རྒྱ་གར་དུ་ཏོག་གསར་གློ་ཚད་འགོས་པའི་ནད་དཔེ་ཁྲི་700ལས་བརྒལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-13



     ཤིན་ཧྭ་གསར་འགྱུར་ཁང་རྡི་ལི་གསར་པ་ནས་གློག་འཕྲིན་འབྱོར་གསལ། ཚེས་11ཉིན་རྒྱ་གར་འཕྲོད་བསྟེན་པུས་ཁྱབ་བསྒྲགས་བྱས་པའི་ཏོག་གསར་རིམས་ནད་ཀྱི་གཞི་གྲངས་གསར་པ་ལས་མངོན་པར་གཞིགས་ན། རྒྱལ་ཁབ་དེར་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་700ལས་བརྒལ་ཡོད་པ་རེད། རྒྱ་གར་ནི་ཨ་རིའི་རྗེས་ཀྱི་གོ་ལ་ཧྲིལ་པོའི་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་700ལས་བརྒལ་བའི་རྒྱལ་ཁབ་གཉིས་པར་གྱུར་ཡོད།
     རྒྱ་གར་འཕྲོད་བསྟེན་པུའི་གཞི་གྲངས་ལས་མངོན་པར་གཞིགས་ན། ཚེས་11ཉིན་གྱི་སྔ་དྲོ་བར། རྒྱལ་ཁབ་དེའི་ཆུ་ཚོད་24ནང་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་74383མང་དུ་ཕྱིན་པ་དང་། རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་7053806ཟིན་པ། ཚེ་འདས་ནད་དཔེ་918མང་དུ་ཕྱིན་པ་དང་རིམ་རྩིས་བྱས་ན་ཚེ་འདས་ནད་དཔེ་108334ཟིན་ཡོད་པ་རེད།
     མིག་སྔར་རྒྱ་གར་དུ་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེའི་གྲངས་འབོར་སྔར་བཞིན་མྱུར་དུ་འཕར་བཞིན་ཡོད་མོད། འོན་ཀྱང་འཕར་ཚད་ཅུང་དལ་དུ་ཕྱིན་ཡོད་པ་རེད། རྒྱ་གར་སྨྱན་སྦྱོར་གྱིས་བསྡོམས་རྩིས་བྱས་པ་ལྟར་ན། རྒྱལ་ཁབ་དེར་རིམས་ནད་བྱུང་བ་ནས་ཟླ་9ཚེས་16ཉིན་བར་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་500ལས་བརྒལ་བ་དང་། ནད་དཔེ་ཁྲི་བརྒྱ་རེ་གསར་དུ་འཕར་བའི་དུས་ཡུན་རྒྱུན་མི་ཆད་པར་ཐུང་དུ་འགྲོ་བཞིན་ཡོད་དེ། སོ་སོར་ཉིན་167དང་། ཉིན་21 ཉིན་16 ཉིན་13 ཉིན་11བཅས་ཡིན། འོན་ཀྱང་། དེའི་རྗེས་ནས་ནད་པ་ཁྲི་བརྒྱ་རེ་གསར་དུ་འཕར་བའི་དུས་ཚོད་ཇེ་རིང་དུ་སོང་བ་དང་། ཁྲི་500ནས་ཁྲི་600བར་འཕར་བར་དུས་ཡུན་ཉིན་12ཡིན་པ་དང་། ཁྲི་600ནས་ཁྲི་700བར་འཕར་བར་དུས་ཚོད་ཉིན་13ཡིན་པ་རེད།
     ཚེས་10ཉིན་རྒྱ་གར་འཕྲོད་བསྟེན་པུའུ་ཡིས་གསལ་བསྒྲགས་སྤེལ་ནས་རྒྱ་གར་གྱི་ད་ཡོད་ནད་དཔེ་གྲངས་འབོར་ཆག་པའི་འཕེལ་རིམ་མངོན་པ་དང་མིག་སྔར་ནད་དཔེ་ཁྲི་90ཡང་ཟིན་གྱི་མེད་ཅེས་བརྗོད། ཚེས་11ཉིན་རྒྱ་གར་གྱི《གླེང་སྟེགས་ཚགས་པར》ཐོག་གནས་ཚུལ་སྤེལ་ནས། དེའི་ཐོག་ནས་རྒྱ་གར་གྱི་ནད་གཞི་གཏན་འཁེལ་བྱས་པའི་ནད་པ་ཚང་མའི་ཁྲོད་བཅུ་ཆ་བརྒྱད་ཀྱི་ནད་པ་དྲག་སྐྱེད་བྱུང་མེད་པ་མཚོན་ཡོད་ཅེས་བརྗོད།
     རིམས་ནད་མཆེད་པའི་གནས་ཚུལ་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཀྱང་རྒྱ་གར་གྱི་རིགས་གཅིག་མཁས་ཅན་ཁག་གཅིག་གིས་མང་ཚོགས་ལ་དོགས་ཟོན་ལྷོད་དུ་གཏོང་མི་རུང་བའི་དྲན་སྐུལ་བྱས་ཡོད། ཟླ་10པའི་ཟླ་དཀྱིལ་ནས་བཟུང་། རྒྱ་གར་གྱིས་ལྒང་ཞུའི་དུས་ཆེན་ཚུད་པའི་དུས་ཆེན་མང་པོ་བསུ་རྒྱུ་ཡིན་ཞིང་། སྲོལ་རྒྱུན་ལྟར་ན་རྒྱ་གར་བས་མཉམ་དུ་དུས་ཆེན་ལ་རྟེན་འབྲེལ་ཞུ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། རིགས་གཅིག་མཁས་ཅན་གྱིས་དེས་རྒྱལ་ཁབ་དེའི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགྲན་སློང་ཆེན་པོ་བཟོ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།

     རིམ་རྩིས་བྱས་པའི་ནད་གཞི་གཏན་འཁེལ་གྱི་གྲངས་འབོར་ལ་བལྟས་ན། རྒྱ་གར་དང་ཨ་རིའི་དབར་གྱི་ཧེ་བག་རིམ་བཞིན་ཆུང་དུ་འགྲོ་བཞིན་ཡོད། རྒྱ་གར་གྱི་གསོ་རིག་རིགས་གཅིག་མཁས་ཅན་མང་པོས་དེ་སྔོན་རྒྱ་གར་ཨ་རི་ལས་བརྒལ་བའི་གོ་ལ་ཧྲིལ་པོའི་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་མང་ཤོས་ཀྱི་རྒྱལ་ཁབ་ཏུ་འགྱུར་རྒྱུ་ཡིན་པའི་སྔོན་དཔག་བྱས་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་10ཉིན་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་ལས་མངོན་པར་གཞིགས་ན། ཨ་རིའི་ཉེ་བའི་ཉིན་གཉིས་རིང་གི་སྙན་ཞུ་བྱས་པའི་ཉིན་རེར་གཏན་ཁེལ་བྱས་པའི་ནད་དཔེ་ཁྲི་5ཡས་མས་ཡིན་པ་དང་རྒྱ་གར་ཁྲི་7ཡས་མས་ཡིན། ཨ་རིའི་ཇོང་སི་ཧོ་ཕུའུ་ཅིན་སི་སློབ་ཆེན་གྱིས་ཚེས་11ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་ཤོས་ལས་མངོན་པར་གཞིགས་ན། ཨ་རིར་རིམ་རྩིས་བྱས་ན་ནད་གཞི་གཏན་འཁེལ་བྱས་པའི་ནད་དཔེ་ཁྲི་770ལས་བརྒལ་ཡོད་པ་རེད།

http://tibet.people.com.cn/15826254.html


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1