བརླན་ཚད་ནི་མཁའ་དབུགས་ཁྲོད་འདུས་པའི་ཆུའི་གྲུབ་ཆ་ཡི་བརྒྱ་ཆའི་ཟིན་ཚད་ལ་ཟེར།ཕྲུ་གུ་དམར་འབྱར་སྡོད་ཁྱིམ་གྱི་ཆེས་འོས་འཚམ་གྱི་བརླན་ཚད་ནི་50%ནས་60%ཡིན། བརླན་ཚད་ཆེ་དྲགས་ན་ཕྲུ་གུ་ལ་མི་བདེ་བའི་ཚོར་སྣང་སྟེར་ལ་དབུགས་ཀྱི་འབྱིན་རྔུབ་དཀའ་ཞིང་ཟས་ཀྱི་ཡི་གར་གནོད་པའོ། བརླན་ཚད་དམའ་དྲགས་ན་ཁྱིམ་གྱི་མཁའ་དབུགས་སྐམ་པོ་ཡིན་པས་ཕྲུ་གུ་དམར་འབྱར་གྱི་པགས་པའི་འབྱར་སྐྱིའང་སྐམ་པོར་འགྱུར་བ་སྟེ། དཔེར་ན། སྣའི་འབྱར་སྐྱི་སྐམ་པོར་འགྱུར་བས་སྣའི་ནང་གི་ཟགས་ཐོན་དངོས་པོ་ཕྱིར་གཏོང་དཀའ་བ་དང་གློ་ཡུ་ཡན་ལག་གི་འབྱར་སྐྱི་སྐམ་པོར་འགྱུར་བས་ལུད་པ་བསྡུ་ལེན་བྱེད་པར་ཤུགས་རྐྱེན་ཐེབས་སྲིད། ལུད་པ་གར་ཞིང་འབྱར་རྩི་ཆེ་བར་འགྱུར་བས་གློ་ཡུ་ཡན་ལག་གི་སྦུ་གུ་འགག་པ་སོགས་ཕྲུ་གུའི་དབུགས་ཀྱི་འབྱིན་རྔུབ་དང་ཟས་ཀྱི་ཡི་ག་གཉིས་ཀྱི་སྤུས་ཀ་སོགས་ལ་གནོད་པ་འབྱུང་ངོ་། བརླན་ཚད་མཐོ་དྲགས་ན་སྒེའུ་ཁུང་ཕྱེས་ཏེ་རླུང་ཕྱིར་གཏོང་བའི་བྱེད་ཐབས་སྤྱད་དེ་བརླན་ཚད་ཇེ་དམའ་རུ་གཏོང་དགོས་པ་དང་། བརླན་ཚད་དམའ་དྲགས་ན་བརླན་གཏོང་འཕྲུལ་ཆས་བཀོལ་བའམ་རས་རློན་པར་བྱས་ཏེ་ཁང་མཐིལ་འཕྱིད་པ། དྲོད་རླངས་སྦུ་གུའི་སྟེང་དུ་ལག་ཕྱིས་རློན་པ་སོགས་བཀལ་ཏེ་བརླན་ཚད་བསྣོན་འཕར་བྱེད་དགོས།།