེན་ནས་བཞེངས་སྐྲུན་བྱ་བ་ཡིན། དོན་གྱི་བྱུང་རིམ་ལ་ཕྱོགས་བཞི་ཡོད་དེ། མགོ་རྩོམ་པ་དང་འཕེལ་རྒྱས། མཐོ་རླབས། མཇུག་བསྡུ་བ་བཅས་སོ། ། ཁོར་ཡུག་འཕྱོར་འབྲི་ལ་ཕྱོགས་གཉིས་ཏེ། རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་བཅས་སོ། ། བཞི། སྒྲུང་གཏམ་གྱི་དབྱེ་བ། གཞི་འཛིན་ས་མ་འདྲ་ན་འདིའི་རིགས་དབྱེ་ཡང་མི་འདྲ་མོད། འདིར་དམའ་འབྲིང་སློབ་མར་དམིགས་ནས་གླེང་ན། ཡིག་འབྲུའི་མང་ཉུང་ངམ་ཡིག་ཚོགས་གཞི་བྱ་བ་འདི་ཅུང་འོས་འཚམ་དུ་འདོད་པས། དེ་ལྟར་དབྱེ་ན། ཀ སྒྲུང་རིང་། ཡིག་འབྲུ་ཁྲི་དྲུག་ཡན། (ཁྲི་བཅུ་ཡན་འདོད་མཁན་ཡང་ཡོད) ཁ། སྒྲུང་འབྲིང་། ཡིག་འབྲུ་སུམ་ཁྲི་ནས་དྲུག་ཁྲི་བར། ག སྒྲུང་ཐུང་། ཡིག་འབྲུ་སྟོང་ཕྲག་ནས་སུམ་ཁྲི་བར། ང་། སྒྲུང་ཐུང་ཡིག་བརྒྱ་མ། ཡིག་འབྲུ་བརྒྱ་ཕྲག་ནས་སྟོང་ཕྲག་བར་ཡིན་པ་བཅས་སོ། །
གཉིས་པ། སྒྲུང་གཏམ་རེ་རེའི་དབྱེ་ཞིབ་མཐའ་དཔྱོད་དང་འཁྲུལ་སེལ།
གཅིག བདག་གི་གཞོན་ནུའི་ལོ་རབས།
ཀ དབྱེ་ཞིབ་ཀྱི་དངོས་གཞི།
སྐད་ཡིག་སློབ་ཁྲིད་བྱེད་གཞི་ལྟར་ན། སློབ་ཚན་འདི་དོན་གྱི་བྱུང་རིམ་ལ་གཞིགས་ནས་ཁག་གསུམ་དུ་དབྱེ་འདུག“ཁག་དང་པོ་ནི་ཚན་པ1-5 ཁག་གཉིས་པ་ནི་ཚན་པ6-10 ཁག་གསུམ་པ་ནི་ཚན་པ11-མཇུག་བར།”ཞེས་པའོ། །
ཁ། དབྱེ་ཞིབ་ཀྱི་མཐའ་དཔྱོད།
སློབ་ཚན་འདི་ཁྱོན་ཚན་པ་ཉེར་གཉིས་ཀྱིས་གྲུབ་ཡོད་པ་དང། རྩོམ་རང་ངོས་ཀྱི་དོན་གྱི་བྱུང་རིམ་ལྟར་ན། སློབ་ཚན་འདི་ཁག་ལྔ་རུ་དབྱེ་ཆོག་སྟེ། ཁག་དང་པོ་ནི། མགོ་རྩོམ་པའི་ཚུལ་དུ་འགྲོ་བ་སྟེ་ཚན་པ1-5རེད། ཆང་ས་ལས་གླུ་ལེན་གྱིན་ཡོང་བ་ཨ་མས་གོ་ཞིང་སྡུག་རྐྱེན་གྱིས་བརྡུང་བ་དང་སྨྲེ་སྔགས་བཏོན། མ་སྨད་གསུམ་ཀ་སྡུག་ངུ་བྱས། མཐུ་སློབ་པར་སེམས་ཐག་བཅད། འགྲོ་རོགས་བཙལ། སྙིང་རུས་དམ་བཅའ་བཞག ཡུལ་བྲལ་བྱས། ཡང་ན། མཐུ་སློབ་པར་འགྲོ་བའི་རྐྱེན་དང་སེམས་ཐག་བཅད་ཚུལ། འགྲོ་རོགས་བཙལ་ཚུལ། མངགས་ཚུལ་བཅས་སོ། ། དོན་གྱི་བྱུང་རིམ་ལྟར་ན་མགོ་རྩོམ་པའོ། ། ཁག་གཉིས་པ་ནི། འཕེལ་རྒྱས་རིམ་པ་ལྟ་བུར་འགྲོ་བ་སྟེ་ཚན་པ6-11རེད། བླ་མ་ལས་མཐུའི་གདམས་ངག་གནང་ཞིང་མཐུ་སྒྲུབ་ཉམས་ལེན་གྱིས་མཐུ་དངོས་སུ་ཐོབ། དོན་གྱི་བྱུང་རིམ་ལྟར་ན་འཕེལ་རྒྱས་སོ། ། ཁག་གསུམ་པ་ནི། མཐོ་རླབས་ཀྱི་རིམ་པ་དང་པོ་ལྟ་བུར་འགྲོ་བ་སྟེ་ཚན་པ12-16རེད། མཐུ་རྟགས་ཐོན་པ། མཐུ་འབྲས་ལས་གྲོང་མིས་ཐོས་པ་དགའ་མ་སྨད་གསོད་པར་བགྲོས་པ། ཨ་མས་རྣལ་འབྱོར་པ་ལ་གབ་ཡིག་དང་གསེར་སྲང་བསྐུར་ཅིང་ཡིག་རྫུན་བསྒྲགས། གྲོང་མིའི་གྲོས་འགྱུར། དོན་གྱི་བྱུང་རིམ་ལྟར་ན་མཐོ་རླབས་དང་པོའོ། ། ཁག་བཞི་པ་ནི། བར་གྱི་ངལ་གསོ་ལྟ་བུར་འགྲོ་བ་སྟེ་ཚན་པ17-19རེད། ཐོས་པ་དགའ་ལ་རྣལ་འབྱོར་པའི་ཡི་གེ་འབྱོར་ཞིང་ནང་དོན་བརྟོལ། དོན་གྱི་བྱུང་རིམ་ལྟར་ན་བར་གྱི་ངལ་གསོ་ལྟ་བུར་ཞི་འཇགས་སུ་གྱུར་པའོ། ། ཁག་ལྔ་པ་ནི། མཐོ་རླབས་ཀྱི་རིམ་པ་གཉིས་པ་ལྟ་བུར་འགྲོ་བ་སྟེ་ཚན་པ20-22རེད། ཨ་མའི་བསྐུར་བའི་ཡི་གེའི་ནང་དོན་ལྟར་སེར་མཐུ་བསླབས་ཤིང་བསྒྲུབས་ལ་བཏང་བས་ཡུལ་པའི་ལོ་ལེགས་རྩ་མེད་དུ་བཏང་།གྲོགས་པོ་ཐོས་པ་དགའ་ལ་བརྫུས་ནས་ཡུལ་དམག་ལ་འཇིགས་བསྐུལ་བས་དམག་ཟློག་བྱས། དོན་གྱི་བྱུང་རིམ་ལྟར་ན་མཐོ་རླབས་གཉིས་པ་འཕྱུར་བ་དང་སྦྲགས་ཏེ་མཇུག་བསྡུ་བའོ། །
དམའ་འབྲིང་སློབ་མ་ནི་སྒྲུང་གཏམ་ལ་ཐོག་མར་འཇུག་གིན་ཡོད་པས། དང་པོ་ཉིད་ནས་རྨང་གཞིའི་ཤེས་བྱའམ་རྒྱུན་ཤེས་མ་ནོར་བར་ཡང་དག་ཏུ་འཁྲིད་རྒྱུ་དེ་ཤིན་ཏུ་གལ་ཆེ་བ་རེད་འདོད། དེ་ལ་སྒྲུང་གཏམ་གྱི་གྲུབ་ཆ་གསུམ་སྟེ་མི་སྣ་དང་བྱུང་རིམ་དང་ཁོར་ཡུག་བཅས་ཡིན་ཞིང། དེ་དག་རེ་རེ་བཞིན་དུ། མི་སྣའི་སྣང་བརྙན་མངོན་གསལ་དོད་པ་དང་དོན་གྱི་བྱུང་རིམ་ཆ་ཚང་བ་དང་། ཁོར་ཡུག་འཕྱོར་འབྲི་བདེན་དངོས་ཆེ་བ་བཅས་ཀྱི་རེ་བ་ཆེ། ཡང་དོན་གྱི་བྱུང་རིམ་ལ་ཡང་མགོ་རྩོམ་པ་དང་འཕེལ་རྒྱས་དང་མཐོ་རླབས་དང་མཇུག་བསྡུ་བ་བཅས་ཀྱི་རིམ་པ་རྣམ་པར་ཕྱེ་ཡོད་པས། སློབ་ཚན་འདི་ལ་ཚན་པ་ཁག་བགོ་ཡི་དབྱེ་ཞིབ་བྱ་བར་རྩ་དོན་འདི་གཞིར་བཞག་པ་ཡིན་ན། སྒྲུང་གཏམ་གྱི་རྨང་གཞིའི་ཤེས་བྱ་དང་དངོས་དཔེ་ཕན་ཚུན་ཆ་འཕྲོད་ཅིང་ཆུ་ལ་ཆུ་བཞག་གི་ཡག་ཐོག་ཡག་བརྒྱན་དུ་འགྲོ་བས། རྒྱུན་ཤེས་གསོག་འཇོག་དང་དངོས་དཔེ་དབྱེ་ཞིབ་གང་ལ་ཡང་སྨན་པ་རེད། ལྡོག་ན། ཕན་ཚུན་ཡ་བྲལ་ཏུ་འགྱུར་བས་རྔོ་མི་ཐོགས་པར་བསམ། དེ་བས་ན། སྐད་ཡིག་སློབ་ཁྲིད་བྱེད་གཞི་ལ་གསལ་བའི་དོན་གྱི་བྱུང་རིམ་ལ་གཞིགས་ནས་ཁག་གསུམ་དུ་དབྱེ་བ་སྟེ། ཁག་དང་པོ་ནི་ཚན་པ1-5མས་བུ་མཐུ་སློབ་ཏུ་མངགས་པ་བྲིས། ཁག་གཉིས་པ་ནི་ཚན་པ6-10ཐོས་པ་དགས་བླ་མའི་དྲུང་ནས་མཐུ་སྦྱངས་པའི་བརྒྱུད་རིམ་བྲིས། ཁག་གསུམ་པ་ནི་ཚན་པ11-མཇུག་བར། ཐོས་པ་དགས་མཐུ་བཏང་ནས་ཨ་ཁུ་དང་ཨ་ནེ་ལ་སོགས་པར་འཁོན་ལན་བསློགས་པ་བྲིས་ཡོད་ཅེས་པ་ནི། དོན་གྱི་བྱུང་རིམ་ལྟར་སྣང་ཙམ་དུ་ཟད་པ་ལས་ཡང་དག་ཏུ་སོང་མེད་ལ། སྒྲུང་གཏམ་གྱི་དོན་གྱི་བྱུང་རིམ་ལ་གསལ་བའི་རྩ་དོན་ལ་ཡང་ཐུགས་མཉམ་མ་བཞག་པའི་འཁྲུལ་སྐྱོན་ཤོར་ཡོད་པར་ཡང་འདོད་དོ། །
ག དབྱེ་ཞིབ་ཀྱི་འཁྲུལ་སེལ།རྩོམ་གྱི་གྲུབ་ལུགས་ལྟར་ན། སློབ་ཚན་འདི་ཁག་ལྔ་རུ་དབྱེ་ཆོག་སྟེ། ཁག་དང་པོ་ནི། ཚན་པ1-5མཐུ་སློབ་པར་འགྲོ་བའི་རྐྱེན་དང་སེམས་ཐག་བཅད་ཚུལ། འགྲོ་རོགས་བཙལ་ཚུལ། མངགས་ཚུལ་བཅས་སོ། ། དོན་གྱི་བྱུང་རིམ་ལྟར་ན་མགོ་རྩོམ་པའོ། ། ཁག་གཉིས་པ་ནི། ཚན་པ6-11བླ་མ་ལས་མཐུའི་གདམས་ངག་གནང་ཞིང་མཐུ་སྒྲུབ་ཉམས་ལེན་གྱིས་མཐུ་དངོས་སུ་ཐོན། དོན་གྱི་བྱུང་རིམ་ལྟར་ན་འཕེལ་རྒྱས་སོ། ། ཁག་གསུམ་པ་ནི།
ཚན་པ12-16མཐུ་རྟགས་ཐོན་པ། མཐུ་འབྲས་ལས་གྲོང་མིས་ཐོས་པ་དགའ་མ་སྨད་གསོད་པར་བགྲོས་པ། ཨ་མས་རྣལ་འབྱོར་པ་ལ་གབ་ཡིག་དང་གསེར་སྲང་བསྐུར་ཅིང་ཡིག་རྫུན་བསྒྲགས། གྲོང་མིའི་གྲོས་འགྱུར། དོན་གྱི་བྱུང་རིམ་ལྟར་ན་མཐོ་རླབས་དང་པོའོ། ། ཁག་བཞི་པ་ནི། ཚན་པ17-19ཐོས་པ་དགའ་ལ་རྣལ་འབྱོར་པའི་ཡི་གེ་འབྱོར་ཞིང་ནང་དོན་བརྟོལ། དོན་གྱི་བྱུང་རིམ་ལྟར་ན་བར་གྱི་ངལ་གསོ་ལྟ་བུར་ཞི་འཇགས་སུ་གྱུར་པའོ། ། ཁག་ལྔ་པ་ནི། ཚན་པ20-22ཨ་མའི་བསྐུར་བའི་ཡི་གེའི་ནང་དོན་ལྟར་སེར་མཐུ་བསླབས་ཤིང་བསྒྲུབས་ལ་བཏང་བས་ཡུལ་པའི་ལོ་ལེགས་རྩ་མེད་དུ་བཏང་། གྲོགས་པོ་ཐོས་པ་དགའ་ལ་བརྫུས་ནས་ཡུལ་དམག་ལ་འཇིགས་བསྐུལ་བས་དམག་ཟློག་བྱས། དོན་གྱི་བྱུང་རིམ་ལྟར་ན་མཐོ་རླབས་གཉིས་པ་འཕྱུར་བ་དང་སྦྲགས་ཏེ་མཇུག་བསྡུ་བའོ། །
ང་། བརྗོད་སྙིང་ངོས་འཛིན།
ཐོས་པ་དགས་ཨ་མ་མྱང་ཚ་དཀར་རྒྱན་གྱི་རུས་ཞེན་གྱི་རེ་བ་ལྟར། དཀའ་སྤྱད་སྙིང་རུས་བསྐྱེད་དེ་མ་སྨད་གསུམ་ལ་སྡུག་པོ་གཏོང་མཁན་གྱི་ཨ་ཁུ་ཨ་ནེ་ཚོར་རྒོལ་ལན་བསློགས་པ། ཡང་ན་ཨ་མ་མྱང་ཚ་དཀར་རྒྱན་ནི་ཆགས་སྡང་གི་རུས་ཐོན་ཞིང་། ཐོས་པ་དགའ་ནི་དམ་བཅའ་ཡིད་གཅགས་ཀྱིས་བརྩོན་འགྲུས་མཐར་ཕྱིན་པ་ཅན་དུ་སྣང་བརྙན་བཞེངས་འདུག
གཉིས། བདག་གི་ཁུ་བོ་ཡུ་ལེ།
སྐད་ཡིག་སློབ་ཁྲིད་བྱེད་གཞི་ལྟར་ན། སློབ་ཚན་འདི་ལ་ཕྱོགས་གཉིས་ཀྱི་སྒོ་ནས་བཤད་འདུག་སྟེ། གཅིག སློབ་ཚན་ངོ་སྤྲོད(མི་སྣ། ཁོར་ཡུག ཁ་བྱང་།) གཉིས། རྩོམ་སྟངས་ཀྱི་ཁྱད་ཆོས(མི་སྣའི་ཉམས་འགྱུར་དང་སྐད་ཆ། གྱ་གྱུ་ལྡན་པའི་བྱུང་རིམ་དང་ཁྱད་མཚར་བའི་བློས་བསླང་།)ལ་འཕྲོས་བཤད་བྱས་ཡོད་པ་ལས་གཞན་ཅང་གླེང་མི་འདུག འདིར་སྒྲུང་གཏམ་གྱི་རྨང་གཞིའི་ཤེས་བྱ་དོན་གྱི་བྱུང་རིམ་གྱི་རྩ་དོན་དང་འབྲེལ་ནས་ཚན་པ་ཁག་བགོ་ཡི་དབྱེ་ཞིབ་ཅིག་བྱས་ན།
ཀ སློབ་ཚན་དབྱེ་ཞིབ།
སློབ་ཚན་འདི་ཁྱོན་ཚན་པ་བཞི་བཅུ་ཞེ་གསུམ་གྱིས་གྲུབ་ཡོད་པ་རེད། དོན་གྱི་བྱུང་རིམ་ལྟར་ན། རྩོམ་འདི་ཁག་བཞི་རུ་བགོ་ཆོག་སྟེ། ཁག་དང་པོ་ནི། ཚན་པ
1-3ཡུ་ལེར་རེ་སྒུག་བྱེད་པ། ཧྥེ་ལི་ཕུ་ཁྱིམ་ཚང་གི་འཚོ་བའི་གནས་བབས་ཞན་ནའང་། གཟའ་ཉི་མར་རྟག་ཏུ་བཟའ་མི་ཚང་མ་གཟབ་མཆོར་སྤྲོས་ཏེ་མཚོ་ཁར་སྤྲོ་འཆམ་དུ་འགྲོ་བ། ཁུ་བོ་ཡུ་ལེ་ཕྱི་རྒྱལ་ནས་སྔ་ཙམ་དུ་ལོག་ཡོང་བར་རེ་སྒུག་བྱེད་པ། བྱུང་རིམ་ལྟར་ན་མགོ་རྩོམ་པའོ། ། ཁག་གཉིས་པ་ནི། ཚན་པ4-16ཡུ་ལེར་བསྔགས་པ། བསྡུར་བའི་ཐབས་ཀྱིས་ཁུ་བོ་ཡུ་ལེ་ཨ་རི་ལ་མ་སོང་སྔོན་དུ་དམོད་ཡུལ་དང་སོང་རྗེས་བསྔགས་ཡུལ་དུ་གྱུར་ཚུལ་བྲིས། བྱུང་རིམ་ལྟར་ན་འཕེལ་རྒྱས་སུ་འགྲོ་བའོ། ། ཁག་གསུམ་པ་ནི། ཚན་པ17-41ཡུ་ལེར་དངོས་འཕྲད། དེ་འབྲེལ་ཕ་མའི་བྱ་བྱེད་དང་ཁ་བརྡ་ལས་རེ་ཆད་བྱུང་བ། ལུས་ཉམས་དང་ངག་ཉམས་ལས་མི་སྣའི་སྣང་བརྙན་བཞེངས་པ། བྱུང་རིམ་ལྟར་ན་མཐོ་རླབས་སུ་འཕྱུར་བའོ། ། ཁག་བཞི་པ་ནི། ཚན་པ42-43ཡུ་ལེར་བྱོལ་བ། གྲུ་གཟིངས་གཞན་ཞིག་ལ་བསྡད་ནས་ཕྱིར་ལོག་པ། བྱུང་རིམ་ལྟར་ན་མཇུག་བསྡུ་བའོ། །

ཁ། བརྗོད་སྙིང་ངོས་འཛིན།

གྲོང་ཁྱེར་ན་འཚོ་བའི་དབུལ་ཁྱིམ་ཞིག་གི་འཚོ་བ་ངན་ངོན་དང“སྒོར་མོ”ལ་བཟུང་བའི་འདུ་ཤེས་ལས། ཨ་ཕའི་ནུ་བོའམ་རང་གི་ཁུ་བོ་ལ་བཟུང་བའི་ལྟ་སྟངས་ལ་འགྱུར་ལྡོག་བྱུང་ཚུལ་བྲིས་པ་བརྒྱུད། མི་དང་མི་བར་གྱི་འབྲེལ་བ་སྒོར་མོས་ཐག་གཅོད་པའི་འདུ་ཤེས་དང་ལྟ་སྟངས་ལ་དགག་པ་བྱས་འདུག

སྒྲུང་ནང་གི་མི་སྣ་གཙོ་བོ་ཧྥེ་ལི་ཕུ་ཁྱོ་ཤུག་གམ་བདག་གི་ཨ་ཕ་ཨ་མ་གཉིས་ཀྱིས་བདག་གི་ཁུ་བོ་ཡུ་ལེར་བཟུང་བའི་ལྟ་སྟངས་ལྟར་ན། བྱུང་རིམ་གྱི་གཞུང་ཐིག་གཙོ་བོ་ཞིག་གྲུབ་ངེས་པ་ནི། རེ་སྒུག/ཡིད་སྒུག--རེ་བསྔགས/ཡིད་བསྔགས--རེ་ཆད/ཡིད་ཆད--རེ་བྱོལ/ཡིད་བྱོལ་ལོ། །

གསུམ། སོ་ནམ་པ་དང་རྒྱལ་པོ་གཏུམ་པོ།

སློབ་དེབ་ཀྱི་ཆ་རྐྱེན་ལྟར་ན། སློབ་ཚན་འདི་ནི་རང་ཀློག་ལ་བཀོད་སྒྲིག་བྱས་འདུག་ཅིང་། སློབ་ཁྲིད་བྱེད་གཞི་ལ་ཡང་འདིའི་སྐོར་ནས་ཅི་ཡང་བཀོད་མི་འདུག ཡིན་ཡང་། སྡེ་ཚན་འདིའི་དགོངས་གཞི་ཉག་གཅིག་ནི་སྒྲུང་གཏམ་ལ་བབས་ཡོད་པ་དང་གཅིག སློབ་ཚན་འདི་ནི་གནའ་གཏམ་སྟེ་བོད་རང་གི《མི་རོ་རྩེ་སྒྲུང》ལས་བདམས་པ་ཡིན་པས་གཞོན་ནུ་ཚོའི་ཡིད་ཀྱི་དང་བ་འདྲེན་ཐུབ་པ་དང་གཉིས། སློབ་ཚན་འདི་ནི་གནའ་གཏམ་མམ་གཏམ་རྒྱུད་ཡིན་རུང་སྒྲུང་གཏམ་གྱི་བྱུང་རིམ་ལྟར་ཚན་པ་ཁག་བགོ་ཡི་དབྱེ་ཞིབ་བྱ་ཆོག་པས། གསར་དར་གནའ་བཀོལ་གྱི་ངོ་ཆེ་བ་དང་གསུམ་གྱི་དབང་གིས་དབྱེ་ཞིབ་བྱ་འདོད།

ཀ སློབ་ཚན་དབྱེ་ཞིབ།

སློབ་ཚན་འདི་ཁྱོན་བསྡོམས་ཚན་པ་དྲུག་གིས་གྲུབ་ཡོད་ཅིང། དོན་གྱི་བྱུང་རིམ་ལྟར་ན། སློབ་ཚན་འདི་ནི་ཁག་བཞི་རུ་དབྱེ་ཆོག་སྟེ། ཁག་དང་པོ་ནི། ཚན་པ1རྒྱལ་པོས་ཞིང་པ་དབུལ་བོ་ཡུལ་ཕུད་བཏང་བ། མགོ་རྩོམ་པ། ཁག་གཉིས་པ་ནི། ཚན་པ2-4རང་རྐྱེན་དང་གཞན་རྐྱེན་སྟེས་དབང་ལས། དངོས་པོ་བྱིན་ཅན་གསེར་ཕོར་རྙེད་ཅིང་བཀྲེས་སྐོམ་གྱི་སྡུག་བསྔལ་མྱང་མི་དགོས་པར་གྱུར་པ། འཕེལ་རྒྱས། ཁག་གསུམ་པ་ནི། ཚན་པ5ལས་དབང་གཅིག་ཅིང་རང་རང་ལ་དངོས་པོ་བྱིན་ཅན་རེ་ཡོད་པའི་མི་གསུམ་ལ་ཕྲད་པ་ལྟར་སྤུན་བསྒྲིགས་ཤིང་རྒྱལ་པོ་ལ་རྒོལ་ལན་སྤྲོད་པའི་གྲ་སྒྲིག་བྱས་པ། མཐོ་རླབས་སུ་འཕྱུར་བ། ཁག་བཞི་པ་ནི། ཚན་པ6སྤུན་གྲོགས་སོ་སོའི་དངོས་པོ་བྱིན་ཅན་གྱི་ནུས་པ་ལྟར་དམག་བཅོམ་ཞིང་རྒྱལ་པོ་བསད་དེ་ཡ་ལན་སྤྲད་པ། མཇུག་བསྡུ་བའོ། །
ཡང་འགྲེལ་ཚུལ་གཞན་ཞིག་ཟུར་ལྟ་ལ་ཕུལ་ན། མི་སྣ་ལ་དབང་ཡོད་དང་དབང་མེད་དེ་རྒྱལ་པོ་ངན་པ་དང་ཞིང་པ་དབུལ་བོ་གཉིས་སུ་བལྟས་ཆོག འདི་གཉིས་ཀྱི་འབྲེལ་བ་གྲུབ་ལུགས་ནི་འདི་ལྟ་སྟེ། དབང་ཡོད་ཀྱིས་དབང་མེད་ལ།

དང་པོར། ཆད་པ།→ཡུལ་སྤྱུགས། གནས་ངེས་མེད་འགྲིམས། བཀྲེས་སྐོམ་མྱོང་།

གཉིས་པར། སྟེས་དབང་།→དངོས་པོ་བྱིན་ཅན་ཐོབ་པ། (གསེར་ཕོར་རྙེད་པ)

གསུམ་པར། གྲོགས་རམ་འཐོབ་པ།→སྤུན་བསྒྲིགས་པ། (སྐོར་དབྱུག་བཟུང་མི། ལྕགས་ཀྱི་ཐོ་བ་འཁུར་མི། ར་ལྤགས་འཁུར་མི)

མཐའ་མར། ཆད་པ་ལྡོག་པ།→རྒྱལ་པོ་ངན་པ་ལ་ཡ་ལན་སྤྲད་པ་བཅས་སོ། ། འདི་ཡང་དཀྱུས་གཅིག་ཏུ་བཀོད་ན། ཆད་པ→དངོས་པོ་བྱིན་ཅན→རོགས་རམ→ཆད་པ།

ཁ། བརྗོད་སྙིང་ངོས་འཛིན།

ཞིང་པ་དབུལ་བོས་སྤུན་གྲོགས་བསྒྲིགས་ཏེ་ཕྱིར་རང་ལ་ཆད་པ་གཅོད་པའི་རྒྱལ་པོ་ངན་པ་ལ་ཡ་ལན་སྤྲད་ཚུལ་བཤད་འདུག

བཞི། མའེ་ཇིའི་ལེགས་སྐྱེས།

སྐད་ཡིིག་སློབ་ཁྲིད་བྱེད་གཞི་ལྟར་ན། སློབ་ཚན་ངོ་སྤྲོད་ལ་ཕྱོགས་བཞི་སྟེ། གཅིག སྒྲུང་གཏམ་གྱི་བྱུང་རིམ། གཉིས། མི་སྣ། གསུམ། རྩོམ་སྟངས་ཀྱི་ཁྱད་ཆོས། (ཁྱད་མཚར་བའི་བློས་བསླངས། བྱུང་རིམ་ཞིབ་ཕྲ་མང་པོ་ཞིབ་འབྲི་བྱས་པ། ཉན་སྤྲོ་ཞིང་དགོད་བྲོ་བའི་སྐད་ཆ། གཏམ་རྒྱུད་བཤད་པ་ལྟ་བུའི་ཞིབ་བརྗོད) བཞི། བརྗོད་བྱའི་བསྟན་དོན་བཅས་ཀྱི་ཐད་ནས་ཐར་ཐོར་དུ་སྤྲོས་ཡོད་པ་ལས། སྒྲུང་གཏམ་གྱི་རྨང་གཞིའི་ཤེས་བྱ་དང་དངོས་དཔེ་སློབ་ཚན་གཉིས་ཕན་ཚུན་མཐུན་སྦྱོར་གྱིས་དབྱེ་ཞིབ་བྱས་མི་འདུག དེར་སློབ་ཚན་འདི་སྒྲུང་གཏམ་ཡིན་པ་གཞིར་བཞག་གི་སྟེང་ནས་དེའི་རྒྱུན་ཤེས་ཀྱི་སྒྲོམ་གཞི་ལ་བཅོལ་ནས་དབྱེ་ཞིབ་བྱ་བ་ལ།

ཀ སློབ་ཚན་དབྱེ་ཞིབ།

སློབ་ཚན་འདི་ཁྱོན་བསྡོམས་ཚན་པ་བཞི་བཅུ་ཞེ་གཅིག་གིས་གྲུབ་ཡོད་པ་དང། དེར་སློབ་ཚན་གྱི་སྤྱི་ཁོག་ལྟར་ན། རྩོམ་འདི་ཁག་གསུམ་དུ་བགོ་ཆོག་སྟེ། ཁག་དང་པོ་ནི། ཚན་པ1-20དམིགས་བསལ་གྱི་ཉིན་མོ་སྟེ་ཡེ་ཤུའི་འཁྲུངས་སྐར་གྱི་སྔ་ཉིན་ལ། ལྡེ་ལྷས་རང་གི་ཁྱོ་ག་ཇེམ་ལ་ལེགས་སྐྱེས་ཉོས་པའི་སྔ་ཕྱི་བར་གསུམ་གྱི་འདུ་བྱེད། (མི་སྣ་ཡིན་པའི་ངོས་ནས་ལྡེ་ལྷའི་བྱ་སྤྱོད་དང་སེམས་ཁམས་དང་བྱད་གཟུགས་དང་ཉམས་འགྱུར་བཅས་བྲིས་པ། ཁོར་ཡུག་གམ་གནས་ཏེ་ཁང་བའི་བཀོད་པ་བར་བཅུག་གིས་བྲིས་པ། དོན་དག་གི་བྱུང་རིམ་སྟེ་སྒོར་མོ་བརྩིས་པ། ལེགས་སྐྱེས་ཉོ་བསམ་པ། སྐྲ་བཤིག་པ། སྐྲ་ལོ་བཙོང་བ། ལེགས་སྐྱེས་ཉོས་པ)ལྡེ་ལྷ་གཅིག་པུའི་འདུ་བྱེད་བྲིས། ཁག་གཉིས་པ་ནི། ཚན་པ21-40མི་སྣ་ཇེམ་རྩོམ་ལ་དངོས་སུ་སླེབས་ཤིང་ལས་ཀ་གྲོལ་ནས་ཁྱིམ་དུ་ལོག་པའི་ཚེ། ཡེ་ཤུའི་འཁྲུངས་སྐར་ཉིན་ཁྱོ་ཤུག་ཕན་ཚུན་ཁ་བརྡ་དང་དེ་འབྲེལ་གྱི་རྣམ་འགྱུར་ལས་ཕན་ཚུན་ལ་ལེགས་སྐྱེས་འབུལ་རེས་བྱས་པ་ལ། སྟབས་མ་ལེགས་པའི་སྟབས་ཉེས་ཤོར་ཚུལ་བྲིས། འདི་ནི་མི་སྣའི་ཁ་བརྡ་དང་རྣམ་འགྱུར་གཙོ་བོར་བཟུང་ནས་སྤྲོས་འདུག ཁྱོ་ཤུག་ཕན་ཚུན་ངོ་ཕྲད་པའི་འདུ་བྱེད་བྲིས། ཁག་གསུམ་པ་ནི། ཚན་པ41ཕན་ཚུན་ལེགས་སྐྱེས་འབུལ་བའི་ལོ་རྒྱུས་ཀྱི་ཁམས་ལ་དྲངས་ཏེ་ཆེས་བློ་རིག་བཀྲ་བ་ཡིན་པའི་གདེང་འཇོག་བྱས། རྩོམ་གྱི་མཇུག་བསྡུ་ཚུལ་ཁྱད་མཚར་བ་ཡིན། གདེང་འཇོག་གིས་མཇུག་བསྡུ་བ།

ཁ། བརྗོད་སྙིང་ངོས་འཛིན།

①ལྷད་མེད་ཀྱི་བརྩེ་དུང་ནི་ཆེས་བླ་ན་མེད་པ་དང་ཆེས་རིན་ཐང་བྲལ་བ། ཆེས་རྩ་ཆེ་བའི་ལེགས་སྐྱེས་སོ། །

②བརྩེ་དུང་གི་ཆེད་དུ་དཀའ་སྡུག་ཡོད་ཚད་བློས་གཏོང་ཐུབ་པའི་ན་གཞོན་ཁྱོ་ཤུག་ཟུང་གི་བྱ་སྤྱོད་ལ་ཡི་རང་བྱས་པ།

③དམིགས་བསལ་གྱི་ཉིན་མོར་སྟབས་མ་ལེགས་པའམ་སྟབས་ཉེས་ཤོར་ཡང་། ཕན་ཚུན་ལ་ལེ་བདའ་སྡུག་ཡུས་མེད་པ་ནི་ཡེ་ཤུ་ནས་མི་ལ་ཆེད་དུ་བསྩལ་བའི་རྩེད་མཚར་གྱི་ལེགས་སྐྱེས་ཡིན་པ་འདྲ་བ་ལྟར་སྤྲོས་པ།

ག དབྱེ་ཞིབ་འཕྲོས་བཤད།

སྒྲུང་གཏམ་གྱི་གྲུབ་ཆ་ནི་མི་སྣ་དང་བྱུང་རིམ་དང་ཁོར་ཡུག་བཅས་ཡིན་ལ། དེ་ལས་མི་སྣའི་སྣང་བརྙན་འབྲི་བཞེངས་བྱ་ཚུལ་ལ། བྱ་སྤྱོད་དང་སྐད་ཆ་དང་།

སེམས་ཁམས་དང་། བྱད་གཟུགས་དང་ཉམས་འགྱུར་བཅས་ཀྱི་ངོས་ནས་སོ། ། དོན་གྱི་བྱུང་རིམ་ལ་མགོ་རྩོམ་པ་དང་འཕེལ་རྒྱས་དང་། མཐོ་རླབས་དང་མཇུག་བསྡུ་བ་བཅས་བཞི་ཡོད། ཁོར་ཡུག་བཀོད་འབྲི་ལ་རང་བྱུང་ཁོར་ཡུག་དང་སྤྱི་ཚོགས་ཁོར་ཡུག་བཅས་གཉིས་ཡོད་པ་དང། སློབ་ཚན་འདི་ལ་མཚོན་ན། འདི་གསུམ་ལས་གང་གཙོ་བོར་བཟུང་ནས་བྲིས་ཡོད་ཅེ་ན། སྣ་གཅིག་དེ་གཙོ་བོར་བཟུང་ནས་བྲིས་པ་ཅན་མ་ཡིན་པས། མི་སྣ་ཁོ་ནའམ་བྱུང་རིམ་འབའ་ཞིག་གམ་ཁོར་ཡུག་ཤ་སྟག་གི་ངོས་ནས་དབྱེ་ཞིབ་བྱ་ཐབས་བྲལ། འོ་ན། ཇི་ལྟར་བྱ་ཞེ་ན། གསུམ་ག་ལྷན་སྦྲེལ་དང་ཟུང་འབྲེལ་གྱི་སྒོ་ནས་དབྱེ་ཞིབ་བྱས་ན་དོན་མཐུན་རེད་སྙམ།

རྩོམ་གྱི་སྤྱི་ཁོག་ལྟར་ན། སྒྲུང་གཏམ་འདི་ནི་སྟོད་ཆ་ལྡེ་ལྷའི་འདུ་བྱེད་ཀྱི་ཆ་དང་། སྨད་ཆ་ཁྱོ་ཤུག་ངོ་འཕྲད་ཀྱི་ཆ་བཅས་ཕྱོགས་གཉིས་ཀྱིས་གྲུབ་འདུག གལ་ཏེ་བར་ཆ་ཡོད་པའི་དབང་དུ་བཏང་ཚེ། འདི་ལ་ཇེམ་གྱི་འདུ་བྱེད་བྲི་དགོས་མོད། འོན་ཀྱང་། རྩོམ་འདིར་དེ་ལྟར་མ་བྲིས་པར་བསྐྱུངས་པའམ་སྐུང་བ་ནི་ཐབས་རྩལ་ཧ་ཅང་གལ་ཆེན་ཞིག་ཡིན་ཏེ། མཚམས་ལ་རེར་སྟོང་ཆའམ་སྦས་ཆ་དེས་ཀྱང་བརྗོད་པ་ཆེན་པོ་ཞིག་གི་དགེ་མཚན་ཐོན་ངེས་པས་སོོ། ། འདི་ནི་ཐབས་རྩལ་ལས་འཐོབ་པའི་རྩོམ་ཉམས་ཀྱི་མཛེས་སྡུག་ཅིག་ཡིན་པ་དང། འདི་དང་འདི་ལྟ་བུའི་ཐབས་རྩལ་ཁྱད་པར་བ་ལས་རྩོམ་པ་པོ་གང་དེ་ཕུལ་དུ་བྱུང་བ་ཡིན་མིན་ཧ་གོ་ཞིང་། གཞན་དང་མི་འདྲ་བའི་ཁྱད་ཆོས་ཀྱང་རང་བཞིན་གྱིས་འབུར་དུ་ཐོན་ངེས་ཡིན། ལྡེ་ལྷས་ལེགས་སྐྱེས་ཀྱི་ཆེད་དུ་རང་གི་ཁྱོ་ག་ལ་མཁོ་གལ་ཆེ་བ་ལྟར། རང་ཉིད་ཀྱིས་ཉོས་པའི་དུས་ཚོད་འདོགས་ཐག་དེ་ནིི་དཀྱུས་མ་ཞིག་གཏན་ནས་མ་ཡིན་པར། སེམས་ཚེགས་དང་ལུས་ཚེགས་དང་བློས་གཏོང་རབ་དང་རིམ་པ་བཏང་བའི་དཀའ་སྡུག་གི་ངལ་འབྲས་ཡིན་ལ། དེ་བཞིན་དུ་ཇེམ་གྱིས་ལྡེ་ལྷ་ལ་ལེགས་སྐྱེས་སྐྲ་ཤད་ཉོས་པའི་གོ་རིམ་ཡང་། ལྡེ་ལྷ་ནང་བཞིན་དཀའ་སྡུག་གི་ངལ་འབྲས་ཡིན་པ་གདོན་མི་ཟའོ། །
འོ་ན། ཁྱོ་ཤུག་འདི་གཉིས་ཀྱིས་ལེགས་སྐྱེས་ཤིག་ལ་དེ་ལྟར་དང་དོད་བླ་ལྷག་བྱ་དགོས་དོན་ག་རེ་ཡིན་ནམ་ཞེ་ན། རྩོམ་གྱི་ཁ་བྱང་དང་མཇུག་བསྡུ་ཚུལ་གང་ལ་བལྟས་ཀྱང་བརྡ་རྟགས་གསལ་བོ་ཞིག་བསྟན་ཡོད་དེ། དེ་ནི་ལྷས་གནང་བའི་རྟག་བརྟན་གྱི་བྱིན་རླབས་དང་ཡུན་གནས་ཀྱི་དྲན་རྟེན་ཡིན་པས་སོ། ། ཡེ་ཤུའི་འཁྲུངས་སྐར་ཉིན་ནང་འཁོར་ཕན་ཚུན་ལ་ལེགས་སྐྱེས་འབུལ་རེས་བྱེད་པ་ནི། ཡེ་ཤུ་ལ་དད་མཁན་གྱི་ཕྱི་གླིང་པ་ཚོའི་རིག་གནས་གོམས་སྲོལ་ཞིག་ཡིན་པ་དང། དེ་ལ་ལེགས་སྐྱེས་སྟེར་མཁན་གྱིས་སྟེར་ཡུལ་དེ་ཧ་ལས་ཧ་སང་དུ་འཇུག་པའི་མཚར་སྣང་བསྐྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་རེད། མཚར་སྣང་བསླང་ཐུབ་ཚེ་མིའི་དྲན་ངོས་ལས་ནམ་ཡང་བརྗེད་པ་མེད་ཅིང་རྟག་བརྟན་དུ་གནས་ངེས་པ་རེད། མི་ནི་མ་གཞི་ནས་བརྗེད་ངས་ཅན་ཡིན་མོད། དྲན་ཤེས་བསྟེན་ནས་དྲན་འཛིན་གཉེར་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཡིན་པ་ཚང་མས་གཞི་མཐུན་དུ་ལྟ་བ་རེད། དྲན་ངོས་སུ་འཇོག་ཐབས་ལ་རིགས་གཉིས་ཏེ། གཅིག་ནི་མནར་སྡུག་གིས་འཇོག་པ། ཅིག་ཤོས་ནི་མཚར་སྣང་གིས་འཇོག་པའོ། །

དེ་ལྟར་ན། ནམ་ཡང་དྲན་ངོགས་ནས་བསྙེལ་མི་སྲིད། གལ་ཏེ་རང་ག་བའམ་དཀྱུས་མ་ལྟར་ཡིན་ན། དྲན་ངོགས་ནས་ཡུན་རིང་དུ་འཛིན་མི་ཐུབ་པའམ་གནས་མི་ཐུབ་པར་སྐད་ཅིག་གིས་བསྙེལ་འགྲོ་བ་རེད། དེ་བས། ཕྱི་གླིང་པ་ཚོས་འདི་ལ་ཧ་ཅང་དང་དོད་བྱེད་པས་ན།ཁྱོ་ཤུག་གཉིས་ཀའི་ལེགས་སྐྱེས་ནི་ཕན་ཚུན་ལ་ཧ་ཅང་མཁོ་སྙེག་ཆེ་ཞིང་རིན་ཆེན་དུ་བསམ་ཡོད་པ་དེ་ཉོས་པ་ཡིན་ཡང་། མཇུག་འབྲས་ནི“སྟེས་དབང”(སློབ་དེབ་ཀྱི་སློབ་ཚན་འདིའི་མཇུག་ཏུ་བཀོད་ཡོད་པའི་སྦྱང་གཞི་ལྟར་ན། མཇུག་འབྲས་འདི་ལ་སྒྱུ་རྩལ་ཐད་ཀྱི་སྟེས་དབང་ཟེར་འདུག་མོད། དོན་གྱིས་འདི་ནི་སྟེས་དབང་མ་རེད།)མ་ཡིན་པ་དེ་ལས་ལྡོག་སྟེ།“སྟབས་མ་ལེགས་པའམ་སྟབས་ཉེས”ཡིན་པ་རེད། དེ་ལྟ་བས་ན། འདི་ཡང་ནམ་ཡང་བརྗེད་མེད་ཀྱི་ལེགས་སྐྱེས་རིགས་ཤིག་ཏུ་བསམ་ཆོག་གོ ། དེ་ལ་འདི་ལྟ་སྟེ། རྒྱུ་མཚན་གཅིག་ནི་ཁ་བྱང་དུ་བཀོད་པའི་མའེ་ཇིའི་ལེགས་སྐྱེས་ཞེས་པ་ནི་མ་གཞི་ནས་མཚོན་དོན་ཅན་ཞིག་རེད། སློབ་ཚན་གྱི་ཁ་བྱང་གི་ཞབས་མཆན་དུ།“མའེ་ཇི་ནི་ཡེ་ཤུ་མ་ཤུ་ཀ་སྐུ་བལྟམས་པའི་དུས་སུ་ཤར་ཕྱོགས་ནས་ཅེ་རུ་ས་ལེམ་དུ་ཡོང་སྟེ་ཁོང་ལ་ལེགས་སྐྱེས་ཕུལ་བའི་མི་ཤེས་པ་ཅན་གསུམ་ལ་ཟེར། མའེ་ཇིས་ཡེ་ཤུ་སྐུ་བལྟམས་པར་ཐོག་མར་ལེགས་སྐྱེས་འབུལ་བའི་སྲོལ་བཏོད་པའོ། །”ཞེས་པ་ལྟར། ལེགས་སྐྱེས་འདི་ནི་དགའ་མོས་དང་དད་འདུན་གྱི་ས་བོན་རང་རེད། རྒྱུ་མཚན་གཉིས་པ་ནི་སློབ་ཚན་གྱི་མཇུག་ཏུ།“ལེགས་སྐྱེས་ཕུལ་བའི་མི་ཡོད་ཚད་ཀྱི་ནང་ནས་མི་དེ་གཉིས་ནི་ཆེས་བློ་རིག་བཀྲ་བ་གཉིས་རེད་ལ། ལེགས་སྐྱེས་ལེན་པའི་མི་ཡོད་ཚད་ཀྱི་ནང་ནས་ཀྱང་མི་དེ་གཉིས་ནི་ཆེས་བློ་རིག་ལྡན་པ་གཉིས་རེད། ཡུལ་དང་ས་ཕྱོགས་གང་ཡིན་ཡང་། ཁོ་ཚོ་ནི་ཆེས་བློ་རིག་བཀྲ་བ་དག་ཡིན་པས། མའེ་ཇི་ངོ་མ་ནི་ཁོ་ཚོ་རང་ཡིན་ནོ། །”
ཞེས་རྩོམ་མཇུག་བསྡུ་ཐབས་འདི་ནི་ལྷག་ཏུ་ཁྱད་འཕགས་སུ་མཐོང་སྟེ། བརྩེ་བའི་དབང་གིས་“སྟབས་མ་ལེགས་པའམ་སྟབས་ཉེས”ཤོར་རུང་། ཕན་ཚུན་ལ་ལེ་བདའ་དང་སྡུག་ཡུས་མེད་པར་བསམ་ཤེས་དང་དཀྱེལ་ཡངས་དང་བཟོད་སྒོམ་བྱ་བ་ནི། ལྷས་ཆེད་དུ་ང་ཚོ་མི་ལ་གནང་བའི་ཁྱད་འཕགས་ཀྱི་ལེགས་སྐྱེས་རིགས་ཤིག་ཏུ་བལྟས་དང་ལྟ་བཞིན་པས་སོ། ། དེ་བས། མའེ་ཇི་ངོ་མ་ནི་ཁོ་ཚོ་ཡིན་ནོ་ཞེས་རྟིང་ཐག་ཆོད་པའི་རྫོགས་ཚིག་བཀོད་པ་རང་རེད། དེ་ལྟར་འདི་ནི“སྟེས་དབང”རྩ་བ་ནས་མ་ཡིན་པར“སྟབས་ཉེས”ཤོར་བ་འབའ་ཞིག་གོ ། གཞན་བློས་བསླངས་བསམ་བཀོད་དབང་གིས་རྩོམ་གྱི་དགོས་མཁོ་ལྟར། ཇེམ་གྱིས་ལེགས་སྐྱེས་ཉོ་བའི་འདུ་བྱེད་ནི་བསྐྱར་ཟློས་མ་བྱས་པ་དང་།གཉིས་ཀ་ནས་དཀའ་ལས་གང་མང་མྱངས་ནས་ཉོས་པའི་ལེགས་སྐྱེས་ནི་མཇུག་ཏུ“སྟབས་མ་ལེགས་པའམ་སྟབས་ཉེས”སུ་ཤོར་ཏུ་བཅུག་པ་དག་ལ། རྩོམ་པ་པོས་ཆེད་དུ་བཀོད་སྒྲིག་བྱས་པའི་བཟོས་ཤུལ་མི་གསལ་བར་རང་བཞིན་ངང་ཐོན་རང་ཡིན་པས། རྩོམ་པ་པོ་ནི་བསམ་བཀོད་ཕུན་སུམ་ཚོགས་ཤིང་སྒྲུང་ཐུང་གསར་རྩོམ་བྱ་བ་ལ་ནང་བྱན་ཆུད་ཅིང་ཡུལ་སྲོལ་གོམས་གཤིས་ལ་ཐུགས་གཞིག་རྒྱ་ཆེར་སོང་ཡོད་པ་བཅོས་མིན་དུ་རྟོགས་ངེས་སོ། །
འདི་ནི་ད་གཟོད་རང་རེ་ཚོས་ཡང་ཡང་ཞིབ་ལྟ་བྱ་རུང་བའི་སྒྲུང་ཐུང་དཔེ་གཞི་ཆེས་གསོན་ཉམས་ལྡན་པ་དེ་རང་རེད་འདོད།

ལྔ། གཙུག་གཡུ།

སྐད་ཡིག་སློབ་ཁྲིད་བྱེད་གཞི་ལྟར་ན། རྩོམ་གྱི་སྤྱི་ཁོག་ངོ་སྤྲོད་དང་མི་སྣའི་རང་གཤིས་གསར་བཞེངས་བྱས་པ་གསོན་ཉམས་ལྡན་པ་ཞེས་ཕྱོགས་གཉིས་ནས་བཤད་འདུག དེ་གཉིས་ཀྱང་སློབ་ཚན་རང་མཚན་པ་ངོས་ནས་དབྱེ་ཞིབ་བྱས་པ་ལྟར་དུ་མ་ཡིན་པར། གཙུག་གཡུ་ཞེས་པའི་སྒྲུང་རིང་སྤྱི་ལྟར་དུ་འཕྲོས་པ་ལྟ་བུར་སྣང་། དོན་དངོས་སུ། སློབ་དེབ་དང་སྡེ་ཚན་གྱི་རེ་བ་ལྟར་ན། ང་ཚོ་ལ་མཁོ་བ་ནི་སྒྲུང་གཏམ་ལས་སྒྲུང་ཐུང་ཡིན་པ་རེད། ལྷག་ཏུ་སློབ་འབྲིང་སློབ་མ་ན་སོ་གཞོན་པ་ཚོར་སྒྲུང་གཏམ་གྱི་རྨང་གཞི་བརྟན་པོ་གཞག་དགོས་པའི་དམིགས་འབེན་ནི་གསལ་བོ་ཡིན་པས། གཙུག་གཡུ་སྒྲུང་རིང་ལས་བཟོ་བཅོས་ཀྱིས་སློབ་ཚན་ལ་བདམས་པའི་སྒྲུང་ཐུང་གཙུག་གཡུའི་ངོས་ནས་གླེང་ན་འཚམ་པར་འདོད། དེ་བས། རྩོམ་དངོས་ལ་གཞིགས་ནས་བཤད་ན། སློབ་ཚན་འདི་ལ་སྒྲུང་གཏམ་གྱི་བྱུང་རིམ་ལྟར་དབྱེ་ཞིབ་བྱ་མི་ཐུབ་ལ། མི་སྣའི་སྣང་བརྙན་གྱི་སྒོ་ནས་ཀྱང་བྱ་མི་ཐུབ་པར་མི་འདུག འོ་ན། ཇི་ལྟར་བྱ་ཟེར་ན། ཏག་ཏག་རྩོམ་ཐབས་དང་ནང་གནས་འབྲེལ་བ་ལས་བྱ་དགོས་པར་འདོད།

ཀ སློབ་ཚན་དབྱེ་ཞིབ།

སློབ་ཚན་འདི་ཁྱོན་བསྡོམས་ཚན་པ་བཅུ་ཡིས་གྲུབ་ཡོད་པ་དང། རྩོམ་ཐབས་དང་ནང་གནས་འབྲེལ་བ་ལྟར་ན། རྩོམ་འདི་ཁག་གཉིས་སུ་དབྱེ་ཆོག་སྟེ། ཁག་དང་པོ་ནི། ཚན་པ1-5ནད་ཀྱིས་མནར་བའིཨ་ཕ་ཕུན་ཚོགས་ཀྱིས་ཁ་ཆེམས་ཀྱི་ཚུལ་དུ། བུ་དཔལ་ལྡན་ལ་འདས་དོན་ཞིབ་བཤད་བྱས། ཁག་གཉིས་པ་ནི། ཚན་པ6-10ཨ་ཕ་ནད་ཀྱིས་གཙེས་ཏེ་ཚེ་ལས་འདས། བུས་ཁ་ཆེམས་ལྟར་དགྲ་ཤ་ལེན་པའི་དམ་བཅའ་སྐྱབས་འཇུག་ཞུས།

ཁ། བརྗོད་སྙིང་ངོས་འཛིན།

ཨ་ཕའི་ཁ་ཆེམས་ལྟར་བུས་རང་གི་སྐྱེས་ཁུངས་སོགས་རྒྱུ་མཚན་གསལ་བོར་ཤེས་ཤིང་། ཨ་ཕ་ཚེ་ལས་འདས་པ་བརྒྱུད་དགྲ་ཤ་ལེན་རྒྱུ་དམ་བཅའ་སྨོན་ལམ་ཞུ་བ།

ག དབྱེ་ཞིབ་འཕྲོས་བཤད།

སྐད་ཡིག་སློབ་ཁྲིད་བྱེད་གཞི་ལྟར་ན། རྩོམ་འདི་ནི་མི་སྣའི་གཏམ་གླེངསྟེ། མི་སྣ་བར་གྱི་ཁ་བརྡ་ལས་མི་སྣའི་སྣང་བརྙན་གསར་བཞེངས་བྱས་ཡོད་པར་བཤད་འདུག ཡིན་ཡང་། ཚན་བཤུས་ཀྱི་སློབ་ཚན་དངོས་མ་འདི་ལ་མི་སྣ་བར་གྱི་ཁ་བརྡ་ལ་དེ་འདྲ་དང་དོད་གཙིགས་ཆེན་བྱས་མེད། རྩོམ་རང་ངོས་ཀྱི་སྟོད་ཀྱི་ཆ་ལ་ཁ་ཆེམས་ཀྱི་ཚུལ་དུ། ཨ་ཕས་ཕྱིར་དྲན་གྱི་སྒོ་ནས་འདས་དོན་བུ་ལ་བཤད་པ་གཙོ་བོར་བཟུང་འདུག དེ་ནི་ཕས་བཤད་བུས་ཉན་པའི་བཤད་ཉན་ཡིན་པ་ལས་མི་སྣ་ཕན་ཚུན་བར་གྱི་ཁ་བརྡ་སྟེ་ཕར་གླེང་ཚུར་གླེང་ཅན་མ་རེད། ལྷག་ཏུ་འདི་ནི་མའེ་ཇིའི་ལེགས་སྐྱེས་ཞེས་པའི་སྒྲུང་ཐུང་དེའི་སྨད་ཆ་སྟེ། ཁྱོ་ཤུག་དངོས་འཕྲད་ནི་ཏག་ཏག་མི་སྣའི་ཁ་བརྡ་གཙོ་བོར་བཟུང་ཡོད་པ་དང་བསྡུར་ན་ཧ་གོ་ཡོང་། གཞན་ཞིག་ནི། སྐད་ཡིག་སློབ་དེབ་ཀྱི་སྟོད་ཆའི་ཡུལ་སྐོར་ཟིན་ཐོ་སྡེ་ཚན་ནང་དུ། རྒྱ་བོད་མཐུན་ལམ་གྱི་ལོ་རྒྱུས་དཔང་རྟགས-དཔལ་ཞྭ་ལུ་གསེར་ཁང་ལ་ལྟ་སྐོར་དུ་ཕྱིན་པའི་མཐོང་ཐོས་ཞེས་པ་ནི། དོན་གྱིས་གཞན་བཤད་རང་ཉན་གྱི་ཉན་ཐོ་ཡིན་པས་དེ་དང་ཆ་འདྲ་བ་མ་ཡིན་ནམ། དེ་དང་ཆབས་ཅིག དཔེ་ཚབ་སྤྲོད་པ་ཞེས་པའི་སློབ་ཚན་དེ་ཡང་། ཚན་བཤུས་ཀྱི་སྒྲུང་ཐུང་གཙུག་གཡུ་འདི་དང་ཆ་འདྲ་སྟེ། རྩོམ་ཧྲིལ་བོ་ནི་འདས་དོན་ཕྱིར་དྲན་བྱེད་པ་གཙོ་བོར་བཟུང་འདུག་པས། ཁ་ཁེར་དབྱེ་ཞིབ་བྱ་དགོས་དོན་ཅང་མ་མཆིས།

དྲུག ཁུང་དབྱི་ཅི།

སྐད་ཡིག་སློབ་ཁྲིད་བྱེད་གཞི་ལྟར་ན། སློབ་ཚན་ངོ་སྤྲོད་ལ། གཅིག མི་སྣའི་སྣང་བརྙན། (རྗེས་ལུས་པ། གཤིས་ཀའི་སྐྱོན་ཆ།) གཉིས། གོ་མེད་ཚོར་མེད་ཀྱི་སྤྱི་ཚོགས་ཁོར་ཡུག གསུམ། བརྗོད་བྱའི་བསྟན་དོན། བཞི། རྩོམ་སྟངས་ཀྱི་ཁྱད་ཆོས་བཅས་སུ་སྤྲོས་ཡོད་པ་ལས་རྩོམ་ཧྲིལ་བོའི་ངོས་ནས་དབྱེ་ཞིབ་བྱས་མི་འདུག དེར་སློབ་ཚན་འདི་རྩོམ་ཧྲིལ་བོ་གཅིག་ཡིན་པའི་ངོས་ནས་ཚན་པ་ཁག་བགོ་དབྱེ་ཞིབ་བྱ་ཐབས་ལག་ཏུ་བསྟར་བ་ལ།

ཀ སློབ་ཚན་དབྱེ་ཞིབ།

སློབ་ཚན་འདི་ཁྱོན་ཚན་པ་བཅུ་གཉིས་ཀྱིས་གྲུབ་ཡོད་པ་དང། དེར་དོན་གྱི་བྱུང་རིམ་ལྟར་ན། རྩོམ་འདི་ཁག་བཞི་རུ་བགོ་ཆོག་སྟེ། ཁག་དང་པོ་ནི། ཚན་པ1-2 དོན་དག་བྱུང་ཡུལ་དང་ལྟ་མཁན“ང”ངོ་སྤྲོད་པ་སྟེ་གནས་ཆང་ཁང་དང་ལྟ་མཁན“ང”ནི་རང་ལོ་བཅུ་གཉིས་ཡིན་པར་བཤད་པ། མགོ་རྩོམ་པ། གད་མོ་དགོད། ཁག་གཉིས་པ་ནི། ཚན་པ3-8མི་སྣ་གཙོ་བོ་ཁུང་དབྱི་ཅིའི་སྣང་བརྙན་ནི་གཟུགས་བྱད་དང་རྣམ་འགྱུར་དང་སྐད་ཆ་བཅས་ཀྱི་སྒོ་ནས་འབྲི་བཞེངས་བྱས། ལྟ་མཁན་དགོད་མཁན“གཞན་དག”དང་ལྟ་ཡུལ་དགོད་ཡུལ
“ཁུང་དབྱི་ཅི”མི་མངོན་པའི་ཁོར་ཡུག་གི་ཚུལ་དུ་གྱུར་པའི་མཁའ་དབུགས་ནི་དགོད་སྒྲ། (དགོད་མཁན་གྱིས་དགོད་ཡུལ་ལ་འཕྱ་དགོད།) འཕེལ་རྒྱས། ཁག་གསུམ་པ་ནི། ཚན་པ9-10མི་སྣ་གཙོ་བོ་ཁུང་དབྱི་ཅིའི་རྐང་པ་བཅག་པ་ལ་ལག་པར་བརྟེན་ཅིང་ལུས་སྨད་དྲུད་པ། མི་མངོན་པའི་ཁོར་ཡུག་གི་ཚུལ་དུ་གྱུར་པའི་མཁའ་དབུགས་ནི་དགོད་སྒྲ། (དགོད་མཁན་གྱིས་དགོད་ཡུལ་ལ་འཕྱ་དགོད།) མཐོ་རླབས། ཁག་བཞི་པ་ནི། ཚན་པ11-12

མི་སྣ་གཙོ་བོ་ཁུང་དབྱི་ཅི་ནི་ལྟ་མཁན་ང་དང་སྦྱིན་བདག་གི་མཐོང་ཡུལ་དུ་མ་གྱུར་པ། མཇུག་བསྡུ་བ།

ཁ། བརྗོད་སྙིང་ངོས་འཛིན།

ཁུང་དབྱི་ཅི་ཞེས་པའི་མི་སྣའི་སྣང་བརྙན་སྐྱོ་ཞིང་སྡུག་ལ་དགོད་བྲོ་བར་འབྲི་བཞེངས་བྱས་པ་བརྒྱུད།

①བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ལམ་ལུགས་ཀྱིས་མི་རྣམས་མགོ་རྨོངས་རུལ་སུངས་ལ་བསྐྱེད་པར་དགག་པར་འདོད།

②ཚན་འབྱེད་རྒྱུགས་འདེམ་ལམ་ལུགས་ལ་ཐེར་འདོན་དང་སུན་འབྱིན་བྱས་ཡོད་པར་འདོད།

③ཁུང་དབྱི་ཅིའི་སྐྱོ་ཉམས་ལས་ཀྲུང་གོའི་རྒྱལ་དམངས་ཀྱི་ངན་གཤིས་ལ་དགག་པར་འདོད།

གང་ལྟར། ཁུང་དབྱི་ཅིས་ང་ཚོ་ལ་སྦྱིན་པ་ནི། སྐྱོ་ཞིང་ཉམ་ང་ལ་སྡུག་ཅིང་དགོད་བྲོ་བ། སྡང་ཞིང་སྐྱོ་ལ་སྐྱོ་ཞིང་སྡང་བའི་སེམས་འགྱུ་ངེས་མེད་དུ་འཕྱོ་བ་དེའོ། །

ག དབྱེ་ཞིབ་འཕྲོས་བཤད།

སློབ་དེབ་ཏུ་བཀོད་པའི་བོད་འགྱུར་མའི་སློབ་ཚན་ལ་ཚན་པ་བཅུ་གཉིས་མ་གཏོགས་མི་འདུག ཡིན་ཡང་། རྒྱ་ཡིག་གི་མ་རྩོམ་ངོ་མ་ལྟར་ན། སྒྲུང་ཐུང་འདི་ལ་ཚན་པ་བཅུ་གསུམ་འདུག གནད་དོན་འདི་གང་ན་བྱུང་ཡོད་པ་རེད་ཟེར་ན། བོད་འགྱུར་མའི་ཚན་པ་གཉིས་པ་དང་གསུམ་པའི་མཚམས་ན་བྱུང་འདུག་པ་རེད། རྒྱ་ཡིག་གི་མ་རྩོམ་ལྟར་ན། བོད་འགྱུར་མའི་ཚན་པ་གཉིས་པའི་རྗེས་མ་ལ་ཡོད་པའི“དེ་ནས་བཟུང་ང་རང་ཉིན་ཧྲིལ་བོར་སྟེགས་སྒམ་གྱི་ནང་རོལ་ཏུ་ལངས་ཏེ … …། དོན་འདི་ད་ལྟའི་བར་དུ་མ་བརྗེད་པར་འདུག”ཅེས་པ་ནི་རང་གྲུབ་ཚན་པ་རང་རྐྱ་བ་ཞིག་ཡིན་པ་དང། རགས་པའི་དབང་དུ་བྱས་ན། བོད་འགྱུར་མ་ལ་ཚན་པ་འདི་ཁ་ཁར་མ་བཞག་པར་ཚན་པ་གཉིས་པའི་རྗེས་ལ་མཐུད་པ་ནི་མི་སྐྱོན་མོད། ཡིན་ཡང་། རྩོམ་ལ་ཞིབ་ཏུ་ལྟ་མཁན་ཞིག་གིས་བལྟས་ན་དེ་ནི་སྐྱོན་ཆེན་པོ་ཞིག་ཏུ་མཐོང་ངེེས། རྒྱུ་མཚན། ༡.རྩོམ་འདི་འབྲི་མཁན་ལུའུ་ཞུན་གྱི་ངོས་ནས་བཤད་ན། མ་གཞིར་རྩོམ་གང་དང་གང་ལ་ཡང་ཚིག་ཐུང་དོན་འདུས་ཅན་གྱི་ཚན་པ་ཐུང་ཐུང་ཅན་དུ་བྱེད་པ་ལ་བརྩོན་པ་རེད། ༢.འཛམ་གླིང་གི་སྒྲུང་ཐུང་རྩོམ་མཁན་གྲགས་ཅན་ཏེ། ཨུ་རུ་སུའི་ཆི་ཁི་ཧྥུ་དང་། ཧྥ་རན་སེའི་མོ་པོ་སང་དང་། ཨ་རིའི་ཨོ•ཧེང་རེས་གསུམ་གྱི་སྒྲུང་ཐུང་ཚང་མར་ཚིག་ཐུང་ཚན་ཐུང་གི་ཆོས་ཉིད་ལྡན་པ་རེད། དཔེར་ན། ཁོང་ཚོ་རེ་རེ་བཞིན་གྱི་བརྩམས་ཆོས་ལས། ང་ཚོས་སྦྱངས་ཟིན་པ་ལྟར་གྱི་ཆ་རྒྱུས་ཡོད་པ་སྟེ། མདོག་འགྱུར་ད་བྱིད་དང་། བདག་གི་ཁུ་བོ་ཡུ་ལེ་དང་། མའེ་ཇིའི་ལེགས་སྐྱེས་བཅས་ལ་བལྟས་ན་ཧ་ཅང་ལས་སླ་བོར་ཤེས་སྲིད། ༣.སློབ་ཚན་འདི་ལ་ཚན་པ་ཁག་བགོ་ཡི་དབྱེ་ཞིབ་ལག་བསྟར་དུ་བླངས་ན། དེ་ནི་ཚན་པ་རང་རྐྱ་བ་ཞིག་ཡིན་དགོས་པའི་དོན་གནད་ཧ་ཅང་ཆེ་བ་རེད་དེ། རྩོམ་གྱི་རིགས་ལམ་ནི། ཐོག་མར། རྩོམ་མགོ་ལ་གནས་དང་ང་ངོ་སྤྲོད། གཉིས་པར། རྩོམ་གཞུང་ལ་མི་སྣ་གཙོ་བོ་འབྲི་བཞེངས། མཐའ་མར། རྩོམ་མཇུག་ལ་མི་སྣ་གཙོ་བོ་ངའི་མཐོང་ལམ་དུ་མ་མངོན་པ་བཅས་ཀྱིས་ཡིན་པས་སོ། ། ༤.ཚན་པ་རང་རྐྱ་བ་དེའི་ཁྱད་ཆོས་སམ་ནུས་པ་གཙོ་བོ་ནི། མི་སྣ་གཙོ་བོ་ཁུང་དབྱི་ཅི་གནས་ཚུལ་ག་འདྲ་ཞིག་གི་འོག་ཏུ་ངའི་མཐོང་ལམ་དུ་མངོན་པའི་ཚུལ་ཏེ། རྩོམ་ནང་དུ་དངོས་སུ་འདྲེན་པའི་སྒོ་མོ་ལྟ་བུར་གྱུར་ཡོད་པ་རེད། ༥.རྩོམ་འདིའི་ཐབས་རྩལ་ཁྱད་པར་བ་སྟེ།“ང”ཡི་མཐོང་ཐོས་མྱོང་གསུམ་བྲིས་པའི་སྒོ་ནས
“ང”གཉིས་མངོན་ཡོད་དེ། འདས་དོན་ཕྱིར་དྲན་གྱི་ངང་ན་གནས་པ་སྟེ་རྩོམ་འདི་འབྲི་དུས་ཀྱི་ང་དང་ཆང་ཁང་གི་ལག་གཡོག་ཡིན་དུས་ཏེ། ཁུང་དབྱི་ཅི་དངོས་སུ་མཐོང་དུས་ཀྱི་རང་ལོ་བཅུ་གཉིས་སྟེང་གི་ངའོ། ། དེ་ལྟར་ན། གནད་འགག་འདི་ལ་ཡིད་འཇོག་བྱ་མི་བྱ་དེ་ཡང་ཚན་པ་རང་རྐྱ་བ་རུ་བཞག་མ་བཞག་ལས་རྣམ་འབྱེད་བྱ་ཐུབ་པས་སོ། ། མདོར་ན། རྒྱ་ཡིག་མ་རྩོམ་ལྟར་དུ་རང་གྲུབ་ཚན་པ་དེ་ནི། ཚན་པ་རང་རྐྱ་བ་ཞིག་ཏུ་བཞག་ནས་མི་བཅོས་མི་བསྒྱུར་མི་བསྐྱུང་བ་ཤིན་ཏུ་གལ་ཆེའོ། །

བདུན། བུ་མོ་མ་ཧཱ་མ་ཡ།

སྐད་ཡིག་སློབ་ཁྲིད་བྱེད་གཞི་ལྟར་ན། སློབ་ཚན་ངོ་སྤྲོད་ལ། གཅིག སྒྲུང་གཏམ་འདི་བརྩམས་པའི་ལོ་རྒྱུས་རྒྱབ་ལྗོངས། གཉིས། མི་སྣའི་སྣང་བརྙན། གསུམ། བསམ་བློ་རང་བཞིན། བཞི། རྩོམ་སྟངས་ཀྱི་ཁྱད་ཆོས་བཅས་ཕྱོགས་བཞི་ནས་སྤྲོས་འདུག ཡིན་ཡང་། སློབ་ཚན་འདི་རྩོམ་ཧྲིལ་བོ་ཞིག་གི་ངོས་ནས་དབྱེ་ཞིབ་བྱས་མི་འདུག འདིར་རྩོམ་ཧྲིལ་བོ་གཅིག་ལ་བལྟས་ཏེ་དབྱེ་ཞིབ་བྱ་བ་ལ་ཚན་པ་ཁག་བགོ་ལྟར་འགྲོ་ངེས།

ཀ སློབ་ཚན་དབྱེ་ཞིབ།

སློབ་ཚན་འདི་ལྟ་བུ་ནི། ཚན་པ་ཁག་བགོ་བྱ་རྒྱུ་ནི་ཧ་ཅང་སླ་སྟེ། རྩོམ་རང་ངོས་ན་གཅིག་གཉིས་གསུམ་ཞེས་བགོས་འདུག་པས། དེ་རེ་རེ་ནི་ཁག་རེ་རེར་བལྟས་ཆོག་པ་ལ། ཁག་གསུམ་དུ་དབྱེ་ཆོག ཁག་དང་པོ་ནི་གཅིག དོན་དག་ངོ་སྤྲོད། བརྩེ་དུང་ཅན། བརྩེ་དུང་དང་ལྡན་པའི་གཞོན་ནུ་ཕོ་མོ་གཉིས་ཀྱི་དུས་ཆད་ལྟར་ཁོ་གཉིས་ངོ་སྤྲོད་བྱས། ཁག་གཉིས་པ་ནི་གཉིས། བར་ཆད་བྱུང་བ། བུ་མོའི་ཕུ་བོས་ཁོ་གཉིས་ཀྱི་རྒྱུ་མཚན་ཤེས་རྗེས། བུ་མོ་དྭ་ཕྲུག་དེ་འཆི་ལ་ཉེ་བའི་བྲམ་ཟེ་བླ་མཆོད་དང་གཉེན་སྒྲིག་ཆོ་ག་སྤེལ་ཞིང་ཕྱི་ཉིན་མོ་ཡུགས་མོར་གྱུར། ཡུགས་མོ་ཁྱོ་གའི་པུར་དང་མཉམ་དུ་དུར་སྲེག་བྱས་པ། བུ་དེ་སྐྱོབ་པར་ཆས་དུས་དྲག་ཆར་རླུང་འཚུབ་ཁྲོད་མོ་ཁོའི་ཁྱིམ་ལ་སླེབས་ཤིང་ཁོ་གཉིས་བྲོས། ཁག་གསུམ་པ་ནི་གསུམ། འབྲས་བུ། མོ་པུར་བཞུ་ཤིང་ཁྲི་ལས་ཐར་རྐྱེན་དང་། མོའི་ཁ་དན་དམ་བཅའ་ལྟར་ཁོ་གཉིས་ལྷན་འཛོམས་བྱུང་ཡང་། བུའི་འདོད་འཕེལ་དབང་གིས་མོའི་ངོ་གདོང་སྲེག་པའི་རྨ་ཤུལ་མཐོང་ཞིང་མོས་ཤེས་ཏེ་ཕྱིར་ཐོན་ལ། གཏན་དུ་ཕྱིར་ལོག་མེད་པར་གྱུར། ཕྱི་ཚུལ་ནས་ལྷན་འཛོམས་ཀྱི་རྒྱལ་ཁའི་འབྲས་བཟང་སྨིན་པ་ལྟར་དུ་སྣང་རུང་། དོན་དངོས་སུ་ངན་འབྲས་སུ་གྱུར་ཡོད་དེ་འབྲས་བཟང་ཐོབ་ཀྱང་ཡོད་གོ་མི་ཆོད་པ། ཡང་ན་གན་དུ་གནས་ཀྱང་ལུས་ཀྱི་མཐའ་བསྐོར་དུ་གཟུགས་མེད་ཀྱི་གྱང་ར་བསྐོར་བས་འབྲས་བུ་ནི་བཟང་པོ་ཡིན་པའི་ངེས་པ་མེད་པའོོ། ། དེ་ནི་རྒད་པོ་དང་རྒྱ་མཚོ་ཞེས་པའི་རྩོམ་མཇུག་ཏུ་རྒད་པོའི་ལག་ཏུ་ཉ་ལོན་རུང་མཚོ་ཁ་རུ་མངོན་པ་ནི་ཤ་བྲལ་རུས་ཀོག་ཡིན་པ་དང་གཉིས་སུ་མ་མཆིས། དེ་བཞིན་དུ་སྒྲུང་འདིའི་མཇུག་བསྡུ་ཚུལ་ཡང་།

མའེ་ཇིའི་ལེགས་སྐྱེས་ཀྱི་མཇུག་བསྡུ་ཚུལ་དང་འདྲ་བར་ཧ་ཅང་ཁྱད་དུ་འཕགས་ཏེ། ཁྱད་མཚར་བ་དང་ལྐོག་གྱུར་དང་མི་མངོན་པའི་དབྱིངས་སུ་ཞུགས་པའི་ཁྱད་ཆོས་ལྡན་ནོ། ། འདི་ལྟར་ན། ཀློག་པ་པོས་བསམ་གཞིག་གི་སྒོ་མོ་རྒྱ་ཆེར་ཕྱེ་ཞིང་བློ་རིག་གི་ཚངས་སྒོ་ཧྲགས་ཀྱིས་
ཕྱེ་སྟེ་ཡིད་ཀྱི་རྟོག་པ་རང་ཡན་དུ་འཕྲོ་ཆོག་པ་རེད། འདིའི་དགེ་མཚན་ནི་བླ་ན་མ་མཆིས་པ་ཞིག་ཡིན་ནོ། །

ཁ། བརྗོད་སྙིང་ངོས་འཛིན།

བརྩེ་དུང་ལྷད་མེད་དང་ལྡན་པའི་ན་གཞོན་ཕོ་མོ་གཉིས་ཀྱི་ལས་དབང་བརྒྱུད། རྒྱ་གར་གྱི་གནའ་བོའི་སྲོལ་ལུགས་ངན་པ་སྟེ། གཉེན་སྒྲིག་ལ་རང་དབང་མེད་པར་ཕོ་དབང་ཆེ་བ། རིགས་རུས་མཐོ་དམན་དང་གྲལ་རིམ་གྱི་ཁྱད་པར་བགར་བ། ཡུགས་མོ་རང་གི་ཁྱོ་བོའི་པུར་དང་མཉམ་པོར་གསོན་སྲེག་བྱ་བའམ་དུར་རྫས་སུ་བྱེད་པ། དུར་རྫས་ལས་ཐར་ཡང་གསོན་ངོགས་ནས་གཞན་ལ་རང་ཞལ་བསྟན་མི་ཆོག་པ་སོགས་ཀྱི་སྲོལ་ངན་མང་པོ་ཞིག་གི་ནག་ཉེས་ཐེར་འདོན་དང་སུན་འབྱིན་བྱས་འདུག

ག དབྱེ་ཞིབ་མཐའ་དཔྱོད།

སྒྲུང་ཐུང་འདི་ལ་བལྟས་རྗེས། སྒྲུང་གཏམ་གྱི་གྲུབ་ཆ་གསུམ་སྟེ་མི་སྣ་དང་ཁོར་ཡུག་དང་བྱུང་རིམ་བཅས་ནི། ཡོད་ཙམ་དང་བྱུང་ཙམ་དང་ཐོན་ཙམ་གྱི་ངོ་ནས་བེད་མེད་དུ་གནས་འཆའ་རུ་གཞུག་རྒྱུ་དེ་མ་ཡིན་པར། ཁོ་ཚོ་ཕན་ཚུན་གཅིག་ལ་གཅིག་བརྒྱན་དང་གཅིག་རྒྱབ་གཅིག་གིས་སྣོན་ཚུལ་ནི་གཡུ་ལ་གསེར་ཕྲ་བཏབ་པའི་ཚིགས་ཁེབས་བཞིན་ཧ་ཅང་གནད་འགག་ཅིག་ཡིན་པའི་གལ་ཆེན་རང་བཞིན་རྟོགས་ངེས་སོ། ། ལྷག་ཏུ། སྒྲུང་ཐུང་འདི་ལ་ཐུན་མིན་གྱི་ཁྱད་ཆོས་སམ་མཛེས་པ་ཁྱད་པར་བ་ཞིག་གྲུབ་ཡོད་པ་ནི་ཁོར་ཡུག་གི་ཉམས་ཏེ། མིག་ལ་སྣང་རྒྱུ་ཡོད་པ་ཡུལ་ཁམས་ཡོད་པ། རྣ་ལ་ཐོས་རྒྱུ་ཡོད་པ་སྒྲ་ཁམས་གྲུབ་པ། སྣ་ལ་སྣོམ་རྒྱུ་ཡོད་པ་དྲི་ཁམས་ཁྱབ་པ། ལུས་ལ་རེག་རྒྱུ་ཡོད་པ་རླུང་ཁམས་རྡོལ་བ་སོགས་གཟུགས་ཡོད་གཟུགས་མེད་ཐམས་ཅད་ཀྱི་ཉམས་དགུ་ནི་ཁོར་ཡུག་བཀོད་འབྲིའི་ལྗོངས་ཁམས་ཁ་འཕྲོད་ཅན་དུ་བཞེངས་པ་དེའོ། ། ཡང་ན། ཁོར་ཡུག་བཀོད་འབྲི་བྱས་པ་ཧ་ཅང་འཚམ་ཞིང་ཁོར་ཡུག་གིས་མི་བརྒྱན་དོན་བརྒྱན་བྱས་ཡོད་པ་རེད། དེ་ལྟར། རྩོམ་འདི་ནི་གློག་བརྙན་ཞིག་ལ་ལྟ་བ་ནང་བཞིན། དབང་བོ་སྣ་ལྔ་སོ་སོ་ལ་ཚོར་རྒྱུ་ཡོད་པའི་དབང་ཁམས་ཅན་དུ་བསྐྲུན་འདུག་གོ །

བརྒྱད། མི་དོན་ཕུག་རོན་གྱིས་དཔྱད་པའི་གཏམ་རྒྱུད།

སློབ་ཚན་འདི་ནི་རང་ཀློག་ཏུ་བཞག་ཡོད་པས། སྐད་ཡིག་སློབ་ཁྲིད་བྱེད་གཞི་ལ་འདིའི་སྐོར་ནས་ཅི་ཡང་བྲིས་མི་འདུག ཡིན་ཡང་། སློབ་ཚན་འདི་ནི་བོད་ཀྱི་དམངས་ཁྲོད་རྩོམ་རིག་གནའ་གཏམ་མམ་གཏམ་རྒྱུད་ལྟར་དུ་བོད་རང་གི་མིས་བྲིས་པའི་རྩོམ་ཞིག་ཡིན་པ་དང་། གཏམ་རྒྱུད་ལ་དོན་གྱི་བྱུང་རིམ་གཙོ་བོར་འཛིན་ཞིང་སྒྲུང་གཏམ་ལ་ཡང་བྱུང་རིམ་གལ་ཆེ་བའི་ངོས་ཤིག་ཡོད་པ་ལྟར། དོན་གྱི་བྱུང་རིམ་ལ་གཞི་བཅོལ་ནས་སློབ་ཚན་འདི་དབྱེ་ཞིབ་ཅིག་བྱས་ཆོག་པར་འདོད།

ཀ སློབ་ཚན་དབྱེ་ཞིབ།

སློབ་ཚན་འདི་ཁྱོན་བསྡོམས་ཚན་པ་ཉེར་དྲུག་གིས་གྲུབ་ཡོད་པ་དང། དོན་གྱི་བྱུང་རིམ་ལྟར་ན། རྩོམ་འདི་ཁག་བཞི་རུ་བགོ་ཆོག་སྟེ། ཁག་དང་པོ་ནི། ཚན་པ1ཡུལ་ངོ་སྤྲོད་དང་རྒྱལ་པོ་དབང་ཆེ་བ། མགོ་རྩོམ་པ། ཁག་གཉིས་པ་ནི། ཚན་པ2-4རྒྱལ་པོས་བཙུན་མོའི་ཁར་ཉན་ནས་བྱ་རྣམས་ཚོགས་འདུ་ལ་བསྡུ་བ། འཕེལ་རྒྱས། ཁག་གསུམ་པ་ནི། ཚན་པ5-22ཕུག་རོན་ནས་ལྟད་མོ་ཅི་མཐོང་ལྟར་དཔྱད་པ་བཏང་ཞིང་རྒྱལ་བཙུན་གཉིས་ཁ་སྐྱེངས་པར་བྱས་པ། མཐོ་རླབས། ཁག་བཞི་པ་ནི། ཚན་པ23-26བཙུན་མོས་རྒྱལ་པོ་ལ་ཕུག་རོན་གསོད་པར་བསྐུལ་ཡང་། རྒྱལ་པོས་ལོ་རྒྱུས་དེབ་ཐེར་བཀླགས་པ་ལས་བཙུན་མོའི་ཁ་ལ་མི་ཉན་པའི་དམ་བཅས་པ། འབྲས་བུ་ནི་གོ་བསྐོན་སློབ་གསོ་ཐོབ་པས་ཐམས་ཅད་ལ་བདེ་སྐྱིད་ཐོབ་པ། མཇུག་བསྡུ་བ།

ཡང་འགྲེལ་ཚུལ་གཞན་ཞིག་ཟུར་ལྟ་ལ་ཕུལ་ན།
མི་སྣ་ལ་དབང་ཡོད་དང་དབང་མེད་གཉིས་སུ་དབྱེ་ཆོག དབང་ཡོད་པ་ལ་རྒྱལ་པོ་དང་བཙུན་མོོ། དབང་མེད་པ་ལ་བྱ་ཚོགས་གཉིས་སུ་སྣང་།

དེར་དབང་ཡོད་རྒྱལ་པོས་བཙུན་མོའི་ཁ་ལ་ཉན་པ་ལས་དབང་མེད་བྱ་ཚོགས་ལ།

①ཆད་པ་བཅད→ཆད་འབྲས་མྱོང→རོགས་རམ(ཕུག་རོན་གྱིས་དཔྱད་པ)→ཆད་ལྡོག(རྒྱལ་པོ་ལ་གོ་
བསྐོན་ཐེབས་པ)→འབྲས་བུ(ཐམས་ཅད་བདེ་སྐྱིད་ལ་ཐོབ་པ)

②ཆིངས་གནས→ཆིངས་གཏོར→གནོད་ཐེབས→ཆིངས་བསྐྱར་བཟོ→ཆིངས་གནས།

③ཞི་གནས→ཞི་གཏོར→གནོད་ཐེབས

→ཞི་གནས།

ཁ། བརྗོད་སྙིང་ངོས་འཛིན།

རྒྱལ་པོས་བཙུན་མོའི་ཁ་ལ་ཉན་པ་ལྟར། བྱ་ཚོགས་ལ་དོན་མེད་ཀྱི་ཚོགས་འདུ་བསྡུ་བ་ལ་ཕུག་རོན་གྱི་བློ་རིག་གིས་རྒྱལ་པོ་ལ་གོ་བསྐོན་ཐེབས་པ་བཤད་ཡོད། གཞན་དུ་ན། དབང་ཡོད་ཚོས་དབང་མེད་ཚོ་དོན་མེད་ལས་ལྷག་ལ་གཏད་པའི་བསམ་སྦྱོར་ལ་བློ་གྲོས་ཅན་གྱིས་ཐེར་འདོན་དང་སུན་འབྱིན་བྱས་ཚུལ་གླེང་འདུག

གསུམ་པ། སྒྲུང་གཏམ་སྡེ་ཚན་གྱི་མཐའ་སྡོམ།

གཅིག གོང་གི་གླེང་སློང་བ་རུ་བཤད་ཟིན་པ་ལྟར། དམའ་འབྲིང་སློབ་དེབ་ལ་སྒྲུང་གཏམ་བདམས་པའི་དགོས་དམིགས་ནི། གཅིག་ཏུ་སློབ་མ་ཚོར་སྒྲུང་གཏམ་སྐོར་གྱི་རྨང་གཞིའི་ཤེས་བྱའམ་རྒྱུན་ཤེས་ངོ་སྤྲོད་པ་དང་།གཉིས་སུ་རྒྱུན་ཤེས་དེ་དག་ལ་དངོས་དཔེ་སྒྲུང་གཏམ་དྲངས་ནས་གོ་བ་ལོན་ཚད་ཇེ་གསལ་དང་ཇེ་བརྟན་དུ་གཏོང་བ། གསུམ་དུ་སློབ་མ་བྱེ་བྲག་པ་སོ་སོ་ནས་དེ་འཚམ་གྱི་སྒྲུང་གཏམ་འོས་མོ་རེ་ལད་འབྲི་བྱ་ཤེས་རྒྱུ་ནི་མཐར་ཉིང་དགོས་ཡིན་པ་རེད་ཅེས་པའོ། ། ཡིན་ཡང་། གོང་གི་སྒྲུང་གཏམ་རེ་རེེའི་དབྱེ་ཞིབ་དང་འཕྲོས་བཤད་ཀྱི་འཁྲུལ་སེལ་བྱས་པ་དང་། ཕྱི་རྒྱ་བོད་གསུམ་གྱི་སྒྲུང་ཕན་ཚུན་ཞིབ་སྡུར་བྱས་པ་བརྒྱུད་ང་ཚོ་ལ་འཐོབ་པ་ནི། རགས་པའི་དབང་དུ་བྱས་ཚེ་སྒྲུང་གཏམ་རང་རེད་མོད། ཞིབ་ཏུ་བལྟས་ཚེ་སྒྲུང་གཏམ་ལས་ཀྱང་སྒྲུང་ཐུང་ལ་བབས་ཡོད་པ་རེད། འོ་ན། སྒྲུང་ཐུང་གི“ཐུང”ལ་དམིགས་བསལ་ག་འདྲ་ཡོད་དམ་ཞེ་ན། བོད་ཀྱི་དེང་རྩོམ་དཔྱད་བརྗོད་མཁན་པོ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བདུད་ལྷ་རྒྱལ་ལགས་ཀྱི་འབུམ་རམས་མཐར་ཕྱིན་དཔྱད་རྩོམ《བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ》ཏུ།“སྒྲུང་ཐུང་གི་ཁྱད་ཆོས‘ཐུང’བའི་སྟེང་ན་ཡོད་ལ། ཚད་ངེས་ཅན་ཞིག་གིི་སྟེང་ནས་བཤད་ན་ཡིག་འབྲུ་ཉུང་བ་ཞིག་ཡིན། ཡིན་ན་ཡང་། ཡིག་འབྲུ་ཉུང་བ་ནི་ཆེས་ཕྱི་ངོས་ཀྱི་དབང་ཤེས་ཀྱི་ངོས་ཟིན་ཙམ་རེད། དེའི་ནང་སྙིང་ནི་འཚོ་བའི་ཁྱབ་རྒྱ་ཆེན་པོ་མ་ཡིན་པའི་འཚོ་བའི་གཏུབ་ངོས་ཤིག་གམ། དུམ་བུ་ཞིག་གམ། ཟུར་ཞིག་མཚོན་པ་ལྷུར་ལེན་པ་དེ་ཡིན”ཞེས་དང་། ཚིག་དུམ་འདི་དེ་ལས་ཀྱང་ཉུང་བསྡུས་བྱས་ན། དཔྱད་རྩོམ་དེ་རུ།“མདོར་ན་སྒྲུང་ཐུང་གི་ཁྱད་ཆོས་དེ་ཉུང་ཉིང་རྐྱང་གསུམ་གྱི་སྟེང་ན་ཡོད”ཅེས་དང་། ཆབས་ཅིག ཚིག་དུམ་འདི་ལ་ཅུང་རྒྱས་འགྲེལ་ཞིག་བྱས་ཡོད་པ་ནི“ཡིག་འབྲུ་ཉུང་བ་དང་། བརྗོད་སྙིང་ཁེར་གཙང་། དོ་ར་གཅིག་སྡུད། སྒྲིག་གཞི་དམ་པ། ལྷུག་བརྗོད་ངོས་གཙང་བཅས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད། ད་དུང་མཚར་བ་དང་། བསྟན་དོན་ལ་ཐད་ཀར་འཇུག་པ་མ་ཡིན་པའི་ཅུང་གབ་པའི་ཁྱད་ཆོས་ཡོད”ཅེས་པ་ལྟར་རོ། །

གཉིས། དགེ་རྒན་བདུད་ལྷ་རྒྱལ་ལགས་ཀྱིས། སྒྲུང་ཐུང་གི“ཐུང”ནི་ཡིག་འབྲུ་ཉུང་བ་ཡིན་ཞིང་དེ་ཡང་ཆེས་ཕྱི་ངོས་ཀྱི་དབང་ཤེས་ཀྱི་ངོས་ཟིན་ཙམ་རེད་ཅེས་དགོངས་བཞིན་ཁྱད་ཆོས་གཞན་དག་མང་རབ་ཅིག་གླེང་འདུག་པ་ནི་རབ་ཏུ་བདེན་པ་རེད། དེ་ནི་ང་ཚོ་མི་ཆེ་བའམ་སྒྲུང་ལ་ཆ་རྒྱུས་ངེས་ཅན་ཡོད་པའི་ངོས་ནས་དེ་ལྟར་ཡིན་པ་ལ། ཡིན་ཡང་། ཐོག་མར་སྒྲུང་གཏམ་གྱི་འཇུག་སྒོ་ལ་རྡོག་པ་སྤོ་བའི་ན་སོ་གཞོན་པ་དག་ལ་ཆ་མཚོན་ན། དེ་དག་ནི་རྒྱང་རིང་རྒྱང་རིང་ཞིག་ཏུ་གནས་པར་འདོད། ལྡོག་སྟེ་ཁོ་ཚོ་ལ་མཁོ་བ་ནི་ཐག་ཉེ་ཐག་ཉེའི་མིག་མཐོང་ལག་ཟིན་གྱི་ཆ་དེ་ཡིན་ངེས། དེར་ང་ཚོས་ཐག་ཉེ་ནས་རིམ་བཞིན་རྒྱང་རིང་ལ་ཕྱོགས་ན་ལེགས་པའི་རྡོག་པ་བསྐྱོན་ལུགས་ཡིན་གྱི། ཐོག་མ་ཉིད་ནས་རྒྱང་རིང་བསྟན་ན་རྨང་གཞི་བརྟན་པོ་ཆགས་སྲིད་པའི་བདེན་རྩ་བ་ནས་མེད་པར་འདོད། དེ་བས། དམའ་འབྲིང་སློབ་མ་ལ་མཚོན་ན། དབང་ཤེས་ཀྱིས་མཐོང་བའི་ཕྱི་ངོས་འདི་ནས་མགོ་བརྩམས་ན་རབ་ཏུ་ལེགས་པར་འདོད། དེ་ལྟར་ན།“ཐུང”ཞེས་པ་ནི་ཡིག་འབྲུ་ཉུང་བ་ཁོ་ནའི་སྟེང་ན་མེད་པར། ད་དུང་ཚིག་སྣ་ཐུང་བ། ཚན་པ་ཐུང་བ་བཅས་ཀྱི་སྟེང་ནའང་ཡོད་པ་རེད། ཨུ་རུ་སུའི་ཆི་ཁི་ཧྥུའི་མདོག་འགྱུར་ད་བྱིད་དང་། ཧྥ་རན་སེའི་མོ་པོ་སང་གི་བདག་གི་ཁུ་བོ་ཡུ་ལེ་དང་། ཨ་རིའི་ཨོ•ཧེང་རེས་ཀྱི་མའེ་ཇིའི་ལེགས་སྐྱེས་གང་ལ་བལྟས་ན་ཡང་གསུམ་གར་ཐུན་མོང་དུ་བདོག་པའི་ཁྱད་ཆོས་ནི་ཚིག་ཐུང་ཚན་ཐུང་ཡིན་པ་དེ་རེད། ཁོང་གསུམ་ནི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་སྒྲུང་ཐུང་རྩོམ་མཁན་གྲགས་ཅན་རྣམ་གསུམ་ཡིན་པ་དང། དེ་བཞིན་དུ། ལུའུ་ཞུན་གྱི་ཁུང་དབྱི་ཅི་ལ་ཡང་ཚིག་ཐུང་ཚན་ཐུང་གི་ཁྱད་ཆོས་ལྡན་ཞིང། ཚིག་ཐུང་ཚན་ཐུང་ཡིན་ན། སྒྲུང་ཅུང་རིང་ན་ཡང་ཀློག་པའི་ཚེ་ཐུང་སྣང་ལས་རིང་སྣང་མི་སྐྱེ་བ་རེད། ན་སོ་གཞོན་པ་དག་ལ་འདི་ཧ་ཅང་གནད་འགག་རེད་འདོད། དེར་སློབ་དེབ་ཀྱི་སྒྲུང་གཏམ་གྱི་སྡེ་ཚན་ལ་བདམས་ཡོད་པའི་བོད་ཀྱི་སྒྲུང་གཏམ་ཁ་ཚང་ལ་དེའི་སྐྱོན་ཆ་གཅིག་གྱུར་དུ་ལྡན་དེ། དཔེར་ན། བདག་གི་གཞོན་ནུའི་ལོ་རབས་ལྟ་བུར་མཚོན་ན། རྩོམ་ཧྲིལ་བོ་ལ་ཤོག་ངོས་བཅུ་དགུ་ལྷག་འདུག་པས། རྩོམ་རིང་དྲགས་པ་དང་ཚན་པ་ཉེར་གཉིས་འདུག་པ་ལ། ཚན་པ9དང་ཚན་པ12དང་ཚན་པ22ལྟ་བུ་སོགས་ཀྱང་ཤིན་ཏུ་རིང་དྲགས། གཙུག་གཡུ་ལ་མཚོན་ན། རྩོམ་ཧྲིལ་བོར་ཚན་པ་བཅུ་ལས་མེད་མོད། ཚན་པ3དང་ཚན་པ4དང་ཚན་པ5དང་ཚན་པ9དང་ཚན་པ10བཅས་ནི་ཧ་ཅང་རིང་དྲགས་འདུག དཔེ་ཚབ་སྤྲོད་པ་ལ་མཚོན་ན། རྩོམ་ཧྲིལ་བོར་ཚན་པ་བཅུ་ལས་མེད་མོད། ཚན་པ1དང་ཚན་པ4དང་ཚན་པ6དང་ཚན་པ9བཅས་རིང་དྲགས་འདུག འདི་དག་དང་བསྡུར་ན། ཚིག་ཐུང་ཚན་ཐུང་གི་ཁྱད་ཆོས་ལྡན་པ་ནི། སོ་ནམ་པ་དང་རྒྱལ་པོ་གཏུམ་པོ་དང་།མི་དོན་ཕུག་རོན་གྱིས་དཔྱད་པའི་གཏམ་རྒྱུད་གཉིས་རེད། འདི་གཉིས་ནི་དམངས་ཁྲོད་ཀྱི་གཏམ་རྒྱུད་ཡིན་ཞིང་དམངས་ཁྲོད་ཀྱི་ཁྱད་ཆོས་ཏེ། སྟབས་བདེ་ཅན་དང་མྱུར་ཐུང་ཅན་རང་སྟེང་ལ་ལྷུན་གྱིས་གྲུབ་ཡོད་ལ། དཔེར་ན། སོ་ནམ་པ་དང་རྒྱལ་པོ་གཏུམ་པོ་ལ་མཚོན་ན། གཏམ་རྒྱུད་ཧྲིལ་བོར་ཤོག་ངོས་ལྔ་ལས་མེད་ཀྱང་ཚན་པ་དྲུག་མ་གཏོགས་མེད་པ་དང། མི་དོན་ཕུག་རོན་ལ་མཚོན་ན། ཚན་པ་ཉེར་དྲུག་ཡོད་ཀྱང་ཤོག་ངོས་དྲུག་ལས་མེད་ལ། ལར་སློབ་ཚན་རེ་རེའི་ཚན་པ་རིང་བ་དག་རེའུ་མིག་ཏུ་བཀོད་དེ་ཕན་ཚུན་གོ་བསྡུར་བྱས་ན་ངེས་ཤེས་བསྐྱེད་སླ་མོད། འདིར་ཡིག་ཚོགས་ལ་འཇིགས་ནས་རེ་ཞིག་བསྐྱུངས་པ་ཡིན།

གསུམ། སྒྲུང་གཏམགྱི་གྲུབ་ཆ་ནི་མི་སྣ་དང་བྱུང་རིམ་དང་ཁོར་ཡུག་བཅས་ཡིན། དེར་དམའ་འབྲིང་སློབ་མ་ལ་ཆ་མཚོན་ནས་བཤད་ན། སྒྲུང་ཐུང་གི་རྒྱུན་ཤེས་འདི་གསུམ་གྱི་གོ་དོན་དང་རིགས་དབྱེ་དང་དཔེ་གཞིའི་སློབ་ཚན་གང་དག་ཡིན་པ་ཙམ་བློ་ལ་ངེས་རྒྱུ་ཁོ་ན་དོན་དུ་གཉེར་བ་མ་ཡིན་པར། གཙོ་བོ་ནི་སྒྲུང་ཐུང་གང་རུང་ཞིག་ལ་གྲུབ་ཆ་དེ་གསུམ་འཛོམས་ཡོད་མེད་དང་། གལ་ཏེ་འཛོམས་ཡོད་ན་དེ་དག་གི་འབྲེལ་བ་ཅི་ལྟ་བུ་ཡིན་མིན། གང་ཞིག་གཙོ་བོར་བཟུང་ཞིང་གང་ཞིག་ཕལ་བར་བཟུང་བ་སོགས་རེ་རེ་ལ་དབྱེ་ཞིབ་འོས་འཚམ་ཙམ་འགྲོ་ཤེས་ན་བཟང་། དེ་ལྟར་དབྱེ་ཞིབ་བྱ་ཤེས་སོང་ན། སྒྲུང་ཐུང་དང་གཏམ་རྒྱུད་ཀྱི་ཁྱད་པར་ཡང་ཧ་གོ་ངེས། དཔེར་ན། བདག་གི་ཁུ་བོ་ཡུ་ལེ་དང་། མའེ་ཇིའི་ལེགས་སྐྱེས་དང་། ཁུང་དབྱི་ཅི་དང་། བུ་མོ་མ་ཧཱ་མ་ཡ་བཅས་སྒྲུང་གང་ལ་མཚོན་ན་ཡང་སྒྲུང་ཐུང་རང་མཚན་པ་ཡིན་ཏེ། གྲུབ་ཆ་འདི་གསུམ་རྨང་གཞི་བྱས་ཏེ་རྩོམ་སོ་སོ་ལ་བསམ་བཀོད་ཕུན་སུམ་ཚོགས་པ་དོན་དུ་གཉེར་ཡོད་ཅིང། སྒྲུང་འདི་དག་ལ་བལྟས་ན་གྲུབ་ཆ་གསུམ་ཕན་ཚུན་བར་གྱི་འབྲེལ་བ་ནི། གཅིག་ལ་གཅིག་བརྒྱན་དང་གཅིག་རྒྱབ་གཅིག་གིས་སྣོན་པ་ལྟ་བུར་འགྲོ་བ་སྟེ། གཡུ་ལ་གསེར་ཕྲ་བཏབ་པའི་ཚིགས་ཁེབས་བཞིན་ཧ་ཅང་གནད་འགག་ཅིག་ཡིན་པའི་གལ་ཆེན་རང་བཞིན་རྟོགས་ངེས་སོ། ། འདི་དག་དང་བསྡུར་ན། བོད་རང་གི་རྩོམ་སྟེ། བདག་གི་གཞོན་ནུའི་ལོ་རབས་དང་། གཙུག་གཡུ་དང་དཔེ་ཚབ་སྤྲོད་པ་བཅས་གང་ལ་མཚོན་ན་ཡང་གྲུབ་ཆ་གསུམ་གྱི་འབྲེལ་བ་ལ་དེ་འདྲའི་དང་དོད་དང་ཡིད་གཟབ་བྱས་པ་མི་འདང་བ་རེད། མི་སྣ་དང་ཁོར་ཡུག་དང་བྱུང་རིམ་བཅས་ནི་ཡོད་ཙམ་དང་བྱུང་ཙམ་དང་ཐོན་ཙམ་གྱི་ངོ་ནས་བེད་མེད་དུ་གནས་འཆའ་བར་འདོད་པ་ལས། ཕན་ཚུན་རམ་འདེགས་བྱ་ཐུབ་ཀྱིན་མེད་པར་འདོད། ཡང་ན་ཡོད་པ་ཙམ་དང་གནས་པ་ཙམ་ལས་ཡོད་པའི་ཡོད་གོ་མི་ཆོད་པ་རེད། དཔེར་ན། བདག་གི་གཞོན་ནུའི་ལོ་རབས་ཀྱི་མི་ཐོད་གད་ཁ་ལྟ་བུ། ཁོར་ཡུག་འདི་ནི་ཡོད་ན་ཆོག་ལ་མེད་ཀྱང་ཆོག ཡང་ན་གཞན་ལ་བརྗེ་ན་ཆོག་པ་རེད། ཡང་མེད་དུ་མི་རུང་བ་ནི་མའེ་ཇིའི་ལེགས་སྐྱེས་ནང་གི་ཐོག་ཁང་ལྟ་བུའོ། ། དེ་བས། སྒྲུང་ཐུང་དང་གཏམ་རྒྱུད་ཀྱི་ཁྱད་པར་འབྱེད་ཆོས་གཙོ་བོ་ནི། གོང་དུ་སོང་ཟིན་པའི་སྒྲུང་གཏམ་གྱི་གྲུབ་ཆ་སྟེ་མི་སྣ་དང་ཁོར་ཡུག་དང་བྱུང་རིམ་བཅས་གསུམ་བགྲངས་ཡོད་པ་ལས་བལྟ་དགོས་པ་དང། སྒྲུང་ཐུང་ནི་སྒྲུང་གཏམ་ཡིན་པ་གཞིར་བཞག་གི་སྟེང་ནས་ནང་དུ་མི་སྣ་དང་ཁོར་ཡུག་དང་བྱུང་རིམ་གསུམ་གྱིས་ཕན་ཚུན་གཅིག་ལ་གཅིག་བརྒྱན་བྱེད་ཀྱིན་ཡོད། གཏམ་རྒྱུད་ཀྱི་ཁྲོད་དུ་ཁོར་ཡུག་ནི་གནས་ཡུལ་ཙམ་པོ་བ་དང་། མི་སྣ་ནི་དོན་གྱི་འགྱུར་རིམ་ལ་ཞབས་འདེགས་ཞུ་བའི་གཟུགས་བརྙན་ཙམ་པོ་བ་ལས་མི་སྣའི་སྣང་བརྙན་འབྲི་བཞེངས་ལ་རྔོ་མི་ཐོགས་པ་རེད། དེར་བདག་གི་གཞོན་ནུ་ལོ་རབས་དང་།
གཙུག་གཡུ་དང་དཔེ་ཚབ་སྤྲོད་པ་ཚང་མ་དོན་དངོས་སུ་གཏམ་རྒྱུད་དུ་འགྲོ་བ་རེད། ལྷག་ཏུ། ཚན་བཤུས་གཙུག་གཡུ་དང་དཔེ་ཚབ་སྤྲོད་པ་གཉིས་ལ་མཚོན་ན། ཁོར་ཡུག་དང་མི་སྣ་ནི་ཁ་ཁེར་གླེང་ས་མི་འགྲོ་བའི་དོན་གྱི་རིམ་པ་ཙམ་བརྗོད་པ་སྟེ། ཏག་ཏག་གཏམ་རྒྱུད་ཀྱི་སྦྱོར་བ་རང་ཡིན་པ་དང། རྩོམ་འདི་གཉིས་ལ་ཏག་ཏག་ཀུན་སྤྱོད་ཀྱི་ངོས་ནས་གླེང་ན་རིན་ཐང་ཡོད་པ་ཙམ་དུ་ཟད་ཀྱི་སྒྲུང་གཏམ་གྱི་ཚད་གཞི་ལྟར་ན་གླེང་རིན་ཆེར་མ་མཆིས་པར་འདོད། གཞན་དུ་སོ་ནམ་པ་དང་རྒྱལ་པོ་གཏུམ་པོ་ལས། ང་ཚོས་གཏམ་རྒྱུད་ཀྱི་བྱུང་རིམ་བརྗོད་པ་ག་འདྲ་ཡིན་པ་ལ་རྒྱུས་ལོན་བྱས་ན་ཆོག མི་དོན་ཕུག་རོན་གྱི་དཔྱད་པའི་གཏམ་རྒྱུད་ལས། ང་ཚོས་སྒྲུང་གཏམ་ལ་མེད་དུ་མི་རུང་བའི་མི་སྣའི་ཁ་བརྡའི་ཐོག་མའི་རྣམ་པ་ནི་ཅི་ལྟ་བུ་ཡིན་པར་རྒྱུས་ལོན་བྱས་ཆོག རྒྱུ་མཚན། སྒྲུང་གཏམ་གྱི་འབྱུང་ཁུངས་འཚོལ་བ་ལ་ཡར་ཡར་དུ་དེད་ན། ལྷ་སྒྲུང་དང་གཏམ་རྒྱུད་དང་སྒྲུང་རྒྱུད་གསུམ་དུ་ཐུག་ཡོད་པས་སོ། ། གཞན་དུ། དམངས་ཁྲོད་གཏམ་རྒྱུད་འདི་གཉིས་ལས་སྒྲུང་ཐུང་གི་ཕྱིའི་ཁྱད་ཆོས་དེ་ཚིག་ཐུང་ཚན་ཐུང་ལ་ཡང་རྒྱུས་ལོན་བྱ་ཆོག་པ་རེད། དེ་ལྟར་ན། དམའ་འབྲིང་གི་སློབ་མ་ཚོར་ཚིག་ཐུང་ཚན་ཐུང་ལ་ངེས་ཤེས་གསལ་བོ་སྐྱེ་ཐུབ་པར་འདོད། ཆབས་ཅིག ལྟ་ཀློག་སློབ་ཚན་ཏེ་དམངས་ཁྲོད་གཏམ་རྒྱུད་འདི་གཉིས་ཀྱི་རིན་ཐང་ཤིན་ཏུ་གལ་ཆེ་ཞིང་དང་དོད་ཆེས་ཆེར་གནང་ན་འོས་སྙམ་མོ། །

①②③ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག ལོ་རིམ་དགུ་པ། སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2017:191-210212-222.224-228

④⑤⑥⑦ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག ལོ་རིམ་དགུ་པ། སྨད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:33-44.46-57.59-66.181-191

⑧ ⑨ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག ལོ་རིམ་དགུ་པ། སྨད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:193-207.209-214
⑩11 རྡོ་རྗེ་རིན་ཆེན། རྩོམ་རིག་གཞུང་ལུགས་གནད་བསྡུས། [M] མི་རིགས་དཔེ་སྐྲུན་ཁང་། 1998:286.287-289 

12ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག་སློབ་ཁྲིད་བྱེད་གཞི། ལོ་རིམ་དགུ་བའི་སྟོད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:183-184
13.14 ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག ལོ་རིམ་དགུ་པའི་སྨད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:44-33
15ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག ལོ་རིམ་དགུ་པའི་སྨད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2017:44

16 ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག་སློབ་ཁྲིད་བྱེད་གཞི། ལོ་རིམ་དགུ་བའི་སྨད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2018:40

17 ལྗོངས་ཞིང་ལྔའི་སྐད་ཡིག་རྩོམ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བསྒྲིགས། སྐད་ཡིག ལོ་རིམ་དགུ་པའི་སྨད་ཆ། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2017:184

18 19 བདུད་ལྷ་རྒྱལ་གྱི་འབུམ་རམས་མཐར་ཕྱིན་དཔྱད་རྩོམ། བོད་ཀྱི་བརྩམས་སྒྲུང་གསར་པའི་གནས་སྟངས་དང་དེའི་དགག་སྒྲུབ། གློག་རྡུལ་པར་གཞི། 2009:105.106
20 བདུད་ལྷ་རྒྱལ་གྱི་འབུམ་རམས་མཐར་ཕྱིན་དཔྱད་རྩོམ། བོད་ཀྱི་བརྩམས་སྒྲུང་གསར་བའི་གནས་སྟངས་དང་དེའི་དགག་སྒྲུབ། གློག་རྡུལ་པར་གཞི།  2009:107
21རྩོམ་འདི་རུ་སྒྲུང་གཏམ་དང་བརྩམས་སྒྲུང་དང་། སྒྲུང་རྩོམ་ཞེས་དོན་གྱི་འབབ་ལུགས་གཅིག་ལ་མིང་གི་འདོགས་ཚུལ་མི་འདྲ་བ་གསུམ་བྱུང་ཡོད་པའི་ཐད་ལ་གང་ཞིག་འོས་མིན་དང་འགྲིག་མིན་ལ་རང་གི་ལྟ་ཚུལ་སྔོན་དུ་སོང་མེད་པར་སློབ་དེབ་ལ་བབས་བསྟུན་བྱས་ཏེ་སྒྲུང་གཏམ་སོར་བཞག་བྱས་ཡོད། ལར་རིག་གཞུང་ཞིབ་འཇུག་གི་ངོས་ན་འདི་གསུམ་ཁྱབ་མཉམ་དུ་སྤྱོད་སྒོ་ཆེ་བ་རེད། གནད་འདི་ཡིད་འཇགས་གལ་ཆེ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1