“དྲི་ཟའི་དབྱངས”ཀྱི་སྐབས་ལྔ་པའི་དམངས་གླུ་འགྲན་སྡུར་དེ་བོད་ལྗོངས་ལྷ་རྩེ་རྫོང་དུ་སྤེལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-27



       “ཐེངས་འདིའི་འགྲན་བསྡུར་ནང་བྱ་དགའ་ཨང་དང་པོ་ཐོབ་པས་སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་སྐྱེས། བདག་ལ་མུ་མཐུད་དུ་མང་ཚོགས་ལ་ང་ཚོའི་ཕ་ཡུལ་གྱི་ཁྱད་ཆོས་ལྡན་པའི་གླུ་དབྱངས་མང་པོ་ལེན་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད”ཅེས་“དྲི་ཟའི་དབྱངས”ཀྱི་སྐབས་ལྔ་པའི་དམངས་གླུ་འགྲན་སྡུར་ནང་བྱ་དགའ་ཨང་དང་པོ་ཐོབ་མཁན་ཀརྨ་བསྟན་སྐྱིད་ཀྱིས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་དེ་ལྟར་བཤད། 
འདི་ནི་འཁྲབ་སྟོན་གྱི་ཡུལ་དངོས་རེད།
       ཟླ་9པའི་ཚེས་20ཉིན། “དྲི་ཟའི་དབྱངས”ཀྱི་སྐབས་ལྔ་པའི་དམངས་གླུ་འགྲན་སྡུར་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་“སྟོད་གཞས་ཀྱི་ཕ་ས”སྟེ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་དུ་སྤེལ་ཞིང་། བྱེད་སྒོ་འདིའི་དམིགས་ཡུལ་ནི་བོད་ཀྱི་དམངས་ཁྲོད་ཀྱི་གླུ་གར་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་། སྲུང་སྐྱོང་། སྔོག་འདོན་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་པར་བཏང་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ངོམ་རྒྱུ་དེ་ཡིན། 
       སྔ་དྲོའི་ཆུ་ཚོད་11སྟེང་། 《བདེ་སྐྱིད་ལྡན་པའི་བདུད་རྩི་》ཞེས་པའི་གླུ་གར་གྱི་ཁྲོད་འགོ་བརྩམས་ཤིང་། དེར་སྟོད་གཞས་དང་། སྒོར་གཞས། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་དང་། རོལ་དབྱངས།  རྡུང་ལེན་སོགས་ལེ་ཚན་19འདུས་ཡོད་པ་དང་། ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་ལྟད་མོ་བ་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོགས་ཏེ་དགའ་སྤྲོའི་འབོད་སྒྲ་དང་ཐལ་མོ་རྡེབ་སྒྲ་ཡིས་ཚོགས་རའི་བར་སྣང་ཁེངས།  
འདི་ནི་འཁྲབ་སྟོན་གྱི་ཡུལ་དངོས་རེད།
       ཤེས་རྟོགས་བྱུང་བ་ལྟར་ན།  2016ལོ་ནས་བཟུང་། “དྲི་ཟའི་དབྱངས་”ཀྱི་དམངས་གླུ་འགྲན་སྡུར་སྔ་རྗེས་སུ་ཐེངས་ལྔ་ལ་སྤེལ་བར་མ་ཟད། ལྷ་ས་དང་། ལྷོ་ཁ། ཉིང་ཁྲི། མངའ་རིས། གཞིས་རྩེ་བཅས་ཀྱི་ས་ཁུལ་དུ་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ་ཏེ། ཁྱོན་བསྡོམས་དམངས་གླུ་1800ལྷག་ཙམ་བསྡུ་རུབ་བྱས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་ལས་རིགས་ཁག་ནས་ཡོང་བའི་དམངས་གླུ་ལ་དགའ་མཁན་2000ཙམ་གྱིས་"དྲི་ཟའི་དབྱངས་"ཀྱི་གར་སྟེགས་སྟེང་བདེ་སྐྱིད་ལྡན་པའི་འཚོ་བ་དང་རླབས་ཆེན་གྱི་མེས་རྒྱལ་ལ་བསྟོད་གླུ་བླངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1