ཨ་རིའི་ཙུང་ཐུང་རྩོད་གླེང་ཨུ་ཡོན་ལྷན་ཁང་གིས་རྩོད་གླེང་ཐེངས་གཉིས་པ་དྲ་ཐོག་ཏུ་སྤེལ་རྒྱུ་ཡིན་ཟེར་བར་ཐེ་རོན་ཕུས་ཞུགས་རྒྱུ་མིན་ཞེས་བཤད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-10



 
     ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། ཚེས་8ཉིན་ཙུང་ཐུང་གི་འོས་མིའི་བརྙན་འཕྲིན་རྩོད་གླེང་གཙོ་གཉེར་བྱེད་མཁན་ཨ་རིའི་ཙུང་ཐུང་རྩོད་གླེང་ཨུ་ཡོན་ལྷན་ཁང་གིས་ཙུང་ཐུང་གི་འོས་མིའི་རྩོད་གླེང་ཐེངས་གཉིས་པ་དེ་དྲ་ཐོག་གི་རྣམ་པ་ནས་སྤེལ་རྒྱུ་ཡིན་ཞེས་བཤད་པ་རེད། ལས་གནས་བསྟུད་མར་འཛིན་རེ་བྱེད་མཁན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་འཕྲལ་མར་རྩོད་གླེང་ནང་ཞུགས་རྒྱུ་མིན་ཞེས་བཤད་པ་རེད།
     ཨ་རིའི་ཙུང་ཐུང་རྩོད་གླེང་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་ཙུང་ཐུང་གི་འོས་མིའི་རྩོད་གླེང་དེ་ཚེས་15ཉིན་འཚོག་རྒྱུ་དང་། དེའི་ནང་ཞུགས་མཁན་ཕྱོགས་སོ་སོའི་བདེ་ཐང་དང་བདེ་འཇགས་ལ་ཁག་ཐེག་བྱེད་ཆེད། ཐེ་རོན་ཕུ་དང་དམངས་གཙོ་ཏང་གི་ཙུང་ཐུང་གི་འོས་མི་པའེ་ཏེང་གིས་ས་ཆ་མི་འདྲ་བར་རྒྱང་སྦྲེལ་རྣམ་པའི་ཐོག་ནས་རྩོད་གླེང་བྱ་རྒྱུ་དང་། གཙོ་འཛིན་པ་དང་ལྟད་མོ་བ་ཚོ་ཧྥོ་ལུའོ་ལི་ཏ་མངའ་སྡེ་མའེ་ཨ་མི—ཏའེ་ཏེ་རྫོང་གི་ཟློས་གར་ཁང་ཆེ་མོའི་ནང་བཀོད་སྒྲིག་བྱ་རྒྱུ། རྩོད་གླེང་བྱེད་རིང་ཕྱོགས་གཉིས་པོའི་འོས་མིས་ལྟད་མོ་བའི་དྲི་བར་ལན་བསྐྱོན་རྒྱུ་རེད་ཅེས་བརྗོད།
     གསལ་བསྒྲགས་སྤེལ་ནས་ཡུན་རིང་མ་སོང་བར། ཐེ་རོན་ཕུས་ཕུའུ་ཁེ་སི་གསར་འགྱུར་སྟེགས་བུའི་ཞོགས་པའི་ལེ་ཚན་ནང་ཁོང་གིས་དྲ་ཐོག་རྣམ་པའི་ཐོག་ནས་རྩོད་གླེང་དང་ལེན་མི་བྱེད་པ་མ་ཟད་དེའི་ནང་ཞུགས་མི་སྲིད། འབྲེལ་ཡོད་བཀོད་སྒྲིག་གི་དམིགས་ཡུལ་ནི“པའེ་ཏེང་ལ་སྲུང་སྐྱོང”བྱ་རྒྱུ་དེ་རེད་ཅེས་བརྗོད། ཐེ་རོན་ཕུ་ཡིས་བཤད་རྒྱུར། ཁོས་རང་ལ་ཕོག་པའི་ཏོག་གསར་གློ་ཚད་ལ་ད་ལྟ་འགོས་གཤིས་རང་བཞིན་ལྡན་མེད་པ་དང་། མིག་སྔར་གཟུགས་ཁམས་དྭངས་ཡོད་པས་འཕྲལ་དུ་འདེམས་བསྐོའི་བྱེད་སྒོའི་ནང་ཞུགས་ཐུབ་པར་འདོད།
     འབྲེལ་ཡོད་བཀོད་སྒྲིག་ལ་དམིགས་ནས། པའེ་ཏེང་འགྲན་བསྡུར་ཚོགས་པའི་སྤྱི་གཉེར་བ་གཞོན་པ་ཁའེ་ཐེ་པེ་ཏིང་ཧྥེར་ཏེ་ཡིས་པའེ་ཏེང་གིས་ཨ་རིའི་མི་དམངས་དང་ཐད་ཀར་སྤེལ་རེས་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་ལན་བཏབ་པ་རེད།
     ཐེ་རོན་ཕུས་ཟླ་10ཚེས་2ཉིན་གྱི་ཐོ་རེངས་སུ་དེའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐུའེ་ཐེ་ཐོག་རྩོམ་ཡིག་སྤེལ་ནས། ཁོ་དང་ལྕམ་མོ་མའེ་ལ་ཉི་ཡ་གཉིས་ཀྱི་ཏོག་གསར་ནད་དུག་ཞིབ་དཔྱད་ཚད་ལེན་བྱས་པའི་མཇུག་འབྲས་ཚང་མ་གདགས་གཤིས་ཡིན་ཞེས་བརྗོད། ཐེ་རོན་ཕུ་ཉིན་དེར་ཝོའར་ཐེ་ལི་ཏེ་རྒྱལ་ཁབ་དམག་དོན་སྨན་བཅོས་ལྟེ་གནས་སུ་སྨན་བཅོས་དང་ལེན་བྱེད་པར་བསྐྱལ་བ་དང་། མིག་སྔར་ཕོ་བྲང་དཀར་པོར་ཕྱིར་ལོག་ནས་ཉིན་མཚན་ལྟོས་མེད་དུ་སྨན་བཅོས་བདག་སྐྱོང་མུ་མཐུད་དང་ལེན་བྱེད་ཀྱི་ཡོད།

     2020ལོའི་ཨ་རིའི་འདེམས་བསྐོ་ཆེ་མོ་ཟླ་11ཚེས་3ཉིན་འཚོག་རྒྱུ་ཡིན་པ་རེད། ཐེ་རོན་ཕུ་དང་པའེ་ཏེང་གིས་ཟླ་9ཚེས་29ཉིན་རྩོད་གླེང་ཐོག་མ་བྱས་ཟིན་པ་རེད།

http://tibet.people.com.cn/15825968.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1