ཁུ་ཝེ་ཐེའི་ཨེ་སྨིར་ས་པ་ཧོ་ཚེ་ལས་འདས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-09


     འདི་ནི་2019ལོའི་ཟླ་2ཚེས་24ཉིན་ཁུ་ཝེ་ཐེ་ཨེ་སྨིར་ས་པ་ཧོས་ཨེ་ཅིབ་ཀྱི་ཧྲ་མུའུ་ཧྲ་དབྱི་ཧོ་རུ་སྐབས་དང་པོའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་ཡོ་རོབ་མནའ་འབྲེལ་གྱི་དབུ་ཚོགས་ལ་ཞུགས་པའི་པར་རིས་ཡིན།
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཁུ་ཝེ་ཐེ་གྲོང་ཁྱེར་ནས་གློག་འཕྲིན་འབྱོར་གསལ། ཁུ་ཝེ་ཐེ་ཨེ་སྨིར་ཕོ་བྲང་གིས་ཟླ་9ཚེས་29ཉིན་ཁྱབ་བསྒྲགས་བྱས་དོན། ཁུ་ཝེ་ཐེ་ཨེ་སྨིར་ས་པ་ཧོ་ཚེ་ལས་འདས་ལ། འདས་དུས་དགུང་ལོ་91ཡིན། ཁུ་ཝེ་ཐེ་གཞུང་ཕྱོགས་ཀྱིས་ས་པ་ཧོར་ནད་ཕོག་པའི་གནས་ཚུལ་ཞིབ་ཕྲ་ཁྱབ་བསྒྲགས་བྱས་མེད།
     ཟླ་7ཚེས་18ཉིན། ས་པ་ཧོ་ནད་ན་ནས་སྨན་ཁང་དུ་བསྡད་དེ་གཤགས་བཅོས་བྱས་པ་རེད། ཟླ་དེའི་ཚེས་23ཉིན། ས་པ་ཧོ་ཨ་རིར་སྨན་བཅོས་བྱེད་པར་བསྐྱོད། ཁུ་ཝེ་ཐེ་ཨེ་སྨིར་ཕོ་བྲང་གིས་ས་པ་ཧོ་ཨ་རིར་མ་ཕེབས་གོང་གསལ་བསྒྲགས་སྤེལ་ནས་ས་པ་ཧོ་སྨན་ཁང་དུ་སླེབས་རྗེས་རྒྱལ་རྒྱུད་འཛིན་མཁན་ན་ཝ་ཧྥུའུ་ཡིས་རྒྱལ་ཁབ་གཙོ་བདག་གི་དབང་ཆ་ཁག་གཅིག་གནས་སྐབས་སྤྱོད་དགོས་ཞེས་བརྗོད་པ་རེད།
     ས་པ་ཧོ་ནི་1929ལོའི་ཟླ་6པའི་ཚེས་16ཉིན་སྐྱེས་པ་རེད། སྔ་རྗེས་སུ་གསར་འགྱུར་ཁྲིད་སྟོན་བློན་ཆེན་དང་། ཕྱི་འབྲེལ་བློན་ཆེན། དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས། དབུ་བཞུགས་བློན་ཆེན་གཞོན་པ་དང་པོ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས། དབུ་བཞུགས་བློན་ཆེན་བཅས་ཀྱི་འགན་བཞེས་མྱོང་། 2006ལོའི་ཟླ་1པོའི་ཚེས་29ཉིན་ཁུ་ཝེ་ཐེའི་ཨེ་སྨིར་སྐུ་ཕྲེང་བཅོ་ལྔ་བའི་འགན་བཞེས་པ་རེད།
     1977ལོ་དང་། 1988ལོ། 1990ལོའི་ཟླ་8པ་དང་ཟླ12པ། 2004ལོ། 2009ལོ་དང་2018ལོ་བཅས་ལ་ས་པ་ཧོས་ཀྲུང་གོར་འཚམས་འདྲི་གནང་མྱོང་ཡོད།

     ས་པ་ཧོར“དེང་རབས་ཁུ་ཝེ་ཐེའི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཇུས་འགོད་པ”ཞེས་འབོད་ཀྱི་ཡོད། རྒྱལ་རྒྱུད་འཛིན་མཁན་ན་ཝ་ཧྥུས་རྒྱལ་སྲུང་དང་ནང་སྲིད་སོགས་སྡེ་ཚན་དུ་གལ་ཆེའི་ལས་འགན་འཁུར་ནས་ལོ་མང་སོང་ཡོད་པས། སྲིད་དོན་སྒྲུབ་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་པ་རེད།

http://tibet.people.com.cn/15825864.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1