བོད་སྐད་བརྡ་གསར་རྙིང་ལས་དོན་མཐུན་མིང་གི་རྣམ་གྲངས་སྐོར་རགས་ཙམ་གླེང་བ།
ཀླུ་འབུམ་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22
དང་པོ། བརྡ་རྙིང་མིང་བརྡའི་བྱུང་བ།
བོད་སྐད་བརྡ་རྙིང་མིང་བརྡ་རྣམས་ནི་ཐོག་མར་བཀས་བཅད་གསུམ་ལས་བྱུང་བར་འདོད་ལ། དེང་སྐབས་ཁས་ལེན་ཡོད་པའི་བརྡ་རྙིང་མིང་བརྡའི་བྱུང་ཁུངས་ནི་མདོར་ན་སྐད་གསར་བཅད་གསུམ་ཡིན་པར་སྨྲ་བ་ལ་བཞེད་མཐུན་གྲུབ་ཡོད། བོད་སྐད་བརྡ་རྙིང་མིང་བརྡ་ཐམས་ཅད་ཀྱི་བྱུང་ཁུངས་བཀས་བཅད་གསུམ་གྱི་ཚབ་མཚོན་བསྟན་བཅོས་དང་དག་ཡིག་བསྟན་བཅོས་ཁོ་ན་ཡིན་པར་མ་ངེས་པར། རྡོ་རིང་དང་ཁྲམ་བྱང་སོགས་ཀྱང་བརྡ་རྙིང་མིང་བརྡའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པར་གསལ། ཡིན་ཡང་། རྡོ་རིང་ཡི་གེ་དང་ཁྲམ་བྱང་སོགས་སུ་བྱུང་བའི་བརྡ་གསར་རྙིང་མིང་བརྡ་རྣམས་ལ་མཚོན་ན་དག་ཡིག་བསྟན་བཅོས་ཁྲོད་ཀྱི་བརྡ་གསར་རྙིང་གི་མིང་བརྡ་གཉིས་དང་མི་འདྲ་བར་མིང་བརྡ་སོ་སོར་བསྡུར་དཔྱད་སོགས་མཛད་མེད་པ་དང་། མིང་བརྡ་རྙིང་པ་འགའ་ཤས་ནི་ཕྱི་རབས་པས་འོལ་ཚོད་ཀྱིས་འགྲེལ་ཁུལ་མཛད་ཡོད་པའམ་ཡང་ན་མཁས་པ་སོ་སོའི་འགྲེལ་ཚུལ་མི་མཐུན་པ་སོགས་ཀྱང་ཅི་རིགས་མཆིས། དེང་རབས་བོད་ཀྱི་བརྡ་རྙིང་མིང་བརྡའི་ཁུངས་བཙུན་ཡིག་ཆ་གཞན་ལ་གཙོ་བོ་བཙན་པོའི་དུས་ཀྱི་རྡོ་རིང་དང་ཅོང་ཡིག་སོགས་རིག་གནས་ཤུལ་རྫས་ཚུལ་དུ་ལུས་པའི་ཡིག་ཆ་དག་འཇོག་པ་དང་། རྡོ་རིང་ཡི་གེ་ལས་ཀྱང་གཙོ་བོ་བསམ་ཡས་གཙུག་ལག་ཁང་གི་རྡོ་རིང་དང་ལྷ་སའི་ཞོལ་རྡོ་རིང་། སྐར་ཆུང་ལྷ་ཁང་གི་རྡོ་རིང་། ཞྭ་ལྷ་ཁང་གི་རྡོ་རིང་། ཁྲི་སྲོང་ལྡེ་བཙན་གྱི་བང་སོའི་མདུན་གྱི་རྡོ་རིང་། དབོན་ཞང་མནའ་འབྲེལ་རྡོ་རིང་། སྟོད་ལུང་མཚུར་ཕུ་དགོན་གྱི་རྡོ་རིང་། ར་ཚག་དགོན་རྡོ་རིང་། འཕན་ཡུལ་རྒྱལ་ལྷ་ཁང་གི་རྡོ་རིང་སོགས་ཡོད་པ་དང་། གནའ་བོའི་ཅོང་ཡིག་ལ་གཙོ་བོ་བསམ་ཡས་དགེ་རྒྱས་གཙུག་ལག་ཁང་གི་ཅོང་ཡིག་སོགས་དང་དེ་མིན། ལོ་རྒྱུས་ཡིག་ཆ་ལས་དཔེར་ན་བཀའ་ཆེམས་བཀའ་ཁོལ་མ་དང་སྦ་བཞེད། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ། བུ་སྟོན་ཆོས་འབྱུངདང་དེབ་ཐེར་དམར་པོ། ཆོས་འབྱུང་མེ་ཏོག་སྦྲང་རྩིའི་སྙིང་པོ་སོགས་གྲགས་ཆེ་བ་དག་ཏུའང་བརྡ་རྙིང་པའི་མིང་བརྡ་མང་དུ་གནས། དེ་དག་ལས་བྱུང་བའི་བརྡ་རྙིང་པའི་མིང་བརྡ་འགའི་འགྲེལ་ལུགས་སམ་ཁ་གཏད་ཀྱི་བརྡ་གསར་འགོད་ལུགས་ལ་བཞེད་པ་མཐུན་མིན་ཅི་རིགས་ཡོད་ཀྱང་མང་ཤོས་ཤིག་གཅིག་མཐུན་ཡིན་པར་སྣང་། །
གཉིས་པ། མིང་བརྡའི་དག་ཡིག་བསྟན་བཅོས།
གསར་རྙིང་བརྡ་དང་རྒྱ་བོད་སྐད། །ལ་སོགས་ཞིབ་མོར་དཔྱད་དེ་བཀོད། །ཅེས་མིང་བརྡ་རྙིང་པ་ཞེས་པ་ནི་འགུལ་རྣམ་གྱི་བདག་ཉིད་ཅན་ཞིག་ཡིན་པར་བསྟན། རགས་རྩིས་ལྟར་ན་ཅོ་ནེ་གྲགས་པ་བཤད་སྒྲུབ་མཆོག་གི་(སྙན་ངག་མངོན་བརྗོད་བརྡ་རྙིང་གི་རྣམ་གཞག་མདོར་བསྡུས་བློ་གསལ་ཡིད་འཕྲོག་ཏུ་མིང་བརྡ་356ཙམ་བསྡུས་ཡོད་པ་དང་། ཨ་ལག་ཤ་ངག་དབང་བསྟན་དར་ལགས་ཀྱི་《 གངས་ཅན་གྱི་བརྡ་གསར་རྙིང་ལས་བརྩམས་པའི་བརྡ་ཡིག་བློ་གསལ་མགྲིན་རྒྱན།》དུ་མིང་བརྡ་2047ཙམ་དང་། ལྕང་སྐྱ་རོལ་བའི་རྡོ་རྗེ་མཆོག་གི་《དག་ཡིག་མཁས་པའི་འབྱུང་གནས།》དུ་བརྡ་གསར་རྙིང་གི་མིང་བརྡ་831ཙམ་བསྡུས་ཡོད། དངུལ་ཆུ་ངག་དབང་རྡོ་རྗེ་མཆོག་གི་《བརྡ་གསར་རྙིང་གི་ཁྱད་པར་བསྟན་པ་གསར་བུའི་བློ་གྲོས་སྐྱེད་བྱེད།》དུ་མིང་བརྡ་501ཙམ་བསྡུས་ཡོད། དེ་མིན་གྱི་བརྡ་གསར་རྙིང་གི་བསྟན་བཅོས་གཞན་དག་དང་བརྡ་དག་བསྟན་བཅོས་གཞན་དག་ཏུའང་མིང་བརྡ་མི་ཉུང་བ་བསྡུས་ཡོད་ཀྱང་། བཟློས་པའི་ཆ་ནི་ཅུང་ཟད་ཆེ་བར་མཐོང་། དཔེར་ན་གོང་གསལ་བསྟན་བཅོས་དག་ནི་ཕལ་ཆེར་དབུས་པའི་བརྡ་གསར་རྙིང་གཞིར་བཟུང་བ་ཡིན་པ་དང་བསྟན་བཅོས་ཁ་ཤས་སུ་ཡུལ་སྐད་ཀྱི་མིང་བརྡ་སོགས་ཀྱང་ཚུད་པར་བྱས་ཡོད་ལ། བརྩམས་པའི་དུས་རབས་མི་འདྲ་བའི་བསྟན་བཅོས་གཞན་དག་དང་བསྡུར་ན་བཟློས་པའི་མིང་བརྡའི་གྲངས་འབོར་ཡང་མང་བར་གནས། །
གསུམ་པ། མིང་བརྡ་གསར་རྙིང་དང་དོན་མཐུན་མིང་བརྡ།
རང་རེའི་བོད་ཀྱི་དག་ཡིག་བསྟན་བཅོས་ཕལ་མོ་ཆེ་ནི་མིང་བརྡ་རྙིང་པའི་འགྲེལ་ལུགས་སུ་སྣང་ལ། དེ་དག་ལས་ཀྱང་བསྟན་བཅོས་ཁ་ཤས་ནི་བརྡ་རྙིང་པའི་མིང་བརྡ་རྣམས་ལ་བརྡ་གསར་པའི་མིང་བརྡ་སོ་སོས་མཐུན་པར་སྦྱར་ཏེ་མཚོན་པ་ཞིག་ཡིན་པས། བསྟན་བཅོས་འགའ་ཤས་སུ་བརྡ་རྙིང་མིང་བརྡའམ་ཆེད་སྤྱོད་མིང་བརྡ་གོ་དཀའ་བ་རྣམས་ལ་ཚིག་སྦྱོར་དུ་མས་རྒྱས་འགྲེལ་བྱེད། བརྡ་གསར་རྙིང་གི་བསྟན་བཅོས་སོ་སོར་གནས་པའི་མིང་བརྡ་གསར་རྙིང་གཉིས་ཀྱི་འབྲེལ་བར་གཞིགས་ན་ཕན་ཚུན་མཐུན་པར་གྲུབ་ཡང་། ཡོངས་སུ་མཐུན་པ་མིན་པར་མཐོང་། དཔེར་ན་མིང་བརྡ་རྙིང་པ་རྣམས་ཀྱི་བྱུང་ཁུངས་སོགས་ལ་བལྟས་ཚེ་འགའ་ཤས་ནི་ཡུལ་སྐད་ཀྱི་བརྡ་རྙིང་པའི་མིང་བརྡ་དང་འགའ་ཤས་ནི་ལེགས་སྦྱར་གྱི་འགྱུར་མིང་ཡིན་པར་སྣང་བ་དཔེར་ན་གསར་རྙིང་བརྡ་ཡི་ལེགས་བཤད་བཻ་ཌཱུརྱ་ཡི་གུར་ཁང་གི་དོན་གསལ་ཉི་མ་ཞེས་པའི་ཧ་ཡི་སྡེ་ཚན་དུ། ཧག་ནི་བུ་རམ་གྱི་དྭངས་མའམ་ཤ་ཁ་ར། ཧབ་ཤང་མཚོ་འུ་ནི་དབང་ལག་གོ །དག་ཡིག་བསྟན་བཅོས་ཁྲོད་དུ་མིང་བརྡ་གསར་རྙིང་གཉིས་མཐུན་པར་སྟོན་པའི་ཚིག་སྦྱོར་གྱི་ཐབས་ཚུལ་ནི་སོ་སོ་བ་སྟེ། དཔེར་ན་དབུས་པ་བློ་གསལ་རྩོད་པའི་སེངྒེས་མཛད་པའི་བརྡ་གསར་རྙིང་གི་རྣམ་པར་དབྱེ་བ་དབུས་པ་བློ་གསལ་གྱིས་མཛད་པ་བཞུགས་སོ་ཞེས་པའི་ཁྲོད་དུ་ལ་དོན་གྱི་ཕྲད་ལ་སྒྲ་ལས་མིང་བརྡ་གཉིས་མཐུན་པར་སྟོན་པ་དཔེར་ན་མངགས་པ་ལ་ཕོ་ཉ་ཟེར་ཞེས་པ་དང་། གྱ་ནོམ་ལ་ཕུན་སུམ་ཚོགས་པ་ཟེར་ཞེས་པ། གཏུགས་པ་ལ་ཆད་པ་ཟེར་ཞེས་པ་སོགས་ལྟ་བུ་དང་། མཐུན་པར་སྦྱོར་བའི་ཚིག་ཕྲད་དང་སྒྲས་མིང་བརྡ་གཉིས་ཕན་ཚུན་མཐུན་པར་སྟོན་པ་ལ་དཔེར་ན་བཤོ་བ་དང་འཁྲིག་པ་དང་ལྟ་བུ། པོག་ཕོར་དང་སྤོས་ཕོར་དང་ལྟ་བུ། མནབ་རྩལ་དང་ཁ་ཟས་དང་ཞེས་པ་ལྟ་བུ་སོགས། བརྡ་གསར་རྙིང་གི་མིང་བརྡ་གཉིས་དབར་ཚིག་ཕྲད་སོགས་ཅི་ཡང་མི་སྦྱར་མཐུན་པར་སྟོན་པ་ནི་དཔེར་ན་མཚན་མ་རྟགས་དང་ཞེས་པ་ལྟ་བུ། བསྟར་བ་གཟབས་དང་། གཞབ་པ་འཇབ་པ་ཞེས་པ་ལྟ་བུ། གྱ་ཚོམ་མ་བརྟགས། ཆ་བ་སྒེག་པ་ཞེས་པ་ལྟ་བུ་སོགས་གཙོ་བོ་ལ་དོན་གྱི་ཕྲད་ལ་དང་། དང་སྒྲ །བརྡ་གསར་རྙིང་མིང་བརྡའི་དབར་ཅི་ཡང་མི་སྦྱོར་བར་མཐུན་པར་སྟོན་པའི་ཐབས་ཚུལ་སོགས་ཡོད་པ་དང་། དག་ཡིག་བསྟན་བཅོས་ལས་གསར་རྙིང་བརྡ་ཡི་ལེགས་བཤད་བཻཌཱུརྱའི་གུར་ཁང་གི་དོན་གསལ་ཉི་མ་ཞེས་བྱ་བ་བཞུགས་སོ་ཞེས་པར་གཙོ་བོ་ནི་སྒྲ་ལས་སྟོན་པ་དང་སྐབས་རེར་ལ་སྒྲས་སྟོན་པ་སྟེ་དཔེར་ན། ཀྱལ་ཀ་ནི་ཀུ་རེ། ཇི་ཀ་ནི་བརྟག་པ། ཀེའུ་ནི་རི་སྒོག ཀེའུ་ཚང་དང་ཀེའུ་ཚག་ནི་ཕུག་པ། ད་ཀོན་ནི་ད་ནི། ཀོས་ཐག་ནི་ཉམ་ཐག ཤ་ཀོན་ནི་ཤ་འཁོན་ཞེས་ནི་སྒྲ་ངེས་འཛིན་ལས་མཐུན་པར་སྦྱར་བ་དང་། ལ་དོན་གྱི་ཕྲད་ལ་སྒྲས་མིང་བརྡ་གཉིས་མཐུན་པར་སྟོན་པ་ལ་དཔེར་ན། ཡང་བོད་སྐད་མ་དག་པ་སྟེ་ཁོལ་པ་ལ་ཚལ་པ་དང་། ལོ་ཙཱ་བའི་ཡུལ་སྐད་དུ་ཤོར་བར་གྲགས་པ་སྟེ། བཀའ་སྩལ་བ་ལ་བཀའ་སྩལ་བ་སོགས་སོ་ཞེས་པ་ལྟར་དུ་སྣང་མོད་སྤྱིར་བཏང་ནི་སྒྲ་ལས་མཐུན་པར་སྦྱར་བ་ཉུང་བར་གནས། དེ་མིན་བརྡ་རྙིང་མིང་བརྡ་ལས་འགྲེལ་དཀའ་བ་ཁག་ལ་རྒྱུ་མཚན་དང་སྦྱར་ཏེ་བྱེད་སྒྲས་ཕྲད་ཀྱི་མཐུན་པར་སྦྱར་བ་དཔེར་ན། ཡང་ཁ་ཅིག་ལེགས་སྦྱར་གྱི་སྐད་ཟུར་ཆགས་པས་བརྡ་རྙིང་དང་མི་ཕྱེད་པ་ཡོད་དེ། ཀུལྨཱ་ཥ་ཞེས་པ་ཟན་དྲེན་གྱི་མིང་སྟེ་ཟུར་ཆགས་པས་ཀེལ་མ་དང་། ཀ་ཊོ་ར་ཟུར་ཆགས་པས་ཀ་ཏོ་ར་དང་། ཀལྤ་པའང་བསྐལ་ཞེས་བོད་ཀྱི་བརྡར་མཛད་པ་ཞེས་པ་ལྟ་བུ་སོགས་ནི་བྱེད་སྒྲའི་ཕྲད་ཀྱིས་མཐུན་པར་སྦྱར་བ་སོགས་ཡོད་པ་དང་། དག་ཡིག་བསྟན་བཅོས་ལས་ཀྱང་འགའ་ཤས་ནི་མིང་བརྡ་གཉིས་གཅིག་ལྟོས་གཅིག་ཏུ་བཞག་པས་བརྡ་རྙིང་བ་རྣམས་བརྡ་གསར་པ་རྣམས་ཀྱི་གོ་བར་བྱེད་པ་དང་། བསྟན་བཅོས་འགའ་ཤས་ནི་མིང་བརྡ་རྙིང་པ་རྣམས་ཐད་ཀར་ཚིག་སྦྱོར་ཀྱི་བརྗོད་པ་ལས་འགྲེལ་བ་དཔེར་ན་ལི་ཤའི་གུར་ཁང་དུ་པུསྟ་ཀ་གླེགས་བམ་གྱི་སྐད་དོད་ཟུར་ཆག་པས་པོ་ཏི་ཞེས་པ་དང་། སུ་ཏྲ་ཛཱི་ཝ་བུའི་འཚོ་བ་ཞེས་པ་ཟུར་ཆག་པས་འབོ་དེ་ཙི་དང་། རུ་དྲཱ་ཀྵ་ཞེས་པ་དྲག་པོའི་མིག་ཅེས་པ་ཟུར་ཆག་པས་རག་ཤ་དང་། སིནྡྷཱུ་ར་ཞེས་པ་ལི་ཁྲིའི་སྐད་དོད་ཟུར་ཆག་པས་སེ་འདུ་ར་དང་། ཞེས་པ་ལྟར་འབྱུང་བ་སོགས་ཡོད། དབུས་པ་བློ་གསལ་ལགས་ཀྱིས་མཛད་པའི་བརྡ་གསར་རྙིང་གི་རྣམ་པར་དབྱེ་བ་བཞུགས་སོ་ཞེས་པའི་ཁྲོད་ཀྱི་དོན་མཐུན་པའི་བརྡ་གསར་རྙིང་གི་མིང་བརྡ་རྣམས་ནི་ཚིགས་བཅད་ཀྱི་ལམ་ནས་བསྟན་པ་དཔེར་ན་འདིར་ནི་སྐད་རྙིང་ཀྭ་དང་གག །ཏེ་པོར་སྐྱོར་སྐྱོར་ལེག་པ་རྣམས། གསར་བཅད་ལ་ནི་ཀྱེ་དང་གང་། །ཤིན་ཏུ་ཡང་ཡང་ལེགས་པ་ཟེར། བླ་འོག་སྤྱི་བོ་བླ་སྐྱལ་བ། །དཔུང་བོ་རྩ་ལག་ཞིག་གུ་ལ། །སྟེང་འོག་རྩེ་མོ་མི་ཟད་པ། །ཕུང་པོ་གཉེན་དང་སྨོན་པ་ཟེར། །གཉའ་བོ་རིད་པ་གྱ་བ་དང་། །འཕྱ་བ་གྱག་པ་འཁན་པ་ལ། །དཔང་པོ་ངན་པ་ཉིས་པ་དང་། །སྨོད་པ་བརླག་པ་སང་བ་ཟེར། །ཞེས་པ་ལྟར་དུ་མཐུན་པར་སྦྱར་བའང་ཡོད།
དེ་ཡང་། མིང་བརྡ་གསར་རྙིང་གཉིས་ཀྱི་བསྟན་བྱ་ཕལ་ཆེར་མཐུན་པར་སྣང་བས་དོན་གཅིག་མིང་གི་རྣམ་གྲངས་སུ་རུང་ཡང་། མིང་བརྡ་རྣམས་ལ་མི་མཐུན་པའི་ཆོས་ཀྱང་ཡོད་དེ། དཔེར་ན་བརྡ་རྙིང་པའི་དུས་སུ་དབུ་སྙུང་ལྟ་བུ་ནི་དཔེར་ན། མནའ་གཅོད་པའི་ཚེ་ན། ཡར་མྱ་འབངས་ཀྱིས་དཔྱད་པའ་ཞེས་དབུ་སྙུང་དང་། བྲོ་སྩལ། བྲོ་བོར། མནའ་བོར། གཅིགས། དཀུ་བཅས་ནི་མནའ་བཞག་པའི་དོན་དུ་འཇུག་པས་དོན་མཐུན་པར་སྣང་ནའང་། མནའ་འཇོག་མཁན་གྱི་ཐོབ་ཐང་གི་ཆ་ནས་མི་མཐུན་པའི་ཆོས་ཀྱང་ཡོད་དེ། དཔེར་ན། རྒྱལ་པོ་དང་བློན་པོ་སོགས་མཐོ་རིམ་མི་སྣ་ལ་དབུ་སྙུང་ཞེས་གུས་ཚིག་གིས་འཇུག་པ་དང་། སྐྱེ་འགྲོ་ཕལ་པ་ལ་བྲོ་སྩལ་དང་བྲོ་བོར། དཀུ་བཅས་འཇུག་པ་དང་གཙིགས་ནི་ཕལ་ཆེར་མནའ་ཚིག་དང་སྐབས་ལ་ལར་མནའ་ལའང་འཇུག་པར་བཤད་པ་ལྟ་བུ། དཔེར་ན། བན་དེ་ཏིང་ངེ་འཛིནད་ཀྱ་མྱེས་ཁུ་པོ། དབྱ་གོང་གི་རྒྱུད་ཀྱང་། དབུ་སྙུང་གཙིགས་གནང་ངོ་། །ལྟ་བུ་དང་། བཙན་པོ་ཡབ་དང་སྲས་ཀྱི་ཡུམ་གྱིས་དབུ་སྙུང་བཟུང་ཞིང་ཡི་དམ་བཅས་པ་དང་། ཕྱི་ནང་གི་བློན་པོ་ཆེ་ཕྲ་མཐའ་དག་བྲོ་སྩལ་བའི་གཙིགས་ཀྱི་ཡི་གེར་བྲིས་པའོ། །ལྟ་བུ། ཐ་ཚིག་གི་རྣམ་པས་ཀྱང་བཤད། སྲོག་ཆགས་བསད་དེ་མནའ་ཡང་བོར་ནས། གཙིགས་བཅས་སོ། །ཞེས་པ་ལྟ་བུ་ཅི་མང་ཡོད་པ་ལས་མཁས་པ་སོ་སོའི་མིང་བརྡའི་འགྲེལ་སྟངས་ལ་མི་མཐུན་པ་ཅི་མང་ཡོད་ཀྱང་། འདིར་བརྡ་རྙིང་མིང་བརྡ་སོ་སོའི་བསྟན་བྱ་ཕལ་ཆེར་མཐུན་པས་དོན་གཅིག་མིང་གི་རྣམ་གྲངས་སུ་བཞག་རུང་བར་འདོད་དོ། །
(དཔྱད་རྩོམ་འདི་ནི་ཀྲུང་གོ་མི་རིགས་སྐད་ཡིག་ཆ་འཕྲིན་ལག་རྩལ་སློབ་གསོ་པུའུ་ཚོད་ལྟ་ལྟེ་གནས་ཀྱི་ལས་གཞི་[KFJJ201704]དང་། ཀྲུང་དབྱང་སློབ་ཆེན་གྱི་ལས་གཞི་རྣམ་གྲངས་31920190002དང་Yxm2019003གསུམ་གྱི་གནས་སྐབས་དཔྱད་འབྲས་ཡིན།)