ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་ལྔ་ཉིན་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། དེའི་སྔོན་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་ཀྱི་ཆོད་དོན་ལྟར། ཉིན་དེ་ནས་བཟུང་ཨུ་རུ་སིའི་ངོ་རྒོལ་ཕྱོགས་ཁག་གི་མི་སྣ་ནཱ་ཝ་ལེ་ནེའི་ལྐོག་གསོད་ལ་འབྲེལ་བ་ཡོད་པའི་ཨུ་རུ་སིའི་དཔོན་རིགས་དྲུག་དང་ཞིབ་འཇུག་ལས་ཁུངས་གཅིག་ལ་བཀག་སྡོམ་རང་བཞིན་གྱི་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
བཀག་སྡོམ་རང་བཞིན་གྱི་བྱེད་ཐབས་དེ་དག་ལ་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡི་ཅུའུ་ཀྲང་པའོ་ཨར་ཐི་ནེ་ཁི་ཧྥུའུ་སོགས་དཔོན་པོ་དྲུག་ཡོ་རོབ་གླིང་མནའ་འབྲེལ་དུ་གནས་སྐོར་བྱེད་པ་གཏན་འགོག་དང་དེ་དག་གི་རྒྱུ་ནོར་བཀག་འཇོག་བྱས། དེ་ལས་གཞན་ཡོ་རོབ་གླིང་མནའ་འབྲེལ་གྱི་མི་སྒེར་དང་ཚོགས་པ་གང་རུང་གིས་མིང་ཐོའི་གྲས་ཀྱི་བཀག་སྡོམ་བྱ་ཡུལ་ལ་མ་དངུལ་འདོན་སྤྲོད་བྱེད་མི་རུང་། སྤྱི་སྒྲོག་ལས་བཤད་རྒྱུར། བཀག་སྡོམ་བྱེད་ཐབས་ནི་རྫས་འགྱུར་མཚོན་ཆ་རྒྱ་ཡན་དུ་གཏོང་བ་གཏན་འགོག་བྱེད་པའི་བཀག་སྡོམ་སྒྲོམ་གཞི་ལྟར་གཏན་འབེབས་བྱས་པ་རེད་ཟེར།
ཚེས་བཅུ་གཉིས་ཉིན་གྱི་ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་བློན་ཆེན་གྲོས་ཚོགས་སྟེང་། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ནཱ་ཝ་ལེ་ནེ་ལ་དུག་ཕོག་པའི་དོན་རྐྱེན་ཐད་ནས་རྣམ་འགྱུར་ཅི་འདྲ་སྟོན་དགོས་པར་གྲོས་བསྡུར་བྱས། འཇར་མན་དང་ཧྥ་རན་སི་ཡིས་འབྲེལ་ཡོད་གྲོས་གཞི་བཏོན་རྗེས། རྒྱལ་ཁབ་སོ་སོའི་ཕྱི་འབྲེལ་བློན་ཆེན་གྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཐག་བཅད་པ་རེད།
ཡོ་རོབ་གླིང་མནའ་འབྲེལ་གྱི་གོང་གི་བྱེད་ཐབས་ལ་དམིགས་ནས། ཨུ་རུ་སིའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕའེ་སི་ཁི་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ནཱ་ཝ་ལེ་ནེ་ལ་དུག་ཕོག་པའི་དོན་རྐྱེན་ཐད་ནས་སྤྱད་པའི་བཀག་སྡོམ་བྱེད་ཐབས་ལ་རྒོལ་ལན་སྤྲོད་ངེས་ཡིན་ཟེར།
ཕའེ་སི་ཁི་ཧྥུའུ་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་མིག་སྔའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཤིང་། ཨུ་རུ་སིའི་རང་སྟེང་གི་ཁེ་ཕན་ལ་བརྩི་འཇོག་བྱས་རྗེས་འགུལ་སྐྱོད་སྤེལ་ནས་རྒོལ་ལན་སྤྲོད་ངེས་ཡིན་ཟེར། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱི་བྱ་སྤྱོད་དེར་འཕང་སེམས་སྐྱེས་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱི་བཀག་སྡོམ་ནི་ཨུ་རུ་སི་ལ་དམིགས་པའི་མཛའ་མཐུན་མིན་པའི་བྱ་སྤྱོད་ཅིག་ཡིན་ལ། བྱ་སྤྱོད་དེ་ལས་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་པ་ཐེབས་ངེས་རེད་ཟེར། །