ན་འཐུང་དུས་འདི་དག་ལ་ཡིད་གཟབ་བྱ་རོགས་།
སྨན་འཐུང་སྟངས་ནི་ཧ་ཅང་གཟབ་གཟབ་བྱེད་དགོས་པའི་བྱ་སྤྱོད་ཅིག་རེད། གལ་ཏེ་སྨན་རྫས་བཀོལ་སྤྱོད་ལུགས་དང་མཐུན་ཚེ། བདེ་ཐང་ལ་ཕན་པ་དང་། སྨན་རྫས་བཀོལ་སྤྱོད་ལུགས་དང་མ་མཐུན་ཚེ། ནད་རིགས་གསོ་བཅོས་བྱེད་པར་ཤུགས་རྐྱེན་བཟོ་བ་མ་ཟད། ནད་པའི་ལུས་ཕུང་ལ་གནོད་པ་ཆེན་པོ་བཟོ་སྲིད།
ཆུས་ཞུ་རུ་བཅུག་རྗེས་ད་གཟོད་འཐུང་བ།
མི་ལ་ལས་སྨན་རིལ་འཐུང་ན་བྱིས་པའི་མིད་པར་ཐོགས་པར་དོགས་ནས། སྨན་རིལ་དེ་ཕྱེ་མར་བཟོ་བའམ་ཡང་ན་ཆུའི་ནང་དུ་ཞུ་རུ་བཅུག་རྗེས་ད་གཟོད་བྱིས་པར་ལྡུད་བཞིན་ཡོད། དེ་ལྟར་བྱས་ན་སྨན་ནུས་ཐོན་མི་ཐུབ་པར་མ་ཟད། ད་དུང་སྨན་རྫས་ཀྱིས་ཞོར་སྐྱོན་ཐེབས་སྲིད།
སྨན་སྐམ་མིད་བྱེད་པ།
མི་ལ་ལས་སྨན་འཐུང་སྐབས་ཆུ་མི་འཐུང་བར་སྨན་ཁོ་ན་སྐམ་མིད་བྱེད་བཞིན་པ་དེ་ནི་ཧ་ཅང་ཉེན་ཁ་ཆེ་བ་ཞིག་ཡིན། སྨན་སྐམ་མིད་བྱས་ན་ཕྱོགས་གཅིག་ནས་མིད་པར་གནོད་པ་དང་། ཕྱོགས་གཞན་ཞིག་ནས་ཆུ་མང་པོ་ཞིག་གིས་སྨན་རྫས་ཞུ་བར་རོགས་རམ་བྱེད་མ་ཐུབ་ན། སྨན་རྫས་ལ་ལ་ཁོག་པའི་ནང་དུ་རྡེའུ་སྐྲན་དུ་འགྱུར་ངེས།
སྨན་འཐུང་སྐབས་བཟའ་བཏུང་གི་འཛེམ་བྱར་
མཉམ་འཇོག་མི་བྱེད་པ།
སྨན་འཐུང་སྐབས་བཟའ་བཏུང་ལ་མཉམ་འཇོག་མ་བྱས་ཚེ་སྨན་གྱི་ཕན་ནུས་ཇེ་དམའ་རུ་གཏོང་སྲིད་པ་དང་། མ་ཟད་ཚབས་ཆེ་ཚེ་ད་རུང་ཚེ་སྲོག་ལ་ཉེན་ཁ་བཟོ་སྲིད། དཔེར་ན་གཉན་ཚད་འཇོམས་པའི་སྨན་རིགས་སྨན་འཐུང་སྐབས་ཆང་འཐུང་མི་ཉན་པ་ལྟ་བུ། རྒྱུན་ལྡན་གྱི་འཚོ་བ་ཁྲོད་དུ་མཐོང་རྒྱུ་མང་པའི་སྨན་རིགས། དཔེར་ན། ཧའོ་མེ་སུའུ། (红霉素) ཆིང་མེ་སུའུ། (青霉素) ཐའོ་པའོ། (头孢) ཨ་མོ་ཞི་ལིན། (阿莫西林)སོགས་གཉན་ཚད་འཇོམས་པའི་སྨན་རིགས་འཐུང་པ་ཡང་སྨན་ཁབ་བརྒྱབ་རྗེས་ཀྱི་གཟའ་འཁོར་གཅིག་གི་ཡས་མས་ཆང་འཐུང་ཉན་མི་ཉན། དེ་མ་ཟད་ད་དུང་སྨན་མ་འཐུང་གོང་གི་ཉིན་གསུམ་བཞི་ཙམ་ཀྱི་དུས་ཚོད་ནང་དུ་ཆང་འཐུང་ཡོད་ནའང་སྨན་པར་དེ་ཤེས་སུ་འཇུག་དགོས། རྒྱུ་མཚན་ནི་ཆང་དང་སྨན་རིགས་འདི་དག་ལུས་པོ་ནང་རྫས་འགྱུར་གྱི་འགྱུར་འབྱུང་(双硫仑样反应)ཞེས་པ་ཞིག་བྱུང་ནས་མགོ་ཡུ་འཁོར་བ་དང་སྐྱུག་མེར་ལངས་པ་སོགས་ཀྱི་ནད་རྟགས་བྱུང་པ་མ་ཟད། མི་ལ་ལའི་ཚེ་སྲོག་ཤོར་པའི་ཉེན་ཁ་བཟོ་སྲིད།
སྨན་རྟ་སྣ་ཚོགས་བཀོལ་ནས་སྨན་འཐུང་པ།
དམིགས་བསལ་གྱི་སྨན་ལ་སྨན་རྟ་དམིགས་བསལ་བཀོལ་དགོས་པའི་བཤད་སྲོལ་ཡོད་པ་མ་གཏོགས། རྒྱུན་ལྡན་འཚོ་བ་ཁྲོད་དུ་མཐོང་པའི་སྨན་མང་པོ་ཞིག་ནི་ཆུ་ཁོལ་བཀོལ་ནས་འཐུང་དགོས། འོ་མ་དང་སིལ་ཁུ། ཇ། ཁུ་ནག་སོགས་བཏུང་བྱ་སྣ་ཚོགས་ཀྱིས་འཐུང་ན་སྨན་གྱི་ནུས་པར་ཤུགས་རྐྱེན་ཐེབས་སྲིད་ལ། ཐ་ན་ཉེན་ཁ་ཡང་བཟོ་སྲིད། སྨན་འཐུང་བའི་བྱེད་ཐབས་ཡང་དག་པ་ནི་ཆུ་ཁོལ་དྲོད་འཇམ་གྱིས་འཐུང་དགོས་པ་དེ་ཡིན། མི་མང་པོ་ཞིག་ལ་མཚོན་ན་རྒྱུན་དུ་སྟབས་བདེ་བའི་ཆེད་དང་ཡང་ན་རོ་མངར་བའི་ཆེད་དུ་ཇ་དང་སིལ་ཁུ་སོགས་སྐོམ་ཆུ་བཀོལ་ནས་སྨན་འཐུང་བ་རེད། དོན་དངོས་སུ་དེ་ལྟར་བྱས་ན་སྨན་ནུས་ཉམས་པ་དང་ལུས་ཕུང་བདེ་ཐང་ལའང་གནོད་སྲིད། སིལ་ཁུའི་རིགས་གང་ལའང་དེའི་ནང་དུ་འཚོ་བཅུད་cདང་སིལ་སྐྱུར་ཡོད་ཅིང་སྐྱུར་བའི་རྫས་ཀྱིས་སྨན་གང་ཡིན་ཡང་ཞུ་མ་རན་གོང་ལ་ཞུ་བར་བྱེད་པས་རྒྱུ་མའི་ནང་དུ་སྨན་ཞུ་བར་བར་ཆད་བཟོ་ཞིང་སྨན་གྱི་ནུས་པར་ཤུགས་རྐྱེན་ཐེབས་ཏེ་ཞོར་སྐྱོན་འབྱུང་བ་ཡིན།
སྨན་མང་པོ་མཉམ་དུ་འཐུང་བ།
སྨན་མང་པོ་མཉམ་དུ་འཐུང་ཚེ། སྨན་རྫས་བར་གྱི་ཕན་ཚུན་གྱི་ནུས་པར་གནོད་པ་ཐེབས་པ་དང་། ཐ་ན་ད་རུང་བསམ་ཡུལ་ལས་འདས་པའི་དོན་དག་བཟོ་སྲིད། གལ་ཏེ་ནད་རིགས་མང་པོ་ཞིག་བྱུང་ཡོད་པའི་རྐྱེན་གྱིས་སྨན་མང་པོ་འཐུང་དགོས་པའི་ནད་པས་ངེས་པར་དུ་སྨན་པའི་མཛུབ་སྟོན་འོག་ཏུ་སྨན་འཐུང་བ་ལས་རང་འདོད་ལྟར་བྱེད་མི་རུང་། །