མཛེས་སྡུག་ལྡན་པའི་ཚོན་ཅན་ལྒང་བཞུས་ཟུང་ཆུ་རྫོང་གི་མི་རིགས་མཐུན་སྒྲིལ་མཚོན་ཡོད་ལ། ཐུན་མོང་དར་རྒྱས་ཀྱི་དུས་རབས་ཀྱི་རྣམ་པ་གསར་པ་མངོན་པར་བྱས་ཡོད། ཚོན་ཅན་ལྒང་བཞུ་ལ་མཉམ་འདྲེས་དང་གསར་གཏོད་བྱས་པ་བརྒྱུད་ཐུན་མོང་མ་ཡིན་པའི་རྣམ་པའི་ཐོག་ནས་ཚོན་ཅན་ལྒང་བཞུའི་མཛེས་སྡུག་མངོན་པར་བྱས་ཡོད། ཉིན་གསུམ་རིང་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། སྲོལ་རྒྱུན་གྱི་ཚོན་ཅན་ལྒང་བཞུའི་ཞབས་བྲོ་འགྲན་བསྡུར་དང་། གསར་གཏོད་རྣམ་པའི་ཚོན་ཅན་ལྒང་བཞུའི་ཞབས་བྲོ་འགྲན་བསྡུར། ཚོན་ཅན་སྒྲོན་མེ་བཟོ་བའི་འགྲན་བསྡུར་ཆེ་མོ། མིང་ཏིང་བུམ་པ་སྟེ་བརྙན་ཐུང་གསར་རྩོམ་འགྲན་བསྡུར་ཆེ་མོ་བཅས་ཀྱི་བྱ་དགའ་ཐོབ་མཁན་དཔྱད་འདེམས་བྱས་པ་མ་ཟད། ཁོང་ཚོར་གཟི་བརྗིད་མཚན་སྙན་གྱི་བྱ་དགའ་ཡང་སྤྲད་པ་རེད།
མཛད་སྒོའི་ཐོག་ད་དུང་སི་ཁྲོན་གྱི་བོད་རིགས་གཞས་པ་ཀུན་དགའ་གདན་དྲངས་ཡོད་ལ། ཁོང་གི《སྒྲོན་མེ་གཅིག་གི་ཁ་ཆད》ཅེས་པ་དེས་མཚན་ཚོགས་ལ་མཐོ་རླབས་འཕྱུར་བཅུག་ཡོད་པ་དང་། མི་རྣམས་ཀྱིས་དགའ་འབོད་བྱས་ཏེ་ཐང་ཆེན་གང་བོ་དགའ་སྤྲོའི་མྱོས་ཡོད། ལྒང་བཞུ་གཅིག་གིས་རེ་བ་དང་ཕུགས་འདུན་མཚོན་ཡོད། ཟུང་ཆུའི་བུ་ཕྲུག་ཚོའི་དུས་རབས་གསར་པར་བསྟོད་གླུ་བླངས་བ་མཚོན་པ་དང་། ཟུང་ཆུ་བས་ཚོན་ཅན་ལྒང་བཞུར་བཅོལ་བའི་བདེ་སྐྱིད་དང་སྤྲོ་སེམས་མཚོན་ཡོད། ང་ཚོ་ལྒང་བཞུ་གཅིག་གིས་སྦྲེལ་ཏེ་ལོ་ངོ་སྟོང་གི་གནའ་གྲོང་འདིའི་མཛེས་སྡུག་ལྡན་པའི་གཏམ་རྒྱུད་ཉན་པ་དང་། ང་ཚོས་ལྒང་བཞུ་ལ་བདེ་སྐྱིད་དང་ལོ་ལེགས་ཡོང་བའི་ཁ་ཆད་བཞག་ཡོད།
ད་ཐེངས་ཀྱི་འདུ་ཚོགས་འདི་ནི་ཟུང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་ལས་རིགས་ལ་གཞི་ཚུགས་ཡོད་ཅིང་། སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་གྱི་རྣམ་པའི་ཐོག་ནས་ཟུང་ཆུ་རྫོང་འཕེལ་རྒྱས་ཡག་པོ་འགྲོ་བའི་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་བློ་སྟོབས་མངོན་ཡོད། མཐའ་མར། ཟུང་ཆུ་རྫོང་གི་སྐབས་བཞི་པའི་གནའ་གྲོང་གི་ཚོན་ཅན་ལྒང་བཞུ་འདུ་ཚོགས་དེ་རྫོང་ཡོངས་ཀྱི་བོད་རིགས་དང་། ཆའང་རིགས། ཧུའེ་རིགས། རྒྱ་རིགས་སོགས་མི་རིགས་མང་པོའི་ཚོན་ཅན་ལྒང་བཞུའི་མཉམ་འཛོམས་ཁྲོད་མཇུག་རྫོགས་ཤིང་། རོལ་དབྱངས་སྙན་མོ་དང་མི་རྣམས་ཀྱི་དགའ་འབོད་གནའ་གྲོང་གི་མཁའ་དབྱིངས་སུ་དུས་ཡུན་རིང་པོར་ཁྱབ་ནས་འདུག
http://tibet.people.com.cn/15825299.html