——《རྣམ་ཤེས་གསར་པའི་དཀྲོལ་སྒྲོག་རོལ་དབྱངས》ཀྱི་ཟུར་ཙམ་གླེང་བ།
རྨ་ལྷོ། རོང་བོ་དགེ་འདུན་ལྷུན་གྲུབ།
སྙན་ངག་པ་རེ་རྐང་གླིང་ན་རེ། ཁོ་བོ་རང་ངོས་ནས་སྙན་ངག་ནི་མིའི་རིགས་སམ་མི་རིགས་གང་དེའི་མཛེས་དཔྱོད་ཀྱི་བློ་སྟོབས་ཚད་མཐོན་པོ་ཞིག་ལ་ཐོན་དུས་སུ་སྤྱོད་རྒྱུན་དུ་དར་སོ་ཆེ་བའི་སེམས་ཀྱི་མྱང་བྱ་ཞིག་ཡིན་པས་ན། སྙན་ངག་གི་གྲུབ་མཐའ་མང་པོ་ཐོན་པ་དེས་ངོས་གཞན་ཞིག་ནས་མི་རིགས་སམ་རྒྱལ་ཁབ་དེའི་སྲིད་འབྱོར་རིག་གསུམ་གང་ཡིན་ཡང་སྐྱེ་སྟོབས་ཀྱི་དཔལ་མངོན་ཡོད་པ་མཚོན་འདུག་པས། ང་ཚོའི་བོད་འདི་ལ་སྙན་ངག་གི་གྲུབ་མཐའ་མང་པོ་འབྱུང་བར་ད་དུང་ཅུང་ཐག་རིང་རྒྱུ་རེད་བསམས་སོང་། ཞེས་སྨོས་ཀྱང་། གུས་པོས་བལྟས་ན་ང་ཚོའི་སྙན་ངག་གི་སྟེགས་བུ་འདིར་གློ་བ་ཤིན་ཏུ་ཉེ་ཞིང་དཀར་བ་ཞིག་མཆིས་ན། ད་ལྟ་ང་ཚོར་ཡང་སྙན་ངག་གི་གྲུབ་མཐའ་སྣ་མང་ཞིག་ནགས་ལ་མེ་མཆེད་པ་ལྟར་རྒྱས་བཞིན་ཡོད་པར་ཞུ་འདོད་བྱུང་ངོ་། །
སྐབས་སུ་བབ་པ།《རྣམ་ཤེས་གསར་པའི་དཀྲོལ་སྒྲོག་རོལ་དབྱངས》ཞེས་པའི་དེབ་འདི། ཤོག་ངོས258དང་སྙན་ངག66ཟུར་བཀོད་མགོ་བརྗོད་དང་མཇུག་བྱང་བཅས་བསྣན་ན70ཡིས་གྲུབ་ཅིང་། འདིར་བཏུས་པའི་སྙན་ངག་དག་ནི1999ལོ་ནས2009བར་དུ་བྲིས་པ་ཁོ་ནར་ངེས། རྩོམ་པ་པོའི་ལོ་ཚོད་ཀྱི་དབང་དུ་བྱས་ན་ཕོ་ལོ་ཉི་ཤུ་ནས་སུམ་ཅུའི་བར་དུ་བྲིས་པ་རྐྱང་རྐྱང་རེད། ལོ་ཚོད་འདི་ནི་འཕྲུལ་སྣང་དང་ཤེས་རབ། ཁ་ཕོ་དང་སྙིང་སྟོབས་ཀྱིས་གནམ་ས་སྒུལ་བའི་དུས་ཚོད་ཡིན། དུས་ཚོད་འདིར་ཁོའི་རྩོམ་ཡིག་ཀྱང་ན་གཞོན་གྱི་ང་རྒྱལ་དང་ཁ་ཕོ། སྙིང་སྟོབས་ཀྱིས་ཕྱུག་ཡོད་པར་མ་ཟད། རྩོམ་པ་པོར་སྙན་ངག་རྩོམ་པ་ལ་འཇུག་པའི་ནང་གི་རྒྱུ། རང་བཞིན་གྱིས་གྲུབ་སྤོབས་པ་དང་། །མང་དུ་ཐོས་པ་དྲི་མེད་དང་། །མངོན་པར་སྦྱོར་བ་མི་དམན་པ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །གསུངས་པ་བཞིན་རང་བཞིན་གྱིས་གྲུབ་པའི་སྤོབས་པ་དང་ཤེས་རབ།འཛམ་གླིང་ཤར་ནུབ་ཀྱི་རྩོམ་རིག་ལ་མང་དུ་ཐོས་པ་ཡོད་པ་དང་། ཐོས་པ་འཚོལ་བ་ལ་ངོམས་པ་མེད་པའི་རྒྱུ་རང་ཆས་སུ་རྫོགས། (མཚམས་འདིར་གསལ་བཤད། 1999-2009 སྐབས་དེར་རྩོམ་པ་པོས་འཛམ་གླིང་ཤར་ནུབ་ཀྱི་བརྩམས་ཆོས་གྲགས་ཅན་གང་མང་བཀླགས་ཤིང་། བཀླགས་པའི་རྗེས་སུ་མཆན་བཏབ་པ་དང་སྨྱུག་རྩེ་དམར་སེར་གྱིས་རྟགས་བཏབ་ཡོད་པ། གུས་པོས་མང་པོ་མཐོང་མྱོང་།)
དེང་རབས་ཀྱི་རྩོམ་རིག་ལ་མཁས་པ་ཞིག་གིས་ན་རེ། “ད་ལྟའི་རྩོམ་པ་པོ་ཕལ་མོ་ཆེ་ཞིག་གིས་དེང་རབས་རྩོམ་རིག་གཞུང་ལུགས་སྡུད་ལེན་བྱས་པ་མང་ཤོས་གསར་བརྗེའི་དངོས་ཡོད་རིང་ལུགས་ཡིན་པའི་དབང་གིས་རྩོམ་རིག་ཡིན་ཕྱིན་འཚོ་བ་ཐད་ཀར་ཚུར་སྣང་བྱེད་པ་ཞིག་ཡིན་དགོས་སྙམ་པའི་སྒྱུ་རྩལ་འདུ་ཤེས་ཤིག་ཆགས་འདུག རྒྱུ་མཚན་དེའི་དབང་གིས་འཚོ་བ་ཐད་ཀར་དཔེ་བཤུས་ཁོ་ན་ཙམ་སྟེ། འདྲ་པར་གྱི་བྱེད་ནུས་དང་གཉིས་སུ་མེད་པ་དང་། སྙན་རྩོམ་མི་ཉུང་བ་ཞིག་ཏུ་དཔེ་མཚོན་གྱི་གདམ་གསེས་ཀྱང་མེད་པར་འཚོ་བ་དཀྱུས་མའི་མ་བཅོས་ངང་ཚུལ་ཙམ་བརྗོད་པས་སྒྱུ་རྩལ་གྱི་འགུག་སྟོབས་ཤིན་ཏུ་ཞན་པར་སྣང་།”ཞེས་པ་ལྟར་སྐབས་ཤིག་ལ་ང་ཚོའི་སྙན་ངག་གི་རྩོམ་སྟེགས་འདི་ལྷིང་པོར་གནས་པ་ལ། སྙན་ངག་པ་རེ་རྐང་གླིང་གཙོས་ན་གཞོན་ཚན་ཞིག་དང་། 《རྣམ་ཤེས་གསར་པའི་དཀྲོལ་སྒྲོག་རོལ་དབྱངས》སོགས་བརྩམས་ཆོས་རྣོ་དབལ་ཅན་གང་འཚམ་རྩོམ་སྟེགས་སུ་སླེབས་ཏེ་ཀློག་པ་པོ་རྣལ་མར་གྱུར་པ་ཀུན་ལ་མཚར་སྣང་གསར་པ་སྤྲད་ཡོད།
གཞན་རྩོམ་པ་པོའི་རྒྱུད་ལ་ན་གཞོན་གྱི་སྙིང་སྟོབས་གཙང་པོའི་རླབས་ལྟར་འཕྱུར་བའི་ཚུལ་དེབ་འདིའི་མགོར“གླེང་བརྗོད་ཀྱི་ཚབ་ཏུ”ཞེས་པར། རླབས་ཆེན་གྱི་བྱ་བ་སྒྲུབ་དུས་ནོར་འཁྲུལ་དེའང་རླབས་ཆེན་ཡིན། ཞེས་པ་ལྟ་བུའི་ཚིག་དང་། སྲོལ་རྒྱུན་གྱི་ལྭ་བ་ཕུད་ཚུལ། ངོ་ལོག་པའི་ཕྱི་ནང་གི་ཉེས་དམིགས། མི་རབས་གསུམ་པ་ལྕགས་ཡིན། ལྕགས་ལ་བསྒོས་པ་རྩི་མིན། ང་ཚོས་ཅི་ཞིག་བསྐྱུར་ནས་གང་ཞིག་སྙེག་གིན་ཡོད། སྙན་ངག་གི་མཐར་ཐུག་ནི་སངས་རྒྱས་ཡིན། ཞེས་པ་སོགས་ངར་ལྷང་ལྷང་གི་སྐད་སྒྲ་བཏོན་ཡོད། ད་དུང་ཁོས་བྲིས་པའི་སྙན་ངག་གི་ཁ་བྱང་ཁྲོད་དུའང་། རྐང་གླིང་ཁུར་པའི་ཡུགས་ས་མ། མཆེ་རྩེར་བགྲོད་པའི་ཉེས་ཅན་ཞིག དམྱལ་བའི་ལྷ་ཚོགས་དང་གཤིན་རྗེ་ཇག་པ། བདེ་བ་ཅན་གྱི་སྐལ་བ་འཇིག་སོང་། གཅེར་བུར་བུད་ནས་ཁྱེད་ལ་བལྟས་པ་སོགས་ཁ་བྱང་འདོགས་སྟངས་ཀྱི་ཐད་ན་ཡང་འཁྲུལ་སྣང་དང་སྙིང་སྟོབས། ང་རྒྱལ་བཅས་ཀྱི་གཟི་བྱིན་འབར་བས། ནད་མེད་འཁུན་སྒྲ་དང་འོད་ཡལ་བའི་ན་གཞོན་གྱི་ལང་ཚོ། སྟོབས་ཟད་པའི་རྩོམ་པ་པོའི་རྣམ་ཤེས་དང་ཁ་གཏད་དུ་བཞེངས་ཡོད། དེས་མཚོན་པའི་ན་གཞོན་སྙན་ངག་པ་གཞན་གྱི་སྙན་ངག་ཁྲོད་ན་མཐོང་དཀའ་བའི་ཐ་སྙད་དང་དཔེ་འཇོག“གཅེར་བུར་འདུག་པ་ནི་སྒྱིད་ལུག་ལ་ལད་ཟློས་ཐེངས་ཤིག”“ལྕག་སྒྲོག་གི་སྲ་མཁྲེགས་ལས་རང་ཉིད་ཀྱི་ཤེས་རབ་ཟད་དུས”“ཉིན་དེ་ནས་བཟུང་བརླ་ཁུག་བཟེད་ནས་ཉི་མར་ལྟ་དུས”“ས་གཞི་རིལ་མོ་སྤྱོད་ཁང་དུ་གྱུར་པ་ནས”“བྲག་ཁ་ན་གསེར་ཉ་རྒྱུ་བའི་ཟླ་བར་ཅེར་བཞིན”“རྔོན་པས་བཀྲོངས་པའི་ཤ་བ་དེའི་མིག་ཟུང་ཇི་བཞིན”“ཞེ་སྡང་གིས་སྦར་བའི་དུག་སྦྲུལ་གྱི་འཁྱུག་བྲོ་ཇི་བཞིན”“ཆགས་སྲེད་ཀྱིས་མནར་བའི་ནམ་མཁའ་ཆེན་པོ་འདི། ལྷ་མོ་ཞིག་གི་མིག་ཡ་གཅིག་ལ་འཁྲུན་ཐག་བཅད་པས”“མིག་སྐྱག་ལྗིད་པོ་དེའི་སྟེང་ཤོད་ནས་ཕྱིར་འཕྱུར་མ་ཐུབ”ཅེས་པ་སོགས་མཚན་གཞི་ཙམ་སྟེ། འདིར་ཆ་ཚང་བ་ཞིག་བརྗོད་དུ་མི་བཏུབ།
མདོར་ན་སྙན་ངག་རེ་རེའི་ནང་དུ་འདི་ལྟ་བུའི་ཐ་སྙད་དང་དཔེ་འཇོག བློས་བསླངས་གསར་པ་མང་དུ་མཐོང་བ་ནི། གཅིག་ན་རྩོམ་པ་པོར་ཤེས་རབ་ཆེ་བ་མཚོན་ཞིང་། གཉིས་ན། རྩོམ་པ་པོར་བསྟན་བཤིག་གི་ཧམ་པ་ཚ་བ་མཐོང་། སྦྱོར་བ་འདི་ལྟ་བུར། མི་ལ་ལས་རྒྱབ་བཤད་རྒྱག་པ་དང་། སྣ་སུན་བཟོ་བ་སྲིད་ཀྱང་། འདི་འདྲ་ཡོད་འོས་པ་དང་ཡོད་དགོས་པ་ཞིག་ཡིན། སྙན་ངག་ནི་རྟོག་བཏགས་དང་འཆར་ཡན་གྱིས་བསྐྲུན་པའི་ངག་གི་སྒྱུ་རྩལ་གཞན་དང་མི་མཚུངས་པ་ཞིག་ཡིན་པ་ཀུན་ལ་གསལ་ཞིང་། ཁྱད་པར་དུ་སྙན་ངག་ནི་འདི་ལྟ་བུ་ཞིག་གོ་ཞེས་སུས་ཀྱང་བརྗོད་དུ་མི་རུང་སྟེ། སློབ་དཔོན་དབྱུག་པ་ཅན་གྱིས། དེ་དག་དབྱེ་བ་སྙན་ངག་མཁན། །སོ་སོ་ལ་གནས་བརྗོད་མི་ནུས། །བུར་ཤིང་འོ་མ་བུར་སོགས་ཀྱི། །མངར་བ་ཉིད་ནི་ཁྱད་པར་ཆེ། །དེ་ལྟ་མོད་ཀྱི་དེ་བརྗོད་པར། །དབྱངས་ཅན་མས་ཀྱང་ནུས་མ་ཡིན། །གསུངས་པ་ལགས་ན། སྐྱེ་བོ་ག་འདྲ་ཞིག་ཡིན་རུང་ཚད་མཐོ་བའི་ངག་གི་སྒྱུ་རྩལ་དམ་པ་སྙན་ངག་གི་ཚད་ནི་འདིའོ་ཞེས་སོ་སོའི་བློ་མིག་གི་རྒྱ་ཁབ་ཁོ་ནར་བརྒྱུས་ན་རང་གི་མཚང་དུ་གོ་དགོས་པར་བསྟུན། གུས་པོ་ང་ལྟ་བུ་ཞིག་གིས་ཡིན་མིན་ཡག་མིན་གྱི་ཐད་ནས་གླེང་མི་ཕོད་མོད། ཡིན་ནའང་། བསམ་ཚུལ་ཙམ་བརྗོད་ན་སྙན་ངག་ནི་རྒྱུན་ལྡན་མ་ཡིན་པའི་དཔེ་དང་ཐ་སྙད་སྦྱོར་ལུགས་ཤིག་གི་ངོས་ནས་བྱུང་ཞིང་། ཡིད་ཅན་གྱི་བློའི་རྗེས་སུ་རང་བྱུང་ཁམས་ཀྱི་སྣང་ཚུལ་དག་ཀྱང་ལོག་པར་འཁྲིད་བཞིན་ཡོད་པར་བཤད་འདོད། དཔེར་ན་སྙན་ངག་མེ་ལོང་གི་རྩ་བའི་གསལ་བྱེད་ཀྱི་རྒྱན་ཞིག་ཏུ། དྲི་བཞོན་དལ་བུར་རྒྱུ་བྱེད་དེ། །ཟླ་བ་དག་ཀྱང་མེ་རུ་འགྱུར། །ཙན་དན་དབྱུག་པ་ལྷུང་བ་ཡང་། །མཚོན་ལྷུང་འཁྱམས་པ་རྣམས་ལའོ། །ཞེས་ཕྱི་རོལ་གྱི་དངོས་པོ་རང་མཚན་པའི་ཆོས་ཉིད་ལྡོག་སྟེ་སྨོས་ཡོད་པ་འདིས་གོ་ཐུབ། འོན་ཀྱང་། ཐ་སྙད་དང་དཔེ་འཇོག་གི་ཆོས་ཉིད་ལ་བརྩི་བཀུར་གཏན་ནས་བྱེད་མི་དགོས་པའི་དོན་དུ་སེམས་མི་རིགས་པའི་ཚུལ། རྩ་བར། བརྗོད་རིམ་སྟོབས་ལས་དངོས་པོ་ནི། །ཟབ་མོ་དག་ཀྱང་གསལ་བ་སྟེ། །ཞེས་པས་རྗོད་ཚུལ་ལ་མཁས་ན། བརྗོད་བྱའི་དོན་ག་འདྲ་ཟབ་ཀྱང་ཀློག་པ་པོའི་རྒྱུད་ལ་དཔེ་དང་སྣང་བརྙན་བཅས་ཀྱི་སྒོ་ནས་གསལ་པོར་འཇོག་ཐུབ་པར་གསུངས་པའི་དོན་གོ་ན་ཐ་སྙད་དང་དཔེ་འཇོག་དག་ལག་ལ་གང་འོང་འོང་ཞིག་བཀོལ་ཆོག་པ་མིན་པར་ཡང་བསྟན་ཡོད།(གསལ་བཤད། ཕྱི་རྒྱལ་གྱི་སྙན་ངག་མཁན་གྲགས་ཅན་ཞིག་གིས། དཔེ་དེ་ཐོག་མར་སྦྱོར་མཁན་ནི་ཤེས་རབ་ཅན་རེད། རྗེས་སུ་དཔེ་དེ་བེད་སྤྱད་ནས་སྙན་ཚིག་འབྲི་མཁན་ནི་བླུན་པོ་རེད་ཅེས་བཤད་ཡོད་སྐད། དེའི་ཕྱིར་དེབ་འདིར་བཀོད་པའི་སྙན་དག་གི་དཔེ་དང་ཡིད་བརྙན་ལ་སྒེར་གཤིས་དང་གསར་པའི་ཁྱད་ཆོས་འཛོམས།)
སྙན་ངག་གི་ཆེད་དེབ་གསར་པ་འདིའི་བརྗོད་བྱ་སྤྱིའི་ཁོག་འབུབས་པའི་ཚིག་ནི། སྙན་ངག“《རྣམ་ཤེས་གསར་པའི་དཀྲོལ་སྒྲོག་རོལ་དབྱངས》ཞེས་པའི་ཁ་བྱང་གི་གཤམ་དུ་ཡིག་ཆུང་ལ་ཕབ་པའི་ཚིག ”ཐེ་ཚོམ་དང་འཚེར་སྣང་ཡོད་ཚད་བསྔོགས་ནས/ རང་ཉིད་བཞེངས་ཟིན/ མེ་ལོང་ལྟ་བུའི་དུར་བྱང་གི་ངོས་སུ/ ཁྱོད་ཀྱི་ཆེས་སྙན་པའི་གླུ་སྐད་དང་བཞིན་རས་ཕབ་ཡོད་ན/མེ་ལྕེ་ལྟ་བུའི་སྙན་ངག་འདི་ཁྲི་ལོར་ཤོག/ཅེས་པ་འདི་གཙོ་བོར་བཀོད་ན་འགྲིག་པར་སྙམ་པའི་ཁར། སྙན་ངག་འདིའི་གཞུང་ནི་ཚིག་རྐང་ཉིས་བརྒྱ་ལྷག་གིས་བསྲིངས་ཤིང་། ཚན་པ། 1.ཁེར་རྐྱང་གི་རླུང་བུ། 2.སྒྱུ་འཕྲུལ་གྱི་ཡུལ་ལྗོངས། 3.ཆག་འཇིག་གི་འཐབ་ར། 4.འདོད་སྲེད་ཀྱི་ལང་ཚོ་བཅས་ཆེ་བ་བཞི་དང་ཆུང་བ་གསུམ་གསུམ་བཅས་ཀྱིས་དྲིལ་བ་ལ་བརྗོད་དོན་རྣམས་ཡོངས་སུ་རྫོགས་ཡོད་པར་འདོད་རིགས་ཤིང་། ད་དུང་དེ་ལས་ཉུང་བའི་ཚིག་རེ་གཉིས་ཤིག་ཏུ་བསྡུ་དགོས་ན། གཙང་ཁ་ནས་བོར་བའི་ཁ་དན་དང་ལ་རྒྱ་ཇི་བཞིན། གསེང་མཐོར་གྱེར་བའི་བརྩེ་དུང་གི་སྙན་ངག་རྦབ་ཆུ་བཞིན་འབབ། ཅེས་པ་དང་། འདོད་སྲེད་ཤེས་སྦྱོར་གྱི་ལྷ་མོའི་ཚོགས་མི་ཡུལ་ལ་གདན་དྲངས་ནས། ལྷའི་ཆགས་སྲེད་ངོམ་པའི་མཛའ་གཞས་སྙན་ཚིག་གི་རྐང་མར་སིམ་དུས། མཚོན་དོན་གྱི་རི་བོ་དང་ནགས་ཚལ་ལ་ཚོས་ཁ་ཕབ་ཅིང་། ཇག་པའི་རྒྱལ་རྒྱུད་ལ་སྤྲང་པོའི་ཆོས་ཚུགས་ངོམ་མྱོང་མཁན། ཞེས་པ་དང་། བསླུ་བྲིད་དེའི་དབང་གིས་མྱ་ངན་ཞིག་མཆེད་ཡོང་ལ། སེམས་ཁྲལ་གྱིས་རང་ཉིད་འཕྲིན་ཡིག་ཏུ་བྲིས་ཚར་སོང་། ཞེས་པའི་ཚིག་རྐང་དག་གིས་སྙན་དེབ《རྣམ་ཤེས་གསར་བའི་དཀྲོལ་སྒྲོག་རོལ་དབྱངས》ཀྱི་ཁ་ཕྱོགས་ཡོངས་ཁྱབ་པར་བྱ་འོས་སམ་སྙམ་ཡང་། རེ་རྐང་གླིང་གི་སྙན་ངག་ནི་སྨུག་པས་ཟིན་པའི་ཡུལ་ལྗོངས་དང་། གྱ་གྱུ་ཆེ་བའི་ལམ་ཕྲན་བཞིན། མོག་མོག་པོ་དང་། ཐིབ་ཐིབ་པོའི་ཚུལ་དུ་མཆིས་པས། གུས་པོས་སྐད་ཆ་འདིར་ནོངས་པ་ཇི་སྙེད་མཆིས་པ་གཟུར་གནས་དག་གི་མདུན་དུ་བཟོད་གསོལ་ཞུ།མཚམས་འདིར་རྩོམ་པ་པོའི་འདོད་ཚུལ་ཞིག་དྲངས་ན། སྙན་ངག་གི་ཚོར་འདུའི་འགྲོ་སྟངས་དང་ཡིད་བརྙན་ལེན་སྟངས་གང་ཡིན་ཡང་། རང་གཤིས་ཀྱིས་ཐག་གཅོད་ཀྱིན་པ་ལྟ་བུའི་དུས་ཤིག་ལ་འཁེལ་འགྲོ་བ་ཡོད། དེ་ནི་ཤིན་ཏུ་དག་པའི་སེམས་ཚོར་ཞིག་སྟེ། གཡོ་ཟོལ་དང་བཅོས་བསྒྲིགས་མེད་ལ། བཙན་ཤེད་དང་དྲག་འདྲེན་མེད་པའི་སྣང་ཡུལ་མཛེས་སྡུག་ཅན་ཞིག་ཡིན་པས་ན། མི་རང་ཉིད་ཀྱི་རང་ཚུགས་རྣལ་མའང་དེ་ཡིན་ལ། མཐར་ཐུག་པའི་སེམས་ཁམས་ཀྱང་དེ་ཡིན་པར་འདོད།
ད་དུང་སྙན་ངག་དེབ《རྣམ་ཤེས་གསར་བའི་དཀྲོལ་སྒྲོག་རོལ་དབྱངས》ཀྱི་རྩོམ་པ་པོའི་དགོངས་པ་གཞན་ཞིག་ནི་དཔེ་དང་ཡིད་བརྙན་སྤྱི་འགྲོས་ཅན་ཞིག་གི་ལམ་དུ་འགྲོ་རྒྱུ་དེ་མ་ཡིན་པར། གསར་གཏོད་ཀྱི་ལམ་ཞིག་བསྙེག་རྒྱུ་དེ་ག་ལགས་ན། ཀློག་པ་པོ་བྱིངས་ཀྱི་མོས་པ་དང་འཚམ་དཀའ་བ་ནི། སྒྱུ་རྩལ་མཁན་པོ་ལཱོ་ཏན་ཞུ་བ་ཞིག་གིས། སྒྱུ་རྩལ་གྱི་སྐྱེ་སྟོབས་གསར་པ་ཡོད་པའི་རྩོམ་པ་པོ་ལ་མཚོན་ན་དང་པོ་ཉིད་ནས་དེ་དང་འདོད་མོས་མཐུན་པ་ཧ་ཅང་ཉུང་ངུ་ཞིག་ལས་མེད། ཅེས་བཤད་ཡོད་སྐད་ལྟར་རོ། །
མཇུག་ཏུ། ཆེད་དེབ་འདིའི་སྙན་ངག་འགར་ཚིག་ལྷུག་གི་ཉམས་དང་། ཐ་སྙད་ལ་བཙོ་སྦྱང་ཅུང་མ་ཐོན་པའི་ཕྱོགས་དང་། གཏགས་ནོར་རམ་ཡིག་ནོར་ཡིན་ནམ་སྙམ་པ། “རྩ་བ་ནས་ཕྲོགས་པས་ན”“སྐྱ་ཐག་གེར་བ”“སོ་མ་ཁ་རེས” “གཞན་ཞིག་གིའང”སོགས་དང་། ཕྲད་ཉིས་བརྩེགས་ལྟ་བུའི་སྐྱོན་རེ་འགའ་མཆིས་ཀྱང་། འདི་ནི་གཞོན་ནུའི་སྐབས་ཀྱི་རྩོམ་པ་པོ་ཕལ་ཆེ་བར་ཡོད་པའི་སྣང་ཚུལ་ཞིག་ལགས་ན། སྐྱོན་དུ་ཆེར་མི་སྣང་ཡང་། ཕྱོགས་གཞན་ཞིག་ནས་བཤད་ན། སྙན་ངག་གི་ཚིག་སྦྱོར་དང་སྒྲིག་གཞིའི་མཛེས་པ་ལ་དང་དོད་བྱེད་དགོས་ཏེ། རྩ་བར། དེ་ཕྱིར་སྙན་ངག་དག་ལ་སྐྱོན། །ཆུང་ངུར་གྱུར་ཀྱང་ཅི་ཞིག་ལྟར། །བཏང་སྙོམ་མི་བྱ་ལུས་མཛེས་ཀྱང་། །སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར། །ཞེས་གསུངས་པ་ལྟར་རོ། །
ཧྲིལ་གྱིས་དྲིལ་ཚེ《རྣམ་ཤེས་གསར་བའི་དཀྲོལ་སྒྲོག་རོལ་དབྱངས》ཞེས་པའི་དེབ་འདིར། ཤེས་རབ་འཕྱོ་ལ། ཚོར་བ་བྲུག་པ། ཧམ་པ་ཚ་ལ། སྒེར་གཤིས་ཤིག་སེང་གེ་བསྒྱིངས་པ་བཞིན་མཐོང་ཐུབ་པ་ནི། 1999-2009 བར་གྱི་རེ་རྐང་གླིང་གཞན་ཞིག་ཡིན། དེ་ནི་འཚོ་བའི་ཁྲོད་ཀྱི་རེ་རྐང་གླིང་མིན་ལ། ཁྱེད་ཀྱི་བློ་ངོར་ཤར་བའི་རེ་རྐང་གླིང་ཡང་མིན། དེ་ནི་ངག་ཐོག་དང་ཡིག་ཐོག་ནས་མཐོང་རྒྱུ་ཡོད་པའི་རེ་རྐང་གླིང་ཡིན། འདི་ནི《རྣམ་ཤེས་གསར་བའི་དཀྲོལ་སྒྲོག་རོལ་དབྱངས》གསེབ་ཀྱི་ཟུར་ཁ་ཅན་གྱི“སྣང་བརྙན”ཞིག་ཡིན། འདོད་ཡོན་ལྔའི་ཡོན་ཏན་སྒོ་ལྔའི་ཤེས་པར་ལྡོག་གཟུགས་སུ་ཤར་ཐུབ་པའི་སྒྱུ་འཕྲུལ་གྱི་རྩལ་རྫོགས།
གཞན་རྩོམ་པ་པོས་ལོ་འདི་སྙེད་ཅིག་ལ་ཁྱིམ་ཚང་བསྐྱངས། གཞུང་དོན་སྒྲུབ། དཔེ་ཀློག་གཉེར་བཞིན་སྒྱུ་རྩལ་གྱི་དད་འདུན་མ་བཏང་བའི་ངང་དུ། སྙན་ངག་བྲིས་འོང་བ་ནི་རླབས་ཆེན་གྱི་རྣམ་ཐར་ཞིག་གོ། །མ་འོངས་པ་ན་ཇི་སྲིད་འཚོའི་བར་དུ་སྙན་ངག་གི་དར་ཆ་མཐོ་རུ་བསྒྲེང་བར་ཤོག ཅེས་ཞུ་བ་དང་མཉམ་དུ། སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས། །ངག་གི་རང་བཞིན་མེ་ལོང་ཐོབ། །དེ་དག་ཉེ་བར་མི་གནས་ཀྱང་། །རང་ཉིད་ཉམས་པ་མེད་ལ་ལྟོས། །ཞེས་པ་བཞིན་སྙན་ངག་པའི་སྙན་པ་བསྐལ་བའི་མཐར་ཡང་ཉམས་པ་མེད་གྱུར་ཅིག ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།
ཟུར་མཆན། ཁ་ཅིག་གིས་རེ་རྐང་གླིང་གི་སྙན་ངག་རེ་འགའ་གོ་དཀའ་བར་གླེང་། གུས་པོར་མཚོན་ན་སྙན་ངག་གོ་བ་དང་མི་གོ་བའི་ཚད་དེ་གང་ནས་འཇོག་དགོས་ལབ་ན། མཐར་ཐུག་ཅིག་བཤད་དཀའ་ཡང་། ཁྱེད་ཀྱིས་སྙན་ངག་དེ་བསྐྱར་དུ་བཀླག་འདོད་པ་དང་། བཀླགས་རྗེས་མ་བཀླགས་པ་ལས་ཁྱད་པར་ཐོན་པ་དང་། སྙན་ངག་དེས་ཁྱེད་ཀྱི་ཚོར་བར་གཡོ་འགུལ་སྟེར་ནུས་པ་ཙམ་གྱིས་སྙན་ངག་དེའི་འཕྲིན་ལས་རྫོགས་ཡོད་པར་འདོད། གཞན། ཀློག་པ་པོ་སོ་སོར་ཡང་སྙན་ངག་མྱོང་བྱེད་ཀྱི་ཚོར་བ་དམིགས་བསལ་བ་ཞིག་འཛོམས་པའི་ཆ་རྐྱེན་སྔོན་དུ་འགྲོ་དགོས་སྣང་ཤར་རོ། །འོན་ཀྱང་འདི་ནི་གུས་པོ་མི་སྒེར་གྱི་བསམ་ཚུལ་ཙམ་ཡིན།