མཛོད་དགེ་རྫོང་གིས་བྱེ་བཅོས་བྱེ་འགོག་ལ་ཤུགས་སྣོན་བརྒྱབ་ནས་ཐང་རྒོད་དུ་སྔོ་ལྗང་གོས་ཀྱིས་བརྒྱན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 09-23


      “ས་ཆ་དེ་དག་སྔོན་ཆད་ཚང་མ་རྒྱུག་བྱེ་ཡིན། ད་ལྟ་དེ་དག་དམ་པོར་བཀག་ཡོད།” ཟླ9པའི་ཚེས20ཉིན། མཛོད་དགེ་རྫོང་བྱམས་མེ་གྲོང་རྡལ་ཤིས་ཚང་གྲོང་ཚོའི་བྱེ་བཅོས་ས་ཚིགས་སུ་མཛོད་དགེ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་སྣོད་བཅུད་སླར་གསོ་ཁོའོ་ཡི་བཟོ་བཀོད་པ་ཐུའུ་ཧྲེང་གིས་རྐེད་པ་སྒུར་ནས། ཐང་ནས་བྱེ་མ་སྤར་མོ་གང་བཟུང་ནས་ཡང་ཡང་མཉེད་པ་རེད། རྒྱང་རིང་དུ་དེ་སྔའི་རི་རྒོད་དུ་སྔོ་ལྗང་གི་མདོག་ཙམ་ཤར་འདུག
     བྱམས་མེ་གྲོང་རྡལ་ཤིས་ཚང་གྲོང་ཚོའི་བྱེ་བཅོས་ས་ཚིགས་ནི《སི་ཁྲོན་ནུབ་རྒྱུད་བོད་རིགས་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་2016ལོའི་མཛོད་དགེ་རྫོང་གི་བྱེ་འགྱུར་ས་ཆ་བཅོས་སྒྲིག་འདུ་འགོད(དུས་ཐེངས་གཉིས་པ)》ཀྱི་རྣམ་གྲངས་ཀྱི་འཛིན་གྲྭ་ཆུང་གྲས་ཨང་43པ་དེ་ཡིན་ལ། བཅོས་སྐྱོང་རྒྱ་ཁྱོན་སྤྱི་ཆིང་211.55ཟིན་ཡོད། མིག་སྔར་འཁོར་རྒྱུག་བྱེ་ས་དེར་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་བརྒྱུད་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འཁོར་རྒྱུག་བྱེ་སྒང་ནི་ཕྱེད་གཏན་འཇགས་ཀྱི་བྱེ་ས་དང་ཐ་ན་གཏན་འཇགས་བྱེ་ས་རུ་བསྒྱུར་བ་དང་། འཁོར་རྒྱུག་བྱེ་ཁུངས་ཀྱི་མཆེད་ཕྱོགས་བཀག་འགོག་བྱས་ཡོད་པ་དང་། བྱེ་སྒང་གནས་སའི་ས་ཁོངས་སུ་རླུང་ཟད་ཀྱི་གནས་ཚུལ་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད།
     མཛོད་དགེ་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ཁུངས་གསོ་འཁྱོངས་ཁུལ་གལ་ཆེན་ཞིག་ཡིན། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་བྱེ་འགྱུར་བཅོས་སྐྱོང་ཡག་པོ་བྱེད་པ་ནི་ས་གནས་དེ་གའི་རྩྭ་ཐང་གི་སྔོ་ཁེབས་སྲུང་སྐྱོང་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བརྟན་པོ་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
     མཛོད་དགེ་ཡི་བྱེ་ས་གཙོ་བོ་ནུབ་བྱང་རྒྱུད་དུ་ཁྱབ་ཡོད། འདི་ནི་རྨ་ཆུའི་ཆུ་ལམ་རྙིང་བའི་གཅིག་བསྡུས་ཁྱབ་ཁོངས་ཡིན། རྨ་ཆུ་མཛོད་དགེ་བརྒྱུད་དུས་ཐེངས་མང་པོར་ཆུ་ལམ་བསྒྱུར་བས། བྱེ་ཁུངས་འབོར་ཆེན་བཞག་ཡོད། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་དང་བདུན་ཅུའི་ནང་། བེད་སྤྱོད་བྱེད་ཆོག་པའི་རྩྭ་རའི་རྒྱ་ཁྱོན་ཆེ་རུ་གཏོང་ཆེད། ཡུལ་མིས་འདམ་རའི་ཆུ་ཡུར་འདྲུ་བ་དང་ཆུ་དྲངས་པ་རེད། དེ་ཐོག་ཨ་བྲའི་གནོད་འཚེ་སོགས་རྒྱུ་རྐྱེན་གྱིས་རྐྱེན་པས་གཞི་ཁྱོན་ཆེ་བའི་འདམ་ར་དང་རྩྭ་ས་ཞན་འགྱུར་དང་ཐན་འགྱུར་བྱུང་། 2015ལོར་རྒྱལ་ཡོངས་ཀྱི་བྱེ་འགྱུར་ས་ཆ་ལྟ་ཞིབ་ཚད་ལེན་ཐེངས་ལྔ་པའི་འབྲས་བུ་ལས་མངོན་པར། མཛོད་དགེ་རྫོང་གི་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ཆིང་80308.18ཟིན་པ་དང་། དེས་རྩྭ་ཐང་རྒྱ་ཁྱོན་གྱི་9.9%བཟུང་ཡོད། དེ་ཤང་(གྲོང་རྡལ)དང་། ར་བ། གྲོང་ཚོ་32བཅས་དང་འབྲེལ་བ་ཡོད་པ་རེད།

     མཛོད་དགེ་ཡི་བྱེ་འགྱུར་ས་ཆ་དེ་གཙོ་བོ་འཁོར་རྒྱུག་བྱེ་སྒང་དང་ཕྱེད་གཏན་འཇགས་ཀྱི་བྱེ་ས། གཏན་འཇགས་བྱེ་ས། ཕྱི་མངོན་བྱེ་ས་བཅས་བྱེ་ས་རིགས་4ཡོད། དེའི་ནང་འཁོར་རྒྱུག་བྱེ་སྒང་ནི་རྒྱ་སྐྱེད་ཀྱི་མྱུར་ཚད་མགྱོགས་པས་བྱེ་བཅོས་ལས་དོན་ཁྲོད་ཀྱི་དཀའ་གནད་ཆེ་ཤོས་སུ་གྱུར་ཡོད། བྱེ་བཅོས་ཀྱི་དཀའ་གནད་གཙོ་བོ་ནི་བྱེ་མ་འཇགས་ཐབས་དེ་ཡིན། ལོ་རེའི་ཟླ་11པ་ནས་ཕྱི་ལོའི་ཟླ་4པའི་བར་ནི་ས་གནས་དེ་གའི་རླུང་ཤུགས་ཆེས་ཆེ་བའི་དུས་ཚོད་ཡིན་ལ། བྱེ་བཅོས་བྱེད་དཀའ་ཤོས་ཀྱི་དུས་སྐབས་ཀྱང་ཡིན།


     གནད་དོན་དེ་ཐག་གཅོད་བྱེད་ཆེད། རྫོང་ནགས་རྩྭ་ཅུས་བྱེ་བཅོས་ཚོགས་པས་བྱེ་འགྱུར་ས་ཆ་དེ‘འཛིན་གྲྭ་ཆུང་གྲས’འགའ་ལ་འབྱེད་པ་དང་རི་མཐོའི་ལྕང་བྱེ་བཀག་ཆ་ཡིས་བྱེ་ས་གཏན་འཇགས་བཟོས་ཏེ། འཁོར་རྒྱུག་བྱེ་སྒང་མགྱོགས་མྱུར་ངང་རྒྱ་བསྐྱེད་པར་ཚོད་འཛིན་བྱས་པ་རེད། རི་མཐོའི་ལྕང་བྱེ་བཀག་ཆའི་མ་བཅོས་རྒྱུ་ཆ་ནི་ས་གནས་དེ་གའི་རྒྱུན་མཐོང་གི་རྩི་ཤིང་རི་མཐོའི་ལྕང་དམར་ཡིན། བྱེ་བཅོས་མི་སྣས་ཅུང་ཕྲ་བའི་ཡལ་ག་འགའ་མཉམ་དུ་འཁྱུད་དེ། རིང་ཚད་སྨི་2དང་ཞེང་ཚད་སྨི་4ཡོད་པའི་གྲུ་བཞི་ནར་མོའི་མཐའ་སྒྲོམ་བསླས་པ་རེད། དེ་ནས་ཅུང་སྦོམ་པའི་ཤིང་གི་ཡལ་ག་གཏན་འཇགས་ཀྱི་ཕུར་བར་བྱས་ནས་མཐའ་སྒྲོམ་རྣམས་བྱེ་སའི་ནང་དུ་བརྡབ་པ་རེད། རི་མཐོའི་ལྕང་མའི་མཉེན་ཆ་བཟང་བས་དེས་གཏན་འཇགས་ཀྱི་ནུས་པ་ཐོན་ཐུབ་པ་མ་ཟད། ད་དུང་བྱེ་མའི་ནང་དུ་སྐྱེས་ཐུབ་པ་རེད། དེའི་རྨང་གཞིའི་སྟེང་། བྱེ་བཅོས་མི་སྣས་ད་དུང་བཀའ་ཆ་ཁྲོད་རྩྭ་སྣ་ཚོགས་འདེབས་འཛུགས་བྱས་ནས་བྱེ་འཇགས་ཀྱི་ཕན་འབྲས་ཆེ་རུ་བཏང་བ་རེད།

     གྲངས་གཞི་ལས་མངོན་པར་གཞིགས་ན། 2019ལོའི་ལོ་མཇུག་བར་མཛོད་དགེ་རྫོང་གིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་3.7བཏང་ནས། བྱེ་འགྱུར་ས་ཆ་སྣ་ཚོགས་སྤྱི་ཆིང་ཁྲི་2.7བཅོས་སྐྱོང་བྱས་ཡོད། དེས་རྫོང་ཡོངས་ཀྱི་བྱེ་འགྱུར་ས་ཆ་སྣ་ཚོགས་ཀྱི་སྤྱིའི་རྒྱ་ཁྱོན་གྱི་33.62%བཟུང་ཡོད། རྒྱལ་ཁབ་དང་། ཞིང་ཆེན། ཁུལ། རྫོང་བཅས་ཀྱིས་བྱེ་འགྱུར་ས་ཆ་བཅོས་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ལ། སྲིད་གཞུང་གིས་མ་དངུལ་འཇོག་པ་དང་། སྡེ་ཁག་མཉམ་འབྲེལ་བྱེད་པ། གྲོང་གསེབ་མཉམ་འགུལ་བྱེད་པ་བཅས་བརྒྱུད། རྣམ་གྲངས་འདེགས་སྐྱོར་དུ་བྱེད་པ་དང་གཙོ་གནད་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་བྱས་པར་བརྟེན་ས་གནས་དེ་གའི་བྱེ་འགྱུར་གནས་ཚུལ་ཐད“སྤྱིའི་ཆ་ནས་ལེགས་སུ་ཕྱིན་པ་དང་ཆ་ཤས་ཚོད་འཛིན་ཐུབ་པའི”འཕེལ་ཕྱོགས་བཟང་པོ་མངོན་ཡོད།


     བྱེ་བཅོས་ནི་གཙོ་བོ“གསུམ་ཆ་གཅིག་བཅོས་སྐྱོང་དང་། གསུམ་ཆ་གཉིས་དོ་དམ”བྱེད་དགོས། ཐུའུ་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བྱམས་མེ་གྲོང་རྡལ་ཤིས་ཚང་གྲོང་ཚོའི་བྱེ་བཅོས་ས་ཚིགས་མིག་སྔར་དུས་ཡུན་ལོ་གསུམ་གྱི་དོ་དམ་སྲུང་སྐྱོང་དུས་མཚམས་སུ་སླེབས་ཡོད་པ་དང་། དེའི་རིང་དོ་དམ་སྲུང་སྐྱོང་ས་ཁོངས་སུ་ཕྱུགས་འགོག་ནན་པོ་བྱ་དགོས། དེ་རྗེས་ཁག་དབྱེ་བ་དང་དུས་མཚམས་དབྱེ་ནས་བེད་སྤྱོད་བྱས་ཏེ་བྱེ་བཅོས་ཀྱི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས་པ་རེད།

     གསར་འགོད་པས་ཤེས་རྟོགས་བྱུང་བར་གཞིགས་ན། མཛོད་དགེའི་བྱེ་གནོད་མིག་སྔར་ཚོད་འཛིན་ཐུབ་པ་དང་བཅོས་སྒྲིག་ཐུབ་པ་མངོན་འགྱུར་བྱས་ཡོད། སྲིད་གཞུང་གིས་འདམ་རའི་ལུགས་མཐུན་བེད་སྤྱོད་ལས་དོན་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་དེ། འབྲོག་པ་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་བསྐྱོད་དེ་སྐྱེ་ཁམས་དོ་དམ་སྲུང་སྐྱོང་བྱེད་པར་སྐུལ་འདེབས་བྱས་ཡོད། ས་ཁོངས་དབྱེ་ནས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ས་གནས་དེ་གའི་སྐྱེ་ལྡན་ཟས་རིགས་ཐོན་ལས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ནས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་ས་གནས་དེ་གའི་གྲོང་མིའི་ཡོང་འབབ་མང་དུ་བཏང་བ་རེད།

http://tibet.people.com.cn/15824851.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1