མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་དང་འདྲུད་འཐེན་འཕྲུལ་འཁོར་སོགས་ཞིང་ནང་དུ་ཕར་འགྲོ་ཚུར་འོང་བྱེད་ལ། གསེར་མདོག་གི་ནས་དེའི་ནང་དུ་བསྡུ་ཞིང་། ནས་འབྲུ་རྡོག་རེ་རེ་འཕྲུལ་འཁོར་ནས་ཐོན། མཁར་ཉམས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་དབང་གིས“སྔོན་ཆད་ཡིན་ན། ང་ཚོའི་ཁྱིམ་ཚང་གི་རྒན་གཞོན་ཚང་མས་ལས་ཀ་ལས་དགོས་པ་མ་ཟད་ད་དུང་གནམ་གཤིས་ཡག་མིན་ལ་བལྟ་དགོས། ཉིན་འགའ་འགོར་རྗེས་ད་གཟོད་ནས་བརྔས་ནས་ཁྱིམ་དུ་ལོག་ཐུབ་པ་དང་། དེ་རྗེས་ད་དུང་མི་ཤུགས་དང་དུས་ཚོད་མང་པོ་སྤྱད་དེ་འབྲུ་རྡོག་འདོན་དགོས། ད་ལྟ་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་ཐེངས་གཅིག་གིས་ལས་ཀ་ཚང་མ་བསྒྲུབས་ནས་ཁྱིམ་དུ་དབོར་ནས་ཉི་མར་བསྐམས་ན་ཆོག”ཅེས་བརྗོད།
གདོང་གྲུབ་གྲོང་ཚོའི་བློ་བཟང་ཚེ་རིང་ཚང་གི་འགན་གཙང་བླངས་པའི་ས་ཞིང་མུའུ་12ཡོད། སྔོན་ཆད་སྟོན་སྡུད་སྐབས་ཁྱིམ་ཚང་ཚང་མས་ལག་བརྔ་བྱེད་དགོས་པ་རེད། མི་གཅིག་གིས་ཉིན་གཅིག་ལ་བརྔས་ནའང་ས་ཞིང་མུའུ་གཅིག་ཀྱང་བརྔ་མི་ཐུབ་པས། དུས་ཚོད་འགོར་འགྱངས་ཡིན་པ་མ་ཟད། ད་རུང་ཐོན་འབབ་ལ་ཤུགས་རྐྱེན་ཐེབས་ཏེ། ནས་དང་གྲོ་རིགས་ལོ་ཏོག་ཉི་མས་སྐམ་སོང་ན་ནས་འབྲུ་གྲོལ་སྲིད་པ་རེད། མི་10ལྷག་གིས་གཟའ་འཁོར་གཅིག་གི་དུས་ཚོད་སྤྱད་ནས་བརྔ་དགོས་པའི་ས་ཞིང་། ད་ཆ་ཆུ་ཚོད་གཉིས་ཙམ་ནང་ཐག་གཅོད་ཐུབ་པ་མ་ཟད། ད་དུང“འབྲུ་རྡོག་རེ་རེ་མཛོད་དུ་འཇུག་པ”དང“སོག་མ་ཞིང་ནང་དུ་འཇོག་པ”ཐུབ་ཡོད། སྒྱུག་མོ་ལགས་ཀྱིས་སྟོན་བསྡུའི་རྣམ་པ་མཐོང་རྗེས། རང་དབང་མེད་པར“མིག་རྡེབ་དབང་ཙམ་ལ་འབྲུ་རིགས་ཞིང་ནང་ནས་འབྲུ་མཛོད་དུ་བསྐྱལ་སོང་། དངོས་གནས་མིག་འཕྲུལ་སྟོན་པ་དང་འདྲ”ཞེས་མྱོང་ཚོར་ཟབ་པའི་ངང་བཤད། འགྱུར་ལྡོག་དེ་དག་ནི་འཇའ་བ་གྲོང་རྡལ་ཏང་ཨུད་སྲིད་གཞུང་ལ་ད་ལྟ་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་2ཡོད་པ་དང་། བརྔ་བསྡུ་དང་། འབྲུ་འདོན་པ། འགྱིག་ཁུག་ནང་སྡུད་པ་བཅས་ལས་རིམ་གསུམ་ཐེངས་གཅིག་ལ་ལེགས་འགྲུབ་བྱུང་ཐུབ་པའི་རྐྱེན་གྱིས་རེད།
“བརྔ་བསྡུ་བྱེད་པའི་དུས་ཚོད་ཐུང་དུ་སོང་བས། གྲོན་ཆུང་བྱས་པའི་དུས་ཚོད་ད་དུང་ཞོར་ལས་སྒྲུབ་ནས་ཡོང་འབབ་འཕར་སྣོན་བྱེད་ཆོག”ཞེས་ཞིང་པ་འཕྲིན་ལས་ཀྱིས་དགའ་ཚོར་ཆེན་པོས་བཤད། འཇའ་བ་གྲོང་རྡལ་གྱིས་སྔོན་ཐོན་གྱི་ལག་རྩལ་དང་ཞིང་འཕྲུལ་སྒྲིག་ཆས་བེད་སྤྱོད་གང་ལེགས་བྱས་ཏེ། རྨོ་འདེབས་བྱེད་སྟངས་ཀྱི་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་མངོན་འགྱུར་བྱས་ནས་ཞིང་པ་རྣམས་ཞིང་ཁ་ནས་བཅིངས་འགྲོལ་བཏང་བ་རེད།
http://tibet.people.com.cn/15825463.html