བོད་ལྗོངས་སྙེ་མོའི་ཐོན་པའི་བོད་སྤོས་རིག་གནས་ཀྱི་ཡུལ་སྐོར་དུས་ཆེན་སྐབས་དང་པོ་འགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 09-25



           ཟླ9བའི་ཚེས21ཉིན་བོད་རང་སྐྱོང་ལྗོངས་ཀྲུང་གུང་སྙེ་མོ་རྫོང་ཨུ་ཡོན་ལྷན་ཁང་དང་སྙེ་མོ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི“སྙེ་མོའི་རོང་ཆེན་གྱི་ཐོན་པ་བོད་སྤོས་ཀྱི་འབྱུང་གནས”ཞེས་པའི་རིག་གནས་ཡུལ་སྐོར་དུས་ཆེན་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་དུ་འགོ་ཚུགས་པ་རེད། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དང་སྙེ་མོ་རྫོང་སོགས་འབྲེལ་ཡོད་ལས་བྱེད་པ་དང་མང་ཚོགས་སྟོང་ཕྲག་མང་པོ་མཉམ་དུ་འཛོམས་ཏེ། ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་རིག་གནས་ཉམས་ལེན་བྱས།

           ལོ་ངོ1300ལྷག་གི་རིང་རྒྱུན་འཛིན་བྱས་པའི་སྙེ་མོའི་བོད་སྤོས་ནི་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཡིན་ཞིང་། སྙེ་མོ་རྫོང་དུ་བོད་སྤོས་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་བས་བོད་སྤོས་རིག་གནས་སྤེལ་རེས་དང་། རྒྱུན་འཛིན། དར་སྤེལ་བཅས་ལ་དོན་སྙིང་གལ་ཆེན་ལྡན། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། རིག་གནས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྐུལ་འདེད་ཆེན་པོ་གཏོང་བ་དང་། རིག་གནས་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས། ཡར་ཀླུང་གཙང་བོའི་སྙེ་མོ་རོང་ཆེན་གྱི་སྐྱེ་ཁམས་ཞིང་སྡེའི་མཛེས་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་བརྒྱུད། “ལྷ་སའི་བྱང་ཕྱོགས་ཀྱི་སྐོར་རྒྱུག”ཡུལ་སྐོར་ལམ་ཐིག་ཕུལ་བྱུང་བཏོད་དེ་མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན།  

          ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་གྱི་དུས་ཡུན་ཉིན2ཡིན་ཞིང་། རིག་གནས་རྒྱུན་འཛིན་ཉམས་ལེན་ཡུལ་སྐོར་དང་། མཛེས་སྡུག་ལྡན་པའི་གྲོང་ཚོའི་སོས་དལ་ཡུལ་སྐོར། གྲོག་རོང་གི་སྐྱེ་ཁམས་ལྟ་སྐོར་ཡུལ་སྐོར། བོད་སྤོས་སྨན་ལུམས་ཁམས་གསོ་ཡུལ་སྐོར་བཅས་ཀྱི་ནང་དོན་གཙོར་བྱས་ནས་སྙེ་མོའི་གྲོག་རོང་ཆེན་མོའི“མཛེས་སྡུག་དང་། ཉེན་ཁ། བརྩེ་སེམས། ཁྱད་མཚར”བཅས་ཀྱི་ཐུན་མོང་མ་ཡིན་པའི་རྣམ་པ་ཉམས་སུ་མྱོང་རྒྱུ་དང་ཆབས་ཅིག གངས་ལྗོངས“བོད་སྤོས་རིག་གནས་ཀྱི་ཕ་སའི”གསོལ་སྟོན་གཟབ་རྒྱས་ལོངས་སྤྱོད་བྱ་རྒྱུ་རེད།  །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1