ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་གྲུ་ཁའི་གྲོང་ཁྱེར་ཁཱ་ལཱ་ཆི་ནས་འགྲུལ་སྐྱེལ་རླངས་འཁོར་ཞིག་ཚེས་ཉི་ཤུའི་ཉིན་འགས་གཏོར་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་དྲུག་རྨས་ཕོག
ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཁཱ་ལཱ་ཅིའི་འགྲུལ་སྐྱེལ་རླངས་འཁོར་ས་ཚིགས་ཤིག་གི་སྒོ་ཁར་འགད་རྫས་སྦས་ཡོད་པ་དང་། འགྲུལ་སྐྱེལ་རླངས་འཁོར་ཞིག་སྒོ་ཆེན་བརྒྱུད་སྐབས་འགད་རྫས་གློ་བུར་དུ་འགས་གཏོར་བྱུང་ནས་ཉུང་མཐར་ཡང་མི་དྲུག་ལ་རྨས་ཕོག་པ་དང་། དེའི་ནང་མི་གསུམ་གྱི་རྨས་སྐྱོན་ཅུང་ཚབས་ཆེན་རེད་ཟེར།
བསྒྲགས་པ་ལྟར་ན། འགས་གཏོར་བྱུང་རྗེས་ཕཱ་ཁི་སི་ཐན་བདེ་འཇགས་དམག་དཔུང་དང་རྒུད་སྐྱོབ་མི་སྣ་མྱུར་མོར་ཡུལ་དངོས་སུ་འབྱོར་བ་རེད། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་ཁྲོད་བཀོལ་བའི་འགད་རྫས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ་གཅིག་ཙམ་ཡོད་པ་དང་། འགད་རྫས་གཏོར་ལེན་མི་སྣས་ཡུལ་དངོས་ནས་ལྕགས་རིལ་དང་རྣོ་དབལ་ལྡན་པའི་ལྕགས་ཆས་རྙེད་ཡོད་ཟེར།
མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད། །