སྤྱོད་ལམ་དང་ཁྲིམས་ལུགས་།
དགེ་དར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-22
ཁྲིམས་ལུགས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐོན་རྫས་ཤིག་གམ་མིའི་རིགས་ཀྱི་དགོས་མཁོར་གཞིགས་ཏེ་གསར་དུ་བསྐྲུན་པ་ཞིག་ཡིན་པས། མི་སུས་ཁྲིམས་ལུགས་སྣང་མེད་དུ་བཞག་ཚེ། མི་དེས་གཞན་གྱི་རྩིས་ཐང་དང་འདྲ་མཉམ་གྱི་དབང་ཆར་གནོད་པ་བཏང་ཟིན་པས། ང་ཚོས་ཅིས་ཀྱང་ཁྲིམས་ལུགས་ཀྱི་ལྕགས་རི་ལས་མ་བརྒལ་བར་རང་ཉིད་ཀྱི་སྤྱོད་ལམ་ལ་འགན་སྲུང་བྱ་དགོས། ཁྲིམས་ལུགས་ཀྱིས་བསམ་སྦྱོར་རྒྱ་ཡན་དུ་ཤོར་བའི་མི་ལ་ཚོད་འཛིན་ནམ་བསླབ་བྱའི་ཚུལ་གྱིས་ལམ་ཡག་པོ་ཞིག་སྟོན་སྲིད་པས་ན། ང་ཚོས་ངེས་པར་དུ་ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏང་དགོས། དེས་རང་གཞན་ཀུན་གྱི་འདྲ་མཉམ་མ་ཡིན་པའི་རྩོད་ཉོག་གམ་སྡུག་བསྔལ་སེལ་ཐུབ་པ་ཡིན།
དེང་སང་ཡང་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་ལྷད་མ་འདྲེས་པའི་བརྩེ་དུང་གི་གདོང་འབག་གྱོན་ནས་ཕོ་མོ་འདྲ་མཉམ་དང་སྐྱེས་མའི་རྩིས་ཐང་རྡོག་པས་བརྫིས་ཏེ། རང་སྣང་གང་ཤར་གྱིས་རང་ཉིད་ཀྱི་ཆུང་མར་གཅར་རྡུང་དང་དམའ་འབེབས་ཀྱིས་གཉའ་གནོན་བྱེད་བཞིན་པ་ནི་ཀུན་གྱི་མིག་མཐོང་ལག་ཟིན་དུ་གྱུར་ཡོད་ཅིང་། བྱ་སྤྱོད་དེའི་རིགས་ནི་རང་གཞན་ཚང་མའི་མིག་མདུན་དུ་རྒྱུན་ལྡན་ལྟ་བུ་ཞིག་ཏུ་གྱུར་འདུག །ཆུང་མ་རང་ཉིད་ནས་ཀྱང་ཁྱོ་གས་གཅར་རྡུང་བྱས་པ་ལ་བཟོད་བསྲན་བྱས་ཏེ་སྔོན་དུས་ཀྱི་རྒྱལ་པོ་དང་སྐུ་དྲག་རྣམས་ཀྱི་ལས་གཡོག་བཞིན་དུ་མགོ་བོ་དུད་དེ་འགྲོ་བ་ནི་ཁོ་མོ་དག་གི་ལས་དབང་དུ་བསམས་ཡོད། དེ་ནི་ཧ་ཅང་མི་ལེགས་པའི་བྱ་སྤྱོད་ཅིག་ཡིན་ཏེ། ང་ཚོའི་སྤྱི་ཚོགས་སུ་ད་ལྟ་ད་དུང་ཡང་ཕོ་མོ་འདྲ་མཉམ་དང་ཁྱོ་ཤུག་འདྲ་མཉམ་ཡིན་པའམ་ཡིན་དགོས་པའི་ཁྲིམས་ཀྱི་འདུ་ཤེས་ཁྱོན་ནས་མི་འདུག
ཐོག་མར་ཕོ་མོ་གཉིས་ཁྱིམ་གཅིག་ཏུ་གྱུར་མ་ཐག་ཕན་ཚུན་ཁ་འཆམ་ཁོག་འགྲིག་ཡིན་ཡང་། རྗེས་སུ་བྱིས་པ་བཙས་རྗེས་བུད་མེད་དག་གི་སེམས་ཇེ་གཉོམ་དུ་གྱུར་ཅིང་། ཐ་ན་དོན་དག་ག་གེ་མོ་ཞིག་གི་དབང་གིས་ཁྱོ་ཤུག་བར་དུ་འཁོན་འཛིན་ལྟ་བུ་བྱུང་ཚེ། བྱིས་པ་སེམས་ཀྱིས་མི་མཐོང་བ་དང་བཟའ་འཐོར་བྱུང་རྗེས་བུ་བཙས་བུད་མེད་ཅིག་གནས་ལ་འགྲོ་རྒྱུར་དཀའ་ཁག་ཡོད་པ་སོགས་རྐྱེན་བྱས་ཏེ། ཁྱོ་གའི་སྐད་ཆ་མཐའ་དག་ལ་ཡ་ལན་སྤྲོད་ཐུབ་ཀྱིན་མེད་ལ་བཟའ་འཐོར་བྱེད་པར་ཡང་སྐྲག་གིན་ཡོད། དེ་བས། ཁྱོ་ག་དག་གིས་རྒྱུ་མཚན་དེར་དམིགས་ཏེ་ནམ་ཡང་ཆུང་མར་ཐུབ་ཚོད་གཏོང་བའི་དོན་དག་མང་པོ་འབྱུང་བཞིན་འདུག །ཐ་ན་ཁྱོ་ག་རང་ཉིད་ཕྱི་ཡི་དོན་དག་གམ་མི་གཞན་གྱིས་སེམས་མི་སྐྱིད་པར་བཏང་བ། ཡང་ན་ཆང་འཐུང་ནས་ར་བཟི་བར་གྱུར་བ་སོགས་བྱས་ཚེ། ཕྱིར་རང་ཁྱིམ་ལ་ཡོང་ནས་ཆུང་མར་ངན་ཁག་དཀྲི་བ་དང་གཅར་རྡུང་བྱེད་པའང་ཡོད།
དོན་དག་འདི་ལྟ་བུ་མང་པོ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ང་ཚོའི་ཁོར་ཡུག་གི་མི་རྣམས་ལ་ཁྲིམས་ལུགས་ཀྱི་གོ་རྟོགས་དམའ་ཞིང་། རང་ཉིད་ཀྱི་སྤྱོད་ལམ་རྒྱ་ཡན་དུ་བཏང་ནས་དུས་རབས་གོང་མའི་ཕོ་མོ་འདྲ་མཉམ་མ་ཡིན་པའི་འདུ་ཤེས་རྙིང་རུལ་ད་དུང་ཡང་བདག་པོ་བརྒྱབ་ཡོད་པས་མ་ཡིན་ནམ། བུད་མེད་དག་གིས་རང་ཉིད་ཀྱི་ཐོབ་ཐང་མི་རྩོད་པར་ནམ་ཡང་སྐྱེས་པ་དག་ལས་དམན་པར་འདོད་པའི་ཀུན་སློང་ཞིག་ཤ་གསེང་རུས་གསེང་དུ་ཟུག་ཅིང་རྐང་མར་བཞིན་དུ་ཉར་ཡོད་པ་མ་ཡིན་ནམ། སྐྱེས་པ་རྣམས་ཀྱིས་ཀྱང་ཡིན་ཡིན་ཅོག་ཅོག་གིས་རང་ཉིད་ནི་བུད་མེད་དག་ལས་སྐྱེས་ཐོབ་ཀྱི་དབང་ཐང་ཆེ་བ་དང་བྱ་བ་གང་ལ་འཇུག་ཀྱང་ནུས་པ་ལྡན་པར་བསམ་ཏེ། ཕོ་མཆོག་མོ་དམན་གྱི་འདུ་ཤེས་ལ་ཤི་འཐམ་རོ་འཐམ་བྱེད་ཅིང་། ཐ་ན་བུད་མེད་དག་གིས་བྱ་བ་ཆུང་ངུ་ཙམ་ལ་བསམ་ཚུལ་རེ་བཤད་ནའང་མི་དགའ་བའི་བསམ་སྦྱོར་ཅི་རིགས་སྤེལ་བཞིན་ཡོད་པ་རེད།
གང་ལྟར། འུ་ཅག་གིས་རྒྱུན་མཐོང་ངམ་ཉེ་འཁོར་གྱི་བྱ་སྤྱོད་མི་ལེགས་པ་འདི་དག་ཐག་གཅད་དགོས་ན་ཁྲིམས་ལུགས་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་སྟེ། སུས་ཁྲིམས་དང་མི་མཐུན་པའི་སྦྱོར་བ་བརྩམས་ཚེ། ཁྲིམས་ཀྱི་ཚད་ཤིང་གི་སྟེང་དུ་འཇོག་དགོས་ཤིང་ཁིྲིམས་ཀྱི་ངོས་ནས་འདྲ་མཉམ་གྱི་ལྟ་སྐྱོང་འཐོབ་པར་རེ་བ་བྱ་དགོས་པ་རེད། དེ་ལྟར་བྱས་ཚེ་རང་ཉིད་ནི་ནམ་ཡང་གཉའ་གནོན་གྱི་སྡུག་བསྔལ་མྱོང་ནས་སྡོད་མཁན་དེ་མ་ཡིན་པར་མི་གཞན་དང་འདྲ་བར་འདྲ་མཉམ་གྱི་ལས་སྐལ་རེག་ཅིང་། རང་ཉིད་ཀྱི་ཁྲིམས་མཐུན་རང་དབང་དང་རྩིས་ཐང་ལ་བདག་པོ་བྱ་ཆོག་པ་རེད། ཁྲིམས་ཀྱི་ཤེས་བྱ་འཐུས་ཚང་དུ་སོང་བའི་དུས་རབས་འདིར་འུ་ཅག་སྔོན་གྱི་མུན་ནག་དང་རྒྱུ་འབྲས་བོར་བའི་དུས་སྐབས་ལ་འབྲལ་ཆོག་པ་ཡིན་ལ། ངེས་པར་དུ་འབྲལ་དགོས་པ་ཞིག་ཀྱང་རེད།
ཁྲིམས་ཀྱི་འདུ་ཤེས་མཐོར་འདེགས་སུ་གཏོང་བ་ལ་ཤེས་ཡོན་པས་སྣེ་ཁྲིད་དེ། ཁྲིམས་ལུགས་ཤེས་ཡོན་པ་མང་ཚོགས་ཀྱི་ཁྲོད་དུ་གདན་འདྲེན་པ་དང་རང་སའི་ཤེས་ཡོན་པས་རང་ནུས་ཅི་ལྕོགས་ཀྱིས་མང་ཚོགས་ལ་ཁྲིམས་ལུགས་ཀྱི་ཤེས་བྱ་འདོན་སྤྲོད་དང་ངོ་སྤྲོད་བྱ་རྒྱུ་ཧ་ཅང་གལ་ཆེ་ལ། མང་ཚོགས་ཀྱིས་ཀྱང་རང་རང་སོ་སོ་ནས་ཁྲིམས་ཀྱིས་རང་ཉིད་སྲུང་བའི་ནུས་པ་ལ་བརྩི་འཇོག་བྱས་ཏེ། ཁྲིམས་ཀྱི་ཤེས་བྱ་འཐོབ་པ་ལ་ཐབས་བརྒྱ་ཇུས་སྟོང་གིས་འབད་བརྩོན་བྱ་དགོས་པ་རེད།
དེ་ལྟ་དེ་ལྟར་ག་དུས་ཡིན་ཡང་རང་ཉིད་གཉའ་གནོན་གྱི་འོག་ནས་འཚར་ཞིང་རྒས་ཏེ་འཆི་དགོས་པའི་འཚོ་བ་ལ་མཇུག་བསྡུ་དགོས་པ་རེད། ང་ཚོས་ཅིས་ཀྱང་ཧུར་བརྩོན་བྱ་དགོས། ལྷག་ཏུ་བུད་མེད་དག་གིས་ཁྱོ་ཤུག་འདྲ་མཉམ་གྱི་ལྟ་ཚུལ་བཏོན་ཏེ་ཁྲིམས་རྒྱབ་རྟེན་དུ་བཟུང་ནས་རང་ཉིད་དམན་པར་འདོད་པའི་འདུ་ཤེས་ལས་ལམ་དུ་ཆས་དགོས། དེ་ནི་མི་རིགས་དང་ས་གནས་ཀྱི་འཕེལ་རྒྱས་ཤིག་ཀྱང་ཅི་ལ་མིན། དེ་བས། ངེས་པར་དུ་མིག་རྒྱང་རིང་པོར་བྱས་ཏེ་ཕྱི་རབས་པའི་ཆེད་དུ་ལམ་ལ་ཆས་དགོས། ཁྲིམས་ལུགས་ནི་བག་མེད་ཀྱི་སྤྱོད་པར་ཚོད་འཛིན་དང་མིའི་རྩིས་ཐང་སྲུང་བྱེད་ཀྱི་ལག་ཆ་ཆེས་བཟང་ཤོས་དེ་ཡིན་པ་སེམས་ལ་ངེས་དགོས་སོ། །