དབུལ་བྲལ་གནད་སྒྲོལ་གྱི་རིག་རྩལ་བརྩམས་ཆོས་འགྲེམ་སྟོན་བྱས།

ཚེ་རིང་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བ་བོད་ཡིག་གསར་འགྱུར། སྤེལ་དུས། 10-20




   རྔ་བ་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་ལེགས་པར་མངོན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཆིག་སྒྲིལ་སྟོབས་ཤུགས་དང་། དམངས་ཀྱི་སེམས་ཤུགས་བསྟོད་ཆེད།  ཟླ་10ཚེས་17ཉིན། རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་སྐབས་7པ་དང་།  རྒྱལ་སྤྱིའི་དབུལ་ཕོངས་སེལ་བའི་ཉིན་མོ་སྐབས་28པའི་ཉིན་དེར། རང་ཁུལ་གྱིས་དག་གཙང་གི་རྔ་བས་མེས་རྒྱལ་ལ་དབུལ་བྲལ་གནད་སྒྲོལ་གྱི་སྙན་ཞུ་འབུལ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་རྔ་བ་ཁུལ་གྱི་དབུལ་སྐྱོར་ཉིན་མོའི་མུ་འབྲེལ་བྱེད་སྒོ་འབར་ཁམས་གྲོང་ཁྱེར་དུ་སྤེལ། 

     ཉིན་དེའི་སྔ་དྲོར། ཁུལ་ཡོངས་ཀྱི་དབུལ་བྲལ་གནད་སྒྲོལ་གྱི་རིག་རྩལ་བརྩམས་ཆོས་འགྲེམ་སྟོན་བྱེད་སྒོ་ཁུལ་དངོས་མང་བཤམས་སྟོན་ཁང་དུ་སྤེལ་བ་རེད། ཁུལ་ཡོངས་ཀྱི་སྒྱུ་རྩལ་པ་རྣམས་ཀྱིས་དབུལ་སྐྱོར་གནད་ཁེལ་དང་དབུལ་བྲལ་གནད་སྒྲོལ་གྱི་བརྗོད་བྱ་གཙོ་བོ་ལ་དམིགས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་ས་གནས་ཀྱི་ཡུལ་སྲོལ་གོམས་འདྲིས་དང་འབྲེལ་བའི་བརྩམས་ཆོས་90་གསར་རྩོམ་བྱས་ཤིང་། རང་ཁུལ་གྱི་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་ཡག་པོ་གསོན་ཤུགས་ལྡན་པས་མངོན་པར་བྱས། 


     ཉིན་དེའི་ཕྱི་དྲོར། དག་གཙང་གི་རྔ་བས་མེས་རྒྱལ་ལ་དབུལ་བྲལ་གནད་སྒྲོལ་གྱི་སྙན་ཞུ་འབུལ་ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ། འཁྲབ་སྟོན་པ་རྣམས་ཀྱིས་བདེ་ལྕག་འཁྱུག་པའི་གོམ་སྟབས་དང་སྙན་ཞིང་འཇེབས་པའི་གླུ་ངག དགའ་ཞིང་སྤྲོ་བའི་འཛུམ་མདངས་སོགས་ཀྱིས་རང་ཁུལ་གྱི་མང་ཚོགས་རྣམས་ཀྱི་དབུལ་བྲལ་ཕྱུག་འགྱུར་གྱི་ཡིད་ཆེས་བརྟན་པོ་དང་ཧུར་བརྩོན་ཡར་སྐྱེད་ཀྱི་སྙིང་སྟོབས་ཞིབ་ཏུ་མངོན་པས། ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ། 

     དེ་དང་དུས་མཚུངས་སུ། རང་ཁུལ་གྱི་རྫོང(གྲོང་ཁྱེར)13གྱི་ཚབ་མཚོན་རང་བཞིན་ལྡན་པའི་དབུལ་སྐྱོར་ཐོན་རྫས་70ལྷག་ཙམ་ཚོགས་རའི་ཕྱི་རོལ་དུ་གཅིག་བསྡུས་ངང་འགྲེམས་སྟོན་བྱས་ཏེ། ཡུལ་དངོས་སུ་བསྡོམས་པས་དྲིལ་བསྒྲགས་དཔྱད་ཡིག་1000ལྷག་འགྲེམ་གཏོང་བྱས།


     དབུལ་བྲལ་གནད་སྒྲོལ་གྱི་ལས་དོན་སྤེལ་ཚུན་ནས། རང་ཁུལ་གྱིས་དུས་གཏན་དུ་དབུལ་བྲལ་གནད་སྒྲོལ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཆེ་ཤོས་དང་དམངས་འཚོའི་ལས་དོན་ཆེ་ཤོས། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་བཅས་ལ་བརྩིས་ཏེ། 2019ལོའི་ལོ་མཇུག་བར་དུ། རིམ་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི་10.34དབུལ་བྲལ་ཐུབ་ཡོད། དབུལ་པོ་ཐོན་ཚད་2013ལོའི་ལོ་མཇུག་གི་14.5%ནས་0.03%བར་མར་ཆག་ཅིང་། གྲོང་སྡེ་དབུལ་པོ་606དང་རྫོང(གྲོང་ཁྱེར)དབུལ་པོ་13ཚང་མས་དབུལ་ཞྭ་ཕུད་ཐུབ་པ་བྱུང་། ཁུལ་ཡོངས་ཀྱི་མི་འབོར་དབུལ་པོ་2015ལོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་2625ནས་2019ལོའི་སྒོར་8503བར་འཕར་ཡོད། ལོ་རེར་ཆ་སྙོམས་འཕར་ཚད་34.2%ཟིན་ཡོད་པས། ལོ་གཅིག་སྔ་སྣུར་གྱིས་དབུལ་ཞྭ་ཕུད་པའི་དམིགས་ཚད་ལས་འགན་བདེ་བླག་ངང་མངོན་འགྱུར་བྱུང་།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1