སེར་ཤུལ་རྫོང་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་མཐའ་མཚམས་སུ་གནས་ཡོད་ཅིང་། སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4200ཡན་ཡོད་ལ། ཉི་འོད་ཕོག་ཡུན་རིང་བ་དང་ཉི་འོད་ཀྱིས་ཀུན་ནས་ཕྱུག་པས་ན“ཉི་མའི་ཚོ་པ་”ཞེས་འབོད་ཀྱི་ཡོད། འོན་ཀྱང་། འདི་ཀྲུང་གོའི་ཐུམ་འབུའི་ནད་ཀྱི་རིམས་ནད་ཚབས་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་། ས་གནས་དེ་གའི་མི་སེར་རྣམས་ཀྱིས་“འབུ་སྐྲན”གྱི་སྡུག་བསྔལ་མྱོང་བཞིན་ཡོད་པ་རེད།
ཐུམ་འབུའི་ནད་ལ་ཚེར་ཟླུམ་འབུ་ཕྲུག་གི་ནད་ཀྱང་ཟེར། དེ་ནི་ཚེར་ཟླུམ་རྒྱུ་འབུ་ལེབ་རིང་གི་འབུ་ཕྲུག་གིས་བསླངས་པའི་མི་ཕྱུགས་གཉིས་ཀར་ཕོག་པའི་གཞན་བརྟེན་སྲིན་འབུའི་ནད་ཅིག་ཡིན་པ་དང་། རི་མཐོའི་སྤང་ལྗོངས་ས་ཁུལ་དང་འབྲོག་ཁུལ། ཞིང་མ་འབྲོག་གི་ས་ཁུལ་དུ་བྱུང་བཞིན་ཡོད་ལ། རང་རྒྱལ་ནུབ་རྒྱུད་ཀྱི་ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་བའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཀྱང་རེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་ཐུམ་འབུའི་ནད་ཐོན་མང་བའི་ཁུལ་ཞིག་ཡིན་ལ། སེར་ཤུལ་རྫོང་ནི་ཚབས་ཆེ་ཤོས་དེ་རེད། 2012ལོར་རྒྱལ་ཡོངས་ཀྱི་རིམས་ནད་རིག་པའི་བརྟག་དཔྱད་ལས་མངོན་པ་ལྟར་ན། སེར་ཤུལ་རྫོང་དུ། ཐུམ་འབུའི་ནད་ཕོག་ཚད་རྫོང་ཡོངས་ཀྱི་མི་ཚོགས་ཀྱིས་12.09%ཟིན་ནས་རྒྱལ་ཡོངས་ཀྱི་དར་ཁུལ་གྱི་ཆ་སྙོམས་ཆུ་ཚད་(0.24%)ལས་མངོན་གསལ་དོད་པོས་མཐོན་པོ་ཡོད་ལ། ས་གནས་དེ་གའི་མང་ཚོགས་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། དམངས་འཚོའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུར་བཀག་རྒྱ་ཚབས་ཆེན་བཟོས་ཡོད།
2015ལོའི་ཟླ་11པར། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེས་ཨུ་ལྷན(ད་ཆ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང)དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ། ཞིང་ལས་པུའུ(ད་ཆ་ཞིང་ལས་གྲོང་གསེབ་པུའུ)སོགས་སྡེ་ཚན13གྱིས་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་མཉམ་དུ་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་ལས་དོན་སྤེལ་ནས་རྫོང་དེར་དུས་ཡུན་ལོ5ཡི་རིང་གི་ཚོད་ལྟའི་ལས་དོན་སྤེལ་བ་རེད། ད་ཆ་ལོ་ངོ་ལྔའི་རིང་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
2014ལོར་Bསྒྲ་རླབས་བརྟག་དཔྱད་བྱས་ནས་མི་ཚོགས་ཁྲོད་ཀྱི་ནད་པ་བཤེར་འཚོལ་བྱེད་པའི་སྐབས། སེར་ཤུལ་རྫོང་ཤ་རྩ་གྲོང་བརྡལ་ཤ་རྩ་གྲོང་ཚོ་གཉིས་པའི་ཉི་མ་ལྷ་མོར་ཐུམ་འབུའི་ནད་བྱུང་ཡོད་པ་གཏན་འཁེལ་བྱས་པ་རེད། སྐབས་དེར་ལྷ་མོས་ཁྱིམ་ཚང་དབུལ་པོ་ཡིན་པ་སོགས་ཀྱི་རྐྱེན་པས་ས་གནས་དེ་གར་ནད་བསྟུན་སྨན་བཅོས་བྱས་ནས་བསྡད། 2016ལོའི་ཟླ་5པར་སླར་ཡང་Bསྒྲ་རླབས་བརྟག་དཔྱད་བྱས་པ་བརྒྱུད། ཐུམ་འབུའི་ནད་ ཀྱི་ནད་ཐུམ་དེ་12.0*13.3cm ཆེ་རུ་ཕྱིན་པ་དང་མཆིན་པ་AEགཤེར་འགྱུར་དང་མཉམ་དུ་སྟོང་པ་ཆགས་ཡོད་པ་ཤེས། ནད་ཐུམ་ཆེ་དྲགས་པས་གཤགས་བཅོས་ཀྱི་གོ་སྐབས་ཡག་ཤོས་ཤོར་སོང་བས། ཚེ་སྲོག་ ཇེ་རིང་དུ་གཏོང་པ་དང་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་པར་མཆིན་པ་བརྗེ་གསོར་གཤགས་བཅོས་བྱེད་པ་ལས་ཐབས་གཞན་མེད། དེ་ལྟར་ནའང་མཆིན་པ་བརྗེ་གསོར་གཤགས་བཅོས་ཀྱི་ཉེན་ཁ་ཆེ་བ་དང་འགྲོ་གྲོན་མཐོན་པོ་ཡོད་པས། ལྷ་མོས་གཤགས་བཅོས་ཀྱི་སྨན་བཅོས་གོ་སྐབས་སླར་ཡང་དོར་ནས་ནམ་རྒྱུན་གྱི་སྨན་བཅོས་བྱ་ཐབས་གདམས་པ་རེད། ལོ་མང་པོའི་རིང་ལ་ཁོ་མོར་ནད་ཀྱིས་མནར་ནས་ངལ་རྩོལ་ནུས་ཤུགས་མེད་པར་གྱུར། ཁྱོ་གས་ཀྱང་ནད་པར་ལྟ་རྟོག་བྱེད་དགོས་པའི་དབང་གིས་ངལ་རྩོལ་ནུས་ཤུགས་ཡོངས་རྫོགས་ནས་ངལ་རྩོལ་ནུས་ཤུགས་ཕྱེད་ཙམ་དུ་གྱུར་པས། ལྟ་སྐྱོང་གི་ཞོར་དུ་ལས་ཀ་ཙག་ཙིག་བྱས་ནས་འཚོ་བ་སྐྱེལ་དགོས་ཀྱི་ཡོད། 2017ལོར་ཉི་མ་ལྷ་མོ་ཐུམ་འབུའི་ནད་འགོག་བཅོས་རྣམ་གྲངས་ཀྱི་སྐྱོབ་བཅོས་བྱ་ཡུལ་དུ་བཅུག་ནས་ཧྭ་ཤིས་སྨན་ཁང་དུ་ཕྱི་བཅོས་ཚན་ཁག་གི་མཆིན་པ་གསར་བརྗེས་གཤགས་བཅོས་དང་ལེན་བྱས་པ་དང་། ཐེངས་འདིའི་གཤག་བཅོས་ཀྱི་འགྲོ་གྲོན་ཁྱོན་བསྡོམས་སྒོར་116872.04ཟིན་ཡོད། དེའི་ནང་འགོག་བཅོས་རྣམ་གྲངས་ཀྱི་ཁ་གསབ་རོགས་དངུལ་སྒོར་25000དང་སྨན་བཅོས་འགན་བཅོལ་གྱི་རྩིས་ཞུ་སྒོར་84874.14ཟིན་ཡོད། དམངས་སྲིད་སྡེ་ཚན་གྱིས་རོགས་སྐྱོབ་སྒོར་6000བྱས་པ་དང་། མཐར་ཉི་མ་ལྷ་མོ་མི་སྒེར་གྱིས་སྒོར་997.9ལས་སྤྲད་དགོས་མེད། ད་ཆ་ཉི་མ་ལྷ་མོ་གཤགས་བཅོས་བྱས་རྗེས་སླར་གསོ་ཡག་པོ་བྱུང་ནས་ངལ་རྩོལ་ནུས་པ་སླར་གསོ་ཐུབ་ཡོད། རི་འགོར་དབྱར་རྩྭ་དགུན་འབུ་འཐུ་བ་དང་སྨན་རྩྭ་འཐུ་ཐུབ་པས་ཁྱིམ་ཚང་གི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་སྟེ་དབུལ་ཐར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཡོད།
འདི་ནི་ཉི་མ་ལྷ་མོར་ཐུམ་འབུའི་ནད་གཤགས་བཅོས་མ་བྱས་གོང་དང་བྱས་རྗེས་ཀྱི་བསྡུར་བ་རེད།
ཉི་མ་ལྷ་མོ་ལྟ་བུའི་དཔེ་མཚོན་ད་དུང་མང་པོ་ཡོད། ད་ཐེངས་ཀྱི་ཚོད་ལྟའི་ལས་དོན་བརྒྱུད་སེར་ཤུལ་གཙོ་གནད་དུ་བྱས་པའི་དཀར་མཛེས་ཁུལ་གྱི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་ཐོན་ཡོད། 2020ལོའི་ཟླ8པར་སེར་ཤུལ་རྫོང་གི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཚོད་ལྟའི་མཐའ་མའི་དཔྱད་དཔོག་ལ་རྒྱལ་ཁབ་ཀྱི་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ཡོད། ལོ་མང་རིང་ལག་ལེན་བྱས་པ་བརྒྱུད་ཆགས་པའི་ཐུམ་འབུའི་ནད་ཕྱོགས་བསྡུས་འགོག་བཅོས་ཀྱི“དམ་འཛིན་གཉིས་དང་དོ་དམ་བཞི་ཟུང་འབྲེལ་དྲུག”གི་སེར་ཤུལ་གྱི་རྣམ་པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དཔོན་རིགས་དང་ཆེད་མཁས་ཚོས་དོ་ཁུར་ཐོབ་ནས2017ལོ་ནས་བཟུང་བོད་ལྗོངས་དང་མཚོ་སྔོན། སི་ཁྲོན་སོགས་སུ་རིམ་བཞིན་ཁྱབ་གདལ་བཏང་།