མ་བུའི་བར་ཐག

གངས་དབང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22


ཨ་མས་རྒྱབ་ཏུ་སྒྲོ་བ་ཞིག་འཁུར་ཡོད། དེའི་ནང་ཐག་པ་རིང་པོ་ཞིག་འདུག དེ་ནི་རྫ་རིའི་བར་གྱི་བྲེ་སེར་འབྲོང་གི་རྭ་ཅོ་ལ་བཏགས་མྱོང་། བྱང་ཐང་སྟེང་དུ་ཁ་དཀར་རྐྱང་གི་སྐེ་ལ་བསྐོན་མྱོང་། འབྲུག་མོས་ལྷ་རྟ་འདོ་ཆེན་རྐྱང་རྒོད་འཕེར་བ་བཀུག་པའི་ཐག་པ་སྒྱུ་འཕྲུལ་ཅན་དེ་ཡིན་ཟེར། གེ་སར་གྱིས་ནག་པོ་བདུད་རྒན་ཀླུ་བཙན་རྒྱབ་ལག་བསྒགས་པའི་ཐག་པ་དེ་ཡིན་པར་གྲགས།

ཆར་ཆུ་འབེལ་བའི་དུས་སུ། བུ་ཆེ་བ་ཡིས། ཐག་པ་ཆུ་ནང་སྦང་ན་མ་གཏོགས་གྱོང་འགྲོ་རྒྱུ་རེད་ཅེས་ཨ་མའི་ལྐོག་ཏུ་ཐག་བསྡོགས་བཤིག

ས་ཚིག་རྒྱག་པའི་སྐབས་སུ། བུ་འབྲིང་བ་ཡིས། ཐག་པ་ཉི་མར་མ་ལྡེ་ན་རུལ་འགྲོ་རྒྱུ་རེད་ཅེས་ཨ་མའི་རྒྱབ་ཏུ་ཐག་སྣེ་འཐེན།

ལོ་ལེགས་སྨིན་པའི་དུས་སུ། བུ་ཆུང་བ་ཡིས། ཐག་པས་འབྲུ་དྲུག་མ་བསྡམ་ན་འཐོར་འགྲོ་རྒྱུ་རེད་ཅེས་ཞིང་རྒོད་ཀྱི་ཟུར་ལ་ཐག་མདུད་བཀྲོལ།

གནམ་ངོ་ལ་འགྱུར་ལྡོག་མང་ཞིང་འགྲོ་ལམ་དུ་འཚང་ཁ་ཆེ་བའི་དུས་སུ། ཨ་མས་སྒྲོ་བ་ལ་བྱིལ་བྱིལ་བྱེད་ཅིང་འདང་ཟབ་མོ་ཞིག་རྒྱག་པའི་ཚུལ་བསྟན་ཡང་། ཡང་སྙིང་ཅི་ཞིག་ལ་བསམ་བློ་བཏང་བ་ཁོ་རང་མ་གཏོགས་སུ་ཡིས་ཤེས།

“མི་ཡིས་རྒྱབ་ནས་འཐེན་ཡང་རུང་། ཁྱི་ཡིས་མདུན་ལ་བཀག་ཀྱང་བླ། ང་ཚོ་རི་རྩེར་འབུད་དགོས།”

“རི་བོ་མཐོན་པོ་མ་ཞིག་གོང་། ཆུ་བོ་ཆེན་པོ་མ་བརྡོལ་སྔོན། ཨ་མ་ལུང་ཁུག་འདི་ནས་འཁྲིད་དགོས།”

“ཕ་རོལ་དུ་བགྲོད་པའི་གྲུ་གཟིངས་དང་། ནམ་མཁའ་རུ་གཤེགས་པའི་རྨུ་ཐག་ཡོད་པས་ཆུ་བོ་ཆེ་ན་ཆེ་རུ་ཆུགས། ཐོག་ཆར་འབབ་ན་འབབ་ཏུ་ཆུགས།”

བུ་སྤུན་གསུམ་གྱིས། སྙིང་སྟོབས་ཀྱི་གཞུ་མོ་མེད་པའི་ཁ་ཕོ་མདའ་མོ་འཕེན་འཕེན་དང་། ཆོད་སེམས་ཀྱི་ཡུ་བ་མེད་པའི་དམ་བཅའ་མདུང་རྩེ་གཡུག་གཡུག་གིས། ཨ་མའི་གཡས་གཡོན་དང་སྔོན་རྗེས་སུ་འདུར་རྒྱུག་བྱས།

སོང་སོང་བའི་མཐར། རི་གསུམ་བར་དུ་ལམ་མེད་པའི་ལ་མཐོན་པོ་ཞིག་དང་འཕྲད། ཟམ་མེད་པའི་ཆུ་ཆེན་མོ་ཞིག་ལ་ཐུག

ཕར་ལྟ་ཚུར་ལྟ་མེད་དུས། བུ་ཆེ་བ་ཡིས་རུམ་ནས་ཐག་པ་འདོམ་པ་བཅོ་བརྒྱད་ཡོད་པ་ཞིག་གི་སྣེ་མོ་ཕ་རོལ་གྱི་མི་ཞིག་ལ་འཕངས། བུ་འབྲིང་བ་ཡིས་ཐག་པ་སྦོམ་པོ་ལག་ངར་ཙམ་ཡོད་པ་ཞིག་གིས་སྡོང་མ་བསྒྲིགས་ཏེ་ཆུའི་གཞུང་དུ་སོང་། བུ་ཆུང་བ་ཡིས་ཐག་ཕྲ་ལྕགས་ཀྱུ་ཡོད་པ་ཞིག་ཕ་རོལ་གྱི་ཤིང་རྩར་འཕངས་ཏེ་འཕུར་གྲབས་བྱེད།

ཆུ་ཁ་རུ། ཨ་མ་གཅིག་པུ་འཛུམ་དམུལ་དམུལ། ཡིད་དུངས་དུངས། སེམས་འཕྲེང་འཕྲེང་ངང་ལྷག་འདུག

གློ་བུར་དུ་ས་འགུལ་བའི་ལྡིར་སྒྲ། ཆུ་བཞུར་བའི་ཤག་སྒྲ། མེ་འབར་བའི་ཚག་སྒྲ། རླུང་ལྡང་བའི་འུར་སྒྲ་ཡིས་གནམ་ས་འདར།

འབྱུང་བཞིའི་འཁྲུག་རྩོད་འཇགས་རྗེས། ཆུ་བོའི་ཚུ་རོལ་དུ་རྡོ་ཕ་བོང་ཞིག་ལྷན་ནེར་ལྷང་ངེར་ལྷམ་མེར་ཆགས།

ཆུ་བོའི་ཕ་རོལ་དུ་ཐོན་རྗེས། ཨ་མའི་སྨོན་ལམ་ལྟར་བུ་ཆེ་བ་རྒྱ་མཚོའི་སྟེང་དུ་གནས། འབྲིང་བ་རྩྭ་ཐང་ཐོག་ལ་ཆགས། ཆུང་བ་རི་ཀླུང་བར་དུ་འཛུལ།

ལོ་མང་པོའི་རྗེས་སུ། བུ་སྤུན་གསུམ་གྱིས་སླར་ཡང་རྡོ་ཕ་བོང་གི་མཐའ་འཁོར་དུ་འཛོམས་རྒྱུའི་གྲོས་བྱས་མོད། ཡང་བསྐྱར་གཏམ་རྒྱུད་ཅི་འདྲ་ཞིག་གི་འགོ་འཛུགས་རྒྱུ་ཡིན་མིན་སུ་ཡིས་ཤེས། ། 


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1