གནས་རི་ལྷ་མཚོའི་ཕྱུག་འགྱུར་ལམ་བུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 10-22



གངས་རིན་པོ་ཆེ།
       “གླ་ཕོགས་རག་པས་ཧ་ཅང་དགའ་པོ་བྱུང་སོང་།  ད་ནི་ངས་རང་གི་བུ་ཕྲུག་ལ་གྱོན་པ་ཉོ་རྩིས་ཡོད།”ཅེས་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གངས་ས་གྲོང་ཚོའི་གྲོང་མི་ཚེ་རིང་དབང་འདུས་ཀྱིས་སྒོར་མོ་ལེན་ཞོར་དུ་དགའ་སྤྲོའི་ངང་དེ་སྐད་ཟེར། ཚེ་རིང་དབང་འདུས་ཀྱིས་ཡུལ་སྐོར་བ་ཁྲིད་དེ་གནས་སྐོར་དུ་ཕྱིན་ནས་ཕྱིར་ཡོང་མ་ཐག་ཡིན་པ་དང་། གླ་ཕོགས་སྒོར1800རག་ཡོད།
       གངས་ས་གྲོང་ཚོ་ནི་གངས་ཏི་སེ་རི་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བར་དུ་ཆགས་ཡོད་ཅིང་། གངས་རིན་པོ་ཆེའི་འདབས་རོལ་དུ་གནས་ཤིང་། མ་ཕམ་གཡུ་མཚོ་དང་ཉེ་སར་ཡོད་པས་སྐད་གྲགས་ཆོད་དེ་འཛམ་གླིང་རིམ་པའི་ཡུལ་སྐོར་བྱ་ཡུལ་དུ་ཆགས་ཤིང་། ལོ་རེར་དད་ལྡན་པ་དང་ཡུལ་སྐོར་བ་ཁྲི་ཕྲག་མང་པོ་གནས་རི་དང་ལྷ་མཚོར་གནས་སྐོར་ལ་ཡོང་གི་ཡོད་པ་རེད།
ཚེ་རིང་དབང་འདུས།
       དེ་གར་ས་བབ་མཐོ་ཚད་སྨི5000ཙམ་ཡོད་པའི་དབང་གིས་ཁོ་ཚོའི་རྡོག་ཁྲེས་དང་དངོས་རྫས་གཙོ་བོ་མི་དང་ཕྱུགས་རིགས་ལ་བརྟེན་ནས་དབོར་གྱིན་ཡོད། དུས་རབས་གོང་མའི་ལོ་རབས80པར། ས་གནས་དེ་གས་གོ་སྐབས་དེ་དམ་འཛིན་བྱས་ཏེ་མི་དང་ཁལ་གཡག  རྟ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་ཡུལ་སྐོར་བར་དབོར་འདྲེན་དང་ལམ་ཁྲིད་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད།
       1996ལོར་གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་རུ་ཁག་བཙུགས་པ་དང་། དེའི་སྔོན་ལ་གངས་ས་གྲོང་ཚོའི་མི་ནི་ས་གནས་དེ་གའི་འབྲོག་པ་ཁོ་ན་སྟེ། སྲོལ་རྒྱུན་གྱི་འབྲོག་པའི་འཚོ་བ་སྐྱེལ་བཞིན་ཡོད། དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས་མིག་སྔར་གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་རུ་ཁག་ལ་འཐུས་སྒོ་ཚང་བའི་ཞབས་ཞུའི་མ་ལག་ཆ་ཚང་ཞིག་ཆགས་ཡོད་པ་རེད། ས་གནས་དེ་གའི་གྲོང་མི་ཚོ་རྩྭ་ཐང་ནས་འཚོ་བ་སྐྱེལ་བའི་འབྲོག་པ་ནས་ཡུལ་སྐོར་ལས་རིགས་ལ་བརྟེན་ནས་འཚོ་བ་སྐྱེལ་བའི་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཡོད།
གནས་སྐོར་བ།
       2010ལོར། གངས་ས་གྲོང་ཚོས་གངས་རིན་པོ་ཆེའི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས“གངས་ས་གྲོང་ཚོའི་ཁལ་གཡག་སྐྱེལ་འདྲེན་ཡུལ་སྐོར་ཞབས་ཞུའི་ལྟེ་གནས”བཙུགས་ནས་སྒོ་བྱང་བཀལ་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བར་གནས་སྐོར་བྱེད་རིང་གི་མི་སྣ་སྐྱེལ་འདྲེན་དང་འགྲུལ་ཆས་དབོར་འདྲེན། དེ་བཞིན་ཞག་སྡོད་བཟའ་བཏུང་བཅས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་ཀྱི་ཡོད། མིག་སྔར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱིས་ལོ་རེར་ས་གནས་དེ་གའི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི2000ཡོང་གི་ཡོད།
       དེང་སྐབས། གངས་ས་གྲོང་ཚོར་ལོ་རེར་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སུ་ཁལ་གཡག་རུ་ཁག་གི་དགུན་དུས་ཕྱི་སྐད་གསོ་སྦྱོང་འཛིན་གྲྭ་དང་ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུའི་འཛིན་གྲྭ་བཙུགས་པ་མ་ཟད། དུས་ཚད་ལྟར་རུ་མི་སྒྲིག་འཛུགས་ཀྱིས“གནས་རིའི”འཕྲོད་བསྟེན་གཙང་སེལ་བྱེད་སྒོའི་ནང་ཞུགས་པ་རེད། འབྲོག་པ་རང་ཉིད་ཀྱིས་བཙུགས་པའི་ཁལ་གཡག་སྐྱེལ་འདྲེན་ཞབས་ཞུའི་རུ་ཁག་དེས་རང་ཉིད་ཀྱི་གདོད་མའི་སྣོད་བཅུད་དང་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་བརྒྱུད་རང་ཉིད་ལ་དབང་བའི་ཁྱད་ལྡན་ཡུལ་སྐོར་ལས་རིགས་རྒྱ་སྐྱེད་བཏང་ཡོད།
       ཁལ་གཡག་སྐྱེལ་འདྲེན་རུ་ཁག་རྟེན་གཞིར་བྱས་ཏེ་བོད་ལྗོངས་མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་བར་ག་ཤང་གིས་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་བཏང་ཞིང་། མིག་སྔར་ཤང་ཡོངས་སུ་ཐོ་འགོད་གཉེར་སྐྱོང་ལ་ཁྲིད་སྟོན་དང་ཚད་ལྡན་བྱས་པའི་མཉམ་སྡེབ་མཉམ་ལས་ཁང13ཡོད་ཅིང་། 2019ལོར་ཆེད་ལས་མཉམ་ལས་ཁང་གི་མཉམ་སྡེབ་དཔལ་འབྱོར་གྱི་སྤྱིའི་རྒྱུ་ནོར་སྒོར་ཁྲི7000ལྷག་ཙམ་ཟིན་ཡོད་ལ། དེའི་ནང་ཞུགས་མཁན་མང་ཚོགས1717ཡོད་པ་དང2019ལོར་ཡོང་འབབ་སྒོར་ཁྲི3826ཟིན་ཡོད། དེའི་ནང་གངས་ས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས8ཀྱི་ལོའི་ཡོང་འབབ་སྒོར་ཁྲི་2500ལྷག་ཙམ་ཟིན་ཡོད་པ་རེད།
       གངས་ས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་འཇིགས་མེད་རྡོ་རྗེས་ཕྱིན་ཆད“སྟོབས་ལྡན་གྱིས་ཉམས་ཞན་ལ་རོགས་སྐྱོར་”དང་། “གནས་གཅིག་གིས་ཁྱོན་ཡོངས་སྐུལ་ཁྲིད་”བྱེད་པའི་ཐབས་ཤེས་སྤྱད་དེ་དྲང་སྙོམས་ཀྱི་ལས་ཆོད་ལ་ལྟ་རྟོག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག དམངས་ཕྱུག་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་རྨང་གཞིར་བྱེད་པ་དང་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་རྒྱུ་འདེགས་སྐྱོར་དུ་བྱས་ཏེ་གྲོང་མིས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས་ཟེར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1