ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ཉི་ཤུ་ཉིན་གྱི་སྔ་དྲོ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་ལ་མིང་འདོགས་པ་དང་གཉིས་བཀུར་དཔེ་བཟང་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་པེ་ཅིང་དུ་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཞུགས་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཁོང་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་མཛད་པ་དང་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་དང་། གཉིས་བཀུར་དཔེ་བཟང་ལས་ཁུངས་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མཇལ་འཕྲད་ལ་ཞུགས་པ་དང་འབྲེལ་ཏེ་གཟེངས་བསྟོད་ཚོགས་ཆེན་སྟེང་ནས་གསུང་བཤད་གལ་ཆེན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་མཇལ་འཕྲད་ལ་ཞུགས།
ལིས་ཁི་ཆང་གིས་གསུང་བཤད་གནང་སྐབས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ། མིང་བཏགས་པའི་ས་གནས་དང་གཟེངས་བསྟོད་ཐོབ་པའི་ལས་ཁུངས་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་ཏེ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དཔོན་དམག དམངས་དམག་གྲ་སྒྲིག་དམག་མི། དམག་དཔུང་གི་ལས་བཟོ་བ། སྔོན་གཤེགས་དཔའ་བོའི་ཁྱིམ་མི་དང་དབང་པོ་སྐྱོན་ཅན་གྱི་དམག་མི། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི། དམག་དཔུང་གི་ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ། གཉིས་བཀུར་ལས་དོན་འཐབ་ཕྱོགས་སྟེང་གི་བློ་མཐུན་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་འཚམས་འདྲི་ཞུས་པར་མ་ཟད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བའི་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།
ལིས་ཁི་ཆང་གིས་གསུངས་རྒྱུར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དམག་དཔུང་འཛུགས་སྐྲུན་དང་བཅོས་སྒྱུར་ལ་རྒྱབ་སྐྱོར་དང་ཞབས་ཞུ་འགན་སྲུང་གང་ལེགས་བྱས་ནས། གཟིགས་སྐྱོང་བཀོད་སྒྲིག་འགན་སྲུང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་བར་བརྟེན། དམག་དཔུང་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཧུར་ཐག་གིས་རོགས་སྐྱོར་བྱས་ནས། རང་བྱུང་གནོད་འཚེ་ཚབས་ཆེན་གྱི་ཉེན་སེལ་རོགས་སྐྱོབ་དང་གློ་བུར་དུ་བྱུང་བའི་དོན་རྐྱེན་ལ་ཁ་གཏད་འཇལ་བའི་ནང་ཞུགས་སྐབས་གདོང་ལེན་པ་བྱས་ཡོད། ད་ལོའི་རིམས་ནད་ཀྱི་མདུན། མི་དམངས་བུ་སྤུན་དམག་གིས་བཀའ་ལ་ཉན་ནས་བྱ་སྤྱོད་སྤེལ་བ་དང་། དྲག་པའི་གཡུལ་འཐབ་བྱེད་ཕོད་པ་དང་། རྒྱ་ཆེའི་དམག་དམངས་ཀྱིས་ལག་གདང་དཔུང་སྦྲེལ་དང་སེམས་མཐུན་གྱི་སྒོ་ནས་དཀའ་ངལ་མཉམ་སེལ་བྱས་མཐར། རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འཐབ་ཇུས་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས། དམག་སྲིད་དང་དམག་དམངས་མཐུན་སྒྲིལ་གྱི་སྟོབས་ཤུགས་ཆེན་པོ་མངོན་པར་བྱས་ཡོད་ཟེར།
ལིས་ཁི་ཆང་གིས་བསྟན་དོན། ས་གནས་དང་སྡེ་ཁག་སོ་སོས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་དང་མཁོ་སྒྲུབ་མཁོ་འདོན་སོགས་ཀྱི་འགན་སྲུང་ལས་དོན་ཡག་པོ་སྒྲུབ་ནས། མཐའ་མཚམས་མཚོ་གླིང་དུ་བཅའ་སྡོད་བྱེད་པའི་དམག་དཔུང་གི་དཔོན་དམག་གི་ལས་སྒྲུབ་དང་འཚོ་བའི་ཆ་རྐྱེན་བཅས་ཇེ་ལེགས་སུ་གཏོང་རོགས་བྱེད་དགོས། སྔར་སྲོལ་བཞིན་དམག་མི་དང་ནང་མིར་སེམས་ཁྲལ་དང་དཀའ་ངལ་སེལ་རོགས་བྱས་ཏེ། རྒྱ་ཆེའི་དཔོན་དམག་ཚོས་ཁྱིམ་མི་ལ་སེམས་ཁྲལ་བྱེད་མི་དགོས་པ་དང་། ཁྱིམ་དོན་ལ་སེམས་ཁྲལ་བྱེད་མི་དགོས་པ། མི་རབས་རྗེས་མར་སེམས་ཁྲལ་བྱེད་མི་དགོས་པ་བཅས་བྱེད་དགོས། ད་ལོའི་ལས་ཞུགས་བརྟན་པོ་ཡོང་བར་བྱ་རྒྱུ་དེ་སྔར་ལས་མངོན་གསལ་གྱིས་དཀའ་བས། ལས་འཁྱུར་ངལ་གསོ་བྱས་ཟིན་པའི་དམག་མིར་དེ་བས་གནད་སྨིན་དང་དུས་ཐོག་གི་ལས་ཞུགས་ལས་སྐྲུན་ཞབས་ཞུ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཏེ། ཁོང་ཚོར་ལས་ཞུགས་བྱེད་ས་ཡོད་པ་དང་ལས་སྐྲུན་ལ་རོགས་སྐྱོར་ཡོད་པ། ལས་ཤོར་ལ་རོགས་སྐྱོར་ཡོད་པ་བཅས་ཀྱི་འགན་ལེན་བྱེད་དགོས། ཆ་རྐྱེན་འཛོམས་པའི་དམག་དཔུང་གི་ཁྱིམ་མི་ཚང་མ་བཀོད་སྒྲིག་འོས་འཚམ་ཡོང་བའི་འགན་ལེན་བྱེད་དགོས། དམག་མིའི་བུ་ཕྲུག་ཐག་ཉེ་སར་སློབ་གྲྭར་ཞུགས་པ་དང་སློབ་གྲྭ་བརྗེ་བ། འབྲིང་རིམ་མཐོ་རྒྱུགས་ཀྱི་གཟིགས་སྐྱོང་ལ་ཞུགས་པ་སོགས་ཀྱི་སྲིད་ཇུས་དོན་འཁྱོལ་བྱེད་དགོས། དམག་མི་དང་དེའི་ཁྱིམ་མི་རྣམས་བློ་བདེ་པོ་ཡོང་བར་བྱེད་དགོས། དུས་མཚུངས་སུ་དམག་དཔུང་གིས་བཟང་ཆ་འདོན་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་ཧུར་ཐག་སྒོས་ཞུགས་པར་རྒྱབ་སྐྱོར་བྱེད་དགོས། གཟིགས་སྐྱོང་བཀོད་སྒྲིག་སོགས་ནོར་སྲིད་ཀྱི་གཏོང་སྒོར་འགན་སྲུང་བྱས་ནས། གཉིས་བཀུར་དཔེ་བཟང་བསྐྲུན་པའི་བྱེད་སྒོ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས། གཞི་རིམ་གྱི་གཉིས་བཀུར་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས། གཉིས་བཀུར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན་དགོས་ཟེར།
ཚོགས་ཆེན་སྟེང་དུ། རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་བཞི་བརྒྱ་བཅུ་གཅིག་ལ་མིང་བཏགས་པར་མ་ཟད། རྒྱལ་ཡོངས་ཀྱི་རྒྱལ་གཅེས་དམག་བཀུར་གྱི་དཔེ་བཟང་ལས་ཁུངས་དང་སྲིད་བཀུར་དམངས་གཅེས་ཀྱི་དཔེ་བཟང་ལས་ཁུངས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཆོད་དོན་དང་། རྒྱལ་ཡོངས་ཀྱི་རྒྱལ་གཅེས་དམག་བཀུར་དཔེ་བཟང་དང་སྲིད་བཀུར་དམངས་གཅེས་དཔེ་བཟང་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས་པ་ལས་གཞན། མཚན་བཟང་དང་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་དང་རྫོང་དང་། གཉིས་བཀུར་དཔེ་བཟང་ལས་ཁུངས་དང་མི་སྒེར་གྱི་འཐུས་མིར་བྱ་དགའ་སྤྲད། འབྲེལ་ཡོད་དམག་དཔུང་དང་ས་གནས་ཀྱི་འཐུས་མིས་ཚོགས་ཐོག་ནས་གཏམ་བཤད།
ཏིང་ཞུའེ་ཞང་མཇལ་འཕྲད་ལ་ཞུགས་པ་དང་། སུན་ཁྲུན་ལན་མཇལ་འཕྲད་ལ་ཞུགས་ཏེ་ཚོགས་ཆེན་ལ་འགོ་འཛིན་བྱས། །